Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སང་ཉིན་གྱི་ལས་འགུལ་དེར་རྒྱབ་སྐྱོར་མེད།

Posted on 2012-02-08 By ཁ་བརྡ་ 32 Comments on སང་ཉིན་གྱི་ལས་འགུལ་དེར་རྒྱབ་སྐྱོར་མེད།

བོད། ལྷ་ཀླུ་གཉན་གསུམ།

༢།༨བྱེས་བཅར་བཀའ་བློན་ཁྲི་བ་མཆོག་གི་གཙོ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཀྱིས། ༢།༨ལས་འགུལ་ཞེས་ཟླ་ངོ་གཅིག་མ་འདས་ཙམ་གྱི་སྔོན་དེར་བསྒྲགས་པ་རེད། སང་ཉིན་ནི་ཉི་མ་དེར་སླེབས་ཡོད། དེ་ཡང་ལས་འགུལ་སྤེལ་སྟངས་ལ་དངོས་ནས་རྒྱབ་སྐྱོར་ཞུ་ཐུབ་ཀྱི་མི་འདུག་ལ། ལས་འགུལ་གྱི་དུས་ཡུན་དངོས་ནས་དེ་འདྲའི་ཐུང་ཐུང་ཞིག་ལས་མི་འདུག ལྷག་དོན་དུ་སྲིད་སྐྱོང་བའི་མིང་འཛིན་པའི་སྐྱ་བོ་ཞིག་གིས་ཀྱང་མི་མང་ལ་བྱང་ཆུབ་སེམས་མཆོག་དང་མཆོད་འབུལ་བྱེད་པར་སྐུལ་ལྕགས་བྱེད་པའི་ལུགས་སྲོལ་འདི་ནི་མི་རིགས་ཤིག་གི་འཐབ་རྩོད་དང་། ད་ལྟ་བོད་ནང་གི་རང་ལུས་མེ་བསྲེག་གི་ལས་འགུལ་ཁྲོད་འདས་པའི་སྤུན་ཟླ་དག་གི་མགྲིན་ཚབ་ཙམ་ཡང་མཚོན་མི་ཐུབ་ལ། ཁོང་ཚོས་རེ་འབོད་ཙམ་ཡང་འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱི་རྣ་ལམ་དུ་བསྐྱེལ་མི་ཐུབ། དེ་ལྟར་མ་ཐུབ་པ་དེས་བོད་དོན་ལ་ལས་འགུལ་སྤེལ་བའི་སེམས་ཤུགས་ཀྱི་མེ་ལྕེ་ཡང་སྤར་མི་ཐུབ་པ་ཡིན།

ལྷག་པར་དུ་དུས་ཡུན་དེ་འདྲའི་ཐུང་ཐུང་ཞིག་གི་ནང་དུ། མི་རིགས་ཤིག་གི་ཤི་གསོན་ཁྲོད་དུ་གནས་པའི་གཞིས་ལུས་བོད་མིའི་མེ་མདའི་འོག་གི་མི་ཚེ་ལ་གཏན་ནས་འགྱུར་བ་འགྲོ་ཐུབ་མེད། བྱེས་ཀྱི་སྲིད་སྐྱོང་བའི་དབུ་ཁྲིད་ནས་མི་རིགས་ཤིག་གཉིད་ལས་སློང་དགོས་པ་ལས། མི་རིགས་ཤིག་མུ་མཐུད་དུ་གཉིད་དུ་གཡུར་བའི་ལམ་ཁར་གཏན་ནས་འདེད་མི་རུང་བ་ཡིན། མི་རིགས་ཤིག་གི་འཐབ་རྩོད་ལས་རྒྱལ་དགོས་ན། སྨོན་ལམ་འདེབས་པ་དང་སྐྱབས་འཇུག་ཞུས་པ་དེ་ཙམ་གྱིས་འགྲུབ་མྱོང་བའི་ལོ་རྒྱུས། ད་ལྟའི་བར་དུ་རང་དབང་ཤོར་མྱོང་བའི་ང་ཚོ་གནས་བཅའ་སའི་རྒྱ་གར་གྱིས་ཀྱང་བྱས་མེད་ལ། རྒྱལ་ཁབ་གཞན་དག་གི་ལོ་རྒྱུས་ཁྲོད་དུའང་བྱུང་མྱོང་མེད། དབུས་བོད་མིའི་སྲིད་སྐྱོང་བས་དངོས་ནས་ཁ་ཞེ་གཉིས་མེད་ཀྱི་མི་རབས་གསར་བའི་དབུ་ཁྲིད་ཀྱི་སྤོབས་པ་ཡོད་པའི་སྒོ་ནས་ལས་འགུལ་ཞིག་སྤེལ་ཐུབ་པར་འབོད་སྐུལ་ཞུ་རྒྱུ་ཡིན།

