བོད་ཡིག་གི་གློག་རྡུལ་ཚིག་མཛོད་ཐོན་འདུག

བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩིས་འཁོར་སྡེ་ཚན་གྱི་དགེ་རྒན་ཨ་མདོ་བློ་བཟང་ལགས་ཀྱིས། བོད་ཡིག་གི་གློག་རྡུལ་ཚིག་མཛོད་དང་པོ་དེ་བཏོན་ཐུབ་འདུག དེ་ནི་ཁོང་གིས་ལོ་མང་དཀའ་ངལ་ཁྱད་གསོད་དང་། བརྩོན་འགྲུས་དང་སྙིང་རུས་བག་ལ་བརྟེན་ནས། བསྒྲུབ་བྱ་བོད་ཕྲུག་ཚོས་འབྱུང་འགྱུར་བོད་རྒྱ་དབྱིན་གསུམ་གྱི་གློག་ཆས་ཚིག་མཛོད་ཆུང་ཆུང་ཞིག་ཁུག་མའི་ནང་ཁྱེར་ཐུབ་པའི་དམིགས་ཡུལ་བཅངས་ནས། བོད་དང་། རྒྱ་ནག དེ་བཞིན་ཨ་རི་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་གི་ལས་ཀ་ཡུན་རིང་སྒྲུབ་པའི་འབྲས་བུ་ཞིག་རེད་འདུག
གློག་རྡུལ་ཚིག་མཛོད་དེར། ”བོད་རྒྱ་དབྱིན་གློག་རྡུལ་ཚིག་མཛོད།”ཅེས་མིང་བཏགས་ཤིང་། མི་ཚང་མས་བློ་བཟང་ཚིག་མཛོད་ཅེས་ཀྱང་ཟེར། དེ་ནི་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སི་ནས་འགྲེམས་ཚོང་བྱེད་ཀྱི་ཡོད་འདུག ཚིག་མཛོད་འདིའི་ནང་། དུང་དཀར་ཚིག་མཛོད་དང་། བོད་རྒྱ་ཚིག་མཛོད་ཆེན་མོ། བོད་དབྱིན་ཚིག་མཛོད། དེ་བཞིན་བོད་རྒྱ་ཚིག་མཛོད། ད་དུང་བོད་རྒྱ་དབྱིན་གསུམ་སོགས་ཀྱི་ཚིག་མཛོད་སུམ་བཅུ་ལྷག་ཙམ་དང་། དེ་བཞིན་རྩིས་འཁོར་དང་། ལོ་ཐོ། རོལ་རྩེད་སོགས་ཀྱི་བཀོལ་ཆས་མང་པོ་བཅུག་འདུག
ཚིག་མཛོད་དེར་ཧི་མ་ལ་ཡའི་ཡིག་གཟུགས་དང་ཐེབ་གཞོང་བཀོལ་ཡོད་པ་མ་ཟད། ད་དུང་བོད་རྒྱ་དབྱིན་གསུམ་གྱི་སྒྲ་གདངས་ཀྱི་སྐད་ཡང་བཅུག་འདུག
ཚིག་མཛོད་དེར་མི་དམངས་ཤོག་སྒོར་༡༢༠༠ཐོབ་ཀྱི་ཡོད་པ་དང་། ལྷ་ས། ཁྲེན་ཏུ། དེ་བཞིན་ཟི་ལིང་སོགས་ནས་ཉོ་ཐུབ་ཀྱི་འདུག
ཕ་ཡུལ་ཨ་མདོ་ནས་ཡིན་པའི་དགེ་རྒན་བློ་བཟང་ལགས་ནི། དེ་སྔོན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལས་ཐོན་པ་དང་། རྗེས་སུ། ཀུན་ཕན་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་ནས་ ཝ་ཇིན་ནི་ཡའི་བྱང་ཕྱོགས་སློབ་གྲྭ་ཆེན་མོ་ཐོན་ནས།(University of Northern Virginia) རྩིས་འཁོར་རིག་པའི་ཞིབ་འཇུག་སློབ་མའི་ལག་ཁྱེར་ཐོབ་འདུག
ཁོང་གི་ཚིག་མཛོད་སྐོར་ལ་མང་ཙམ་མཁྱེན་འདོད་ཡོད་ན། ཁོང་གི་དྲ་རྒྱ།
http://luozang.com/index.html ལ་གཟིགས་རོགས།