ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༨ པ་ཡས་མས་ཙམ་ལ། རེབ་གོང་མགོན་ཤུལ་དམེ་སྐོར་ནས་ཡིན་པའི་བུ་མོ་པཎ་ཆེན་སྐྱིད་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ཁོ་མོ་ནི་ལོ་ ༡༦ དང་། རེབ་གོང་རྩེ་ཁོག་རྫོང་དམའ་འབྲིང་གཉིས་པའི་ལོ་རིམ་གཉིས་པའི་སློབ་མ་ཡིན་འདུག ཁོང་མོས་ད་ཐེངས་སློབ་གྲྭས་གུང་གསེང་ཉིན་ལྔར་བཏང་ཡོད་པའི་སྐབས་དང་བསྟུན། ཡུལ་ལ་སོང་སྟེ་རང་ལུས་མེར་བསྲེགས་གནང་འདུག མེར་བསྲེགས་སྐབས། ༼རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་མི་མང་ཁྲི་ལོར་ཤོག༽་ཅེས་སྐད་འབོད་གནང་འདུག
ཞིས་ཅིན་ཕིན་ལ་རེ་སྐུལ་དོན་ཚན ༡༡ ཅན་གྱི་སྙན་ཞུ་ཞིག་ཕུལ་འདུག
ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོའི་སྟེང་གྲོས་འཆམ་བྱུང་བའི་ཞིས་ཅིན་ཕིན་ལ་རང་སྲེག་སྐོར་ཕུལ་བའི་ཞུ་སྙན་དེ་རིང་ཡོངས་བསྒྲགས་གནང་འདུག དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོས་ནོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐོང་གི་ཉིན་མོར་དབུས་སྒྲིག་འཛུགས་ནས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་རྒྱུར་འབོད་སྐུལ་གནང་བའི་ཉིན་མོ་དང་བསྟུན་ནས། ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོའི་སྟེང་སྤྱི་མོས་གྲོས་འཆམ་བྱུང་བའི་རྒྱ་ནག་གཞུང་གི་དབུ་ཁྲིད་ཞིས་ཅིན་ཕིན་ལགས་ལ་ཕུལ་བའི་སྙན་ཞུ་རེ་སྐུལ་དོན་ཚན ༡༡ དེ་བོད་རྒྱ་ཨིན་གསུམ་ཐོག་ཡོངས་བསྒྲགས་གནང་བ་རེད། དེ་ཡང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་དང་རང་སྲེག་བསྟུད་མར་འབྱུང་སའི་ས་གནས་དཔོན་རིགས་ཁག རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་ལ་འབུལ་ལམ་ཞུས་འདུག་པ་དང། དེ་བཞིན་ཐའེ་ཝན་སྲིད་འཛིན་མ་ཡུན་ཅིག་གི་ལས་ཁུངས་གཙོས་ཕྱི་སྡོད་རྒྱ་རིགས་སྤྱི་ཚོགས་ཁྲོད་དང་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་སོགས། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་འདྲ་མིན་བཅས་ཁྱོན་གྲངས ༢༠༠ ལྷག་ལ་སྙན་ཞུའི་ངོ་བཤུས་ཀྱང་འབུལ་ལམ་ཞུས་འདུག།།