སང་ཉིན་གྱི་ལས་འགུལ་འདི་འདྲ་ནི། ཕྱིས་སུ་སྲིད་སྐྱོང་བ་ཞིག་གི་མིང་ཐོག་ནས་མ་སྤེལ་རོགས། ང་ཚོ་ལ་མི་རིགས་ཤིག་སྐྱོབས་པའི་ལས་འགུལ་ཞིག་དགོས་པ་ལས། མཆོད་འབུལ་རེ་བྱས། སྨོན་ལམ་འདྲ་བཏོན། མར་མེ་ཁྲོམ་སྐོར་རེ་བྱས། དེ་འདྲ་ནི་དངོས་ནས་དགོད་ཤོར་བའི་འཐབ་རྩོད་རེད། ལྷག་དོན་དུ་བོད་མི་ཞིག་ལ་བོད་ལྭ་གྱོན་ནས་ལས་འགུལ་སྤེལ་རོགས། ཁ་རས་ནག་པོ་གྱོན་རོགས་ཟེར། ཁ་རས་ནག་པོ་གྱོན་པ་དེ་ཡི་གང་ཞིག་མཚོན་གྱི་ཡོད་དམ། གཞིས་ལུས་མི་ནང་གི་སྡུག་བསྔལ་མཚོན་གྱི་ཡོད་དམ། གཞིས་ལུས་མི་མང་གི་མནར་གཅོད་མཚོན་གྱི་ཡོད་དམ། དེ་མིན་ན་བཞུད་མ་ཐག་པའི་མེ་ལྕེ་ཡི་ཁྲོད་ཀྱི་སྤུན་ཟླ་དག་གི་འབོད་སྐུལ་མཚོན་གྱི་ཡོད་དམ། ང་ཚོ་ལ་རང་ས་དགོས་ཟེར་ནས་སྐྱབས་བཅོལ་དུ་སྤྱི་ལོ་ང་དགུ་ནས་ཡོང་བ་མ་གཏོགས། གཞན་གང་ཡང་མིན་པ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་ཕྱིར་བལྟས་ཤིག་བྱོས་དང་། སྲིད་སྐྱོང་བ་གཙོ་བའི་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཁུར་བ་ཚོ་ལགས། དོན་དངོས་སུ། ངས་ཞུ་འདོད་པ་ནི། སྲིད་སྐྱོང་བ་ཞིག་གིས་ལས་འགུལ་དེ་ཙམ་ཞིག་ལ་འབོད་སྐུལ་བྱས་པ་དང་ལས་འགུལ་དེ་འདྲ་ཞིག་སྐུལ་ལྕགས་བྱས་པ་དེར་སེམས་ཕམ་ནས་བསྡད་ཡོད།

