ན་ཟུག
དྲིན་ཆེན་མ་ལོའི་གདོང་གི་རྒས་གཉེར་ལོ་རེ་བཞིན་དུ་ཇེ་མང་དང་།། མགོ་ཡི་ལན་བུ་ཐར་ཐོར་གསེབ་ན་གང་སར་ཁ་བ་བབས་པ་འདྲ།། ཚར་དུ་དངར་བའི་དུང་སོའི་ཁྲོད་དུ་རེ་འགའ་ལྷུངས་བ་མཐོང་ཐེངས་རེར།། ཐ་སྙད་གང་གིས་བརྗོད་ཐབས་བྲལ་ཞིང་ཚོར་བའི་ན་ཟུག་སྙིང་ལ་གཟན།། བརྙན་གྱི་ལམ་ནས་མཐོང་ཐེངས་རེ་རེར་ཨ་མས་ཁ་གཡང་སྨོན་འདུན་ཁྲོད།། མ་བུ་ལྷན་འཛོམས་སྐྱིད་པའི་ཉི་མ་ནམ་ཞིག་ཤར་ཞེས་སྨོན་པ་དེར།། རེ་ཞིང་སྒུག་ནས་ལོ་མང་ཕྱིན་ཀྱང་ད་དུང་དེ་དང་དེ་བཞིན་ཏེ།། ལས་དབང་གཅིག་པའི་རྒྱང་བཞུད་སྤུན་ཟླའི་ཚོར་བ་གཅིག་མཚུངས་ཡིན་ནམ་སྙམ།། བཤད་མི་ཚར་བའི་གླེང་མོལ་ཁྲོད་དུ་མ་བུ་ངེད་གཉིས་སྐྱིད་སྣང་ཞིག ། སྐད་ཆ་བཤད་མཚམས་འཇོག་ལ་ཁད་དེར་ཨ་མས་ཁ་པར་འཆར་ངོས་སུ།། བརྩེ་བའི་འོ་ཞིག་བྱེད་ཐེངས་རེ་རེར་འགོག་མེད་མིག་ཆུ་སེམས་སུ་བཞུར།། ཨ་མའི་མིག་ལ་ང་ནི་སྔར་ལྟར་ད་དུང་བྱིས་པ་ཞིག་དང་མཚུངས།། ལས་ཀྱི་ཤུགས་རླུང་བཙན་པོ་ཞིག་གིས་རྒྱང་དུ་དེད་པའི་འཁྱམ་པོ་ངས།། དགའ་སྡུག་འདྲེས་མའི་དྲན་གདུང་རི་མོ་མ་གསང་སྨྱུ་གུའི་རྩེ་ནས་ལུད།།…