ང་ཚོའི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་ཁོང་གིས་སྲིད་ལ་སྲིད་ཀྱི་བདག་པོ་ཞིག་གནང་ཡོད་པ་དེ་ལའང་དོན་དག་ཞིག་ཡོད་པ་རེད། དེ་དོན་ཐུགས་སུ་ངེས་པར་གྱིས་ཤིག སྲིད་སྐྱོང་བ། མི་རབས་གསར་བའི་སྲིད་སྐྱོང་བ་ལགས། གཞིས་ལུས་བོད་མིའི་ཁ་ལག་གི་ཚབ་བྱེད་མ་ཐུབ་པའི་ཉིན་མོ་དེར། བྱེས་བོད་མིའི་སྒྲིག་འཛུགས་ཟེར་བ་ཞིག་གཏན་ནས་དགོས་དོན་མེད་ལ། ཁ་བཏོན་བྱེད་མཁན་དང་མཆོད་མེ་སྒྲོན་ནས་བསྡོད་མཁན་གྱི་སྲིད་སྐྱོང་བ་ཞིག་བོད་མི་རིགས་ཀྱི་ད་ལྟའི་ཉེག་ཕྲ་བའི་གནས་སྐབས་འདི་ལ་གཏན་ནས་དགོས་འཁོ་མེད་པ་ཡིན། ང་ཚོ་ལ་ལས་འགུལ་དགོས་ཀྱང་། སང་ཉིན་གྱི་ལས་འགུལ་དེ་འདྲ་དངོས་ནས་མི་དགོས་ཀི ལས་འགུལ་གྱི་ངོ་བོ་ལ་འགྱུར་བ་མ་སོང་ཚེ། གཞིས་ལུས་བོད་མིའི་མགོ་ཐོག་གི་མེ་མདའ། རྒྱ་ནག་སྲིད་གཞུང་གིས་དམག་མི་དེ་དག་གིས་ཕྱིར་བསྡུ་མི་བྱེད་པ་སེམས་ལ་འཛིན་པར་ཞུ།

སྣ་ཚོགས།

Post navigation

Previous Post: བོད་ནང་གི་མེ་ལྕེ་དེ་དག་མུ་མཐུད་ནས་འབར་དགོས།
Next Post: རྩོམ་བརྡ།

Comments (32) on “སང་ཉིན་གྱི་ལས་འགུལ་དེར་རྒྱབ་སྐྱོར་མེད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-02-08 at 6:35 am

    མདང་ཁྱེད་ཀྱིས། སང་ཉིན་གྱི་ལས་འགུལ་དེར་རྒྱབ་སྐྱོར་མེད། གསུངས་འདུག་ཀྱང་། འདི་རིང་ངས་ལས་འགུལ་ནང་ལ་བཞུགས་ནས་བསྡད་ཡོད་པས། ཁྱེད་ཀྱིས་ཀྱང་་་་་་ ཧ་ཧ་ཀུ་རེ་སྦྲགས།

  2. རྣོ་ཐོ། says:
    2012-02-08 at 7:28 am

    ངས་ཀྱང་བསམ་ཚུལ་ཞིག་གླེང་ན་འདོད། ཕྱི་ཡུལ་དུ་མི་མང་གི་སྒང་ནས་ཡིན་མདོག་འཇོན་མདོག་གིས་མར་འཁོར་མཁན་སྐབས་འཚོལ་ཤོམ་སྟོན་པ་ཚོས་སེམས་ལ་ཤར་ཚུལ་གྱིས། ལུགས་མེད་ལུགས་སྲོལ་ཞིག་བཏོད་ནས་ཕྲུ་གུའི་རྩེད་མོ་རྩེས་པ་ལྟ་བུའི་ལས་འགུལ་རེ་སྤེལ་བའི་བཟོ་འདིར། མི་རིགས་སུས་བལྟས་ན་དགོད་བྲོ་བ་ཞིག་ཡིན་རྒྱུ་རེད། རྒྱ་རྒན་ཚོས་ཀྱང་འདི་ནི་བཙན་བྱོལ་བ་ཚོའི་རྒྱུན་ལྡན་གྱི་འཁྲབ་སྟངས་བདེ་བོ་དེ་རེད་བསམ་སྟེ། ཁ་སྣ་ལག་པས་ཟུམ་ནས་ཁོང་དགོད་རེ་བྱས་ཡོད་སྲིད། རང་ལུས་མེ་སྲོག་གཏོང་མཁན་དཔའ་བོ་དཔའ་མོ་ཚོས་ཀྱང་གཞུག་ལ་ཁ་རས་ནག་པོ་གྱོན་ནས་མཆོད་འབུལ་རེ་ཨེ་བྱེད་བསམ་ནས་རང་ལུས་མེར་བསྲེག་བཏང་ཡོད་ནི་མ་རེད། བོད་མི་རིགས་ཀྱི་བདེན་དོན་སེལ་བའི་ཆེད་གཞིས་བྱེས་བོད་མི་རྣམས་ཀྱིས་ལྷག་བསམ་དག་པས་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་རེ་སྟོབས་ཤུགས་ཀྱིས་སྤེལ་ཐུབ་པའི་ངར་ཤུགས་ཤིག་སྦྱིན་པ་བཅས་ལ་དགོངས་ནས་རང་ལུས་མེ་རུ་སྦར་གྱིན་ཡོད་པ་ཤེས་པར་འཚལ།
    གཞན་ཁ་རས་ནག་པོ་གྱོན་པ་འདི་ནི་ཁྱོད་ཚོས་མྱ་ངན་བྱེད་པ་ཞིག་གི་ཚུལ་དུ་བཟུང་ཡོད་ནའང་། ཕྱིའི་ཚུགས་བཟོ་ལ་བལྟས་ནས་ངན་འདོགས་བྱེད་མཁན་རྒྱ་ནག་ལྟ་བུ་ལ་མཚོན་ན་རྣམ་པ་འདི་བརྙན་འཕྲིན་དང་པར་རིས་བཅས་སུ་བསྒྲགས་སྤེལ་གྱིས་འཇིགས་སྐུལ་བའི་གཤིས་སྤྱོད་ཚུགས་བཟོ་ཞིག་ཡིན་པའི་ངན་འདོགས་མི་བྱེད་པའི་ངེས་པ་མེད་པར་འདོད། དེའི་ཕྱིར་སྐྲག་མི་དགོས་ས་ནས་སྐབས་འཚོལ་གྱི་གཤིས་སྤྱོད་བཟུང་སྟེ་ཤོམ་སྟོན་ལྟ་བུའི་སྒོ་ནས་མི་མང་ལ་བཀའ་སྐུལ་གྱིས་ལས་འགུལ་སྤེལ་བསྒྲགས་བྱེད་མཁན་ཚོར་བཤད་རྒྱུར། ང་ཚོ་བོད་མི་རིགས་ཀྱི་འཐབ་རྩོད་ནི་གོང་ས་མཆོག་གི་བཀའ་དགོངས་བཞིན་ཞི་བདེ་དང་དྲང་བདེན་འཚེ་མེད་ཞི་བའི་ཐབས་ལམ་དུ་གོམ་པ་སྤོས་ཏེ་བསྐྱོད་དགོས་ཀྱི་ཡོད་པས་ན།ཁྱོད་ཚོས་སྣེ་ཁྲིད་དེ་ལས་འགུལ་ཅི་ཞིག་སྤེལ་ན་ཕྱིའི་རྣམ་པ་དང་དམིགས་ཡུལ་བཅས་ལས་འགུལ་གྱི་ངོ་བོའི་ཕྱོགས་ཡོངས་ལ་བསམ་བློ་གཏོང་ཤེས་བྱ་དགོས་རྒྱུ་དེ་ཡང་གལ་ཆེན་རེད་ཟེར་ནས་བཤད་ན་འདོད།

  3. ཆབ་བྲག་ལྷ་མོ་སྐྱབས། says:
    2012-02-08 at 11:02 am

    དེ་རིང་གི་ང་ཚོའི་འབོད་ཚིག་ཏུ་ཕུལ་བ།
    བོད་མིས་ཅིའི་ཕྱིར་རང་ལུས་སྲེག་གིན་ཡོད། ཝེ། གུང་ཁྲན་ཏང།
    སྐུ་གཤེགས་དཔའ་བོ་རྣམ་པར་མྱ་ངན་གུས་འདུད་ཞུ།
    དགོན་སྡེ་དམག་གིས་སྐོར་དོན་ཅི། སུ་ལ་ཞེད་ཀྱི་འདུག
    ཕྱི་གླིང་བའི་གསར་འགོད་པ་བོད་གཏོང་མི་ཕོད་པ་ཅི།
    ཏཱ་ལའི་བླ་མར་ཅི་ཙམ་སྡིགས་ན་བོད་མིའི་སེམས་ལ་དེ་ཙམ་གནོད
    བོད་དགའ་བར་འཇུག་ན་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་བྱོས།
    མི་རིགས་ཁག་ལ་རང་སྐྱོང་གཙང་མ་དགོས།
    ཀྲུང་གོ་མི་དམངས་ལ་དམངས་གཙོ་ཡང་དག་པ་དགོས།
    གང་ན་དྲག་གནོན་ཡོད་ན་དེ་ན་ངོ་རྒོལ་ཡོད།
    བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས། བོད་ནི་ཧོང་ཀོང་དང་ཨོ་མོན་ལས་གནམ་སའི་ཁྱད་པར་ཆེ།
    མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་ཀྱིས་བོད་མི་མཐོང་དོན་ཅི།
    རྫུན་ཕམ་བདེན་རྒྱལ་ཉི་མ་མྱུར་འཆར་སྨོན།

  4. ལུང་ཤར་ཚེ་སྟོབས། says:
    2012-02-08 at 3:02 pm

    ལས་འགུལ་གྱི་རྣམ་པ་ཐ་དང་ཀྱང་ངོ་བོ་གཅིག་ཏུ་གྱུར་བ།
    ལས་འགུལ་གྱི་རྣམ་གྲངས་མང་ལ་མུ་འཐུད་དགོས་པ།
    ལས་འགུལ་འདི་མི་གཅིག་ལས་མེད་ཀྱང་བར་མཚམས་མ་བཞག་པར་སྤེལ་དགོས།

    གང་ལྟར་ང་ཚོར་སོ་སོའི་མི་རིགས་ཤིག་གི་རང་དབང་ཆེད་དུ་གོ་མཚོན་འཕྱར་ཞིང་དཔུང་ཆེན་སྒྲིག་ནས་དྲག་པོའི་འོས་ལངས་བྱེད་པའི་ནུས་པ་ཟད་ཀྱང་། ཐབས་ཇུས་སྣ་ཚོགས་སྒོ་ནས་རྒྱ་ནག་གཞུང་ལ་སྡུག་སྐད་བརྒྱབ་ནས་བསུན་བཙེར་བཟོས་ཏེ། མ་མཐར་ཡང་ང་ཚོའི་མི་རིགས་ལ་མཐོང་ཆུང་དང་མནར་གཅོད་མེད་པར་ཐོབ་འོས་པའི་རང་དབང་རྣམས་ལེན་པར་བརྩོན་དགོས།

    འོན་ཀྱང་། ལས་འགུལ་སྤེལ་སྐབས་དུས་ཚོད་ཡོད་ཀྱང་མཉམ་བཞུགས་མ་གནང་མཁན་ཚོ་ཐབས་སྡུག་རེད་ལ་
    ལས་འགུལ་ལ་ཁོ་ཡོང་གི་མི་འདུག མོ་སླེབས་མ་སོང་ཟེར་སྡོད་མཁན་ཚོ་ནི་དེ་བས་ཇབ་ཆུང་རེད།
    ང་ཚོའི་ལས་འགུལ་འདིར་དངས་བླང་གི་རང་བཞིན་ལྡན་དགོས་པ་ལས། བཙན་དབང་སྐུལ་འདེད་ནམ་ཡང་བྱེད་མི་ཆོག་ལ། མི་གཅིག་ལས་ཀྱང་མེད་ཀྱང་རྒྱུན་འཐུད་དགོས་པ་དེ་བས་གལ་ཆེ།

    དེར་དྲ་གྲོགས་ཚོས་ལས་འགུལ་སྤེལ་བ་དང་མཉམ་དུ་དགོངས་ཚུལ་ལྷུག་པོར་གསུངས་དང་།
    ད་ལྟ་ང་ཚོས་བསམ་ཚུལ་བརྗོད་རེས་བྱས་ནས་སོ་སོས་གང་ནུས་ཀྱི་ལས་འགུལ་སྤེལ་དགོས་པ་ལས་ཚོགས་པ་དང་གཞུང་གི་བཀའ་སྒུག་ནས་སྡོད་ཐབས་མེད་པ་རེད།

    དཔེར་ན།
    དགེ་རྒན་གྱིས་སློབ་ཁྲིད་སྐབས་སློབ་མ་ཚོར་བསམ་བློའི་སློབ་གསོ་སྤྲོད་དགོས་པ་དང་།
    སྒྱུ་རྩལ་པས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་གླེང་དགོས་པ། (རྩོམ་པ་པོ་དང་། གློག་བརྙན་བཟོ་མཁན། གཞས་པ། རི་མོ་བ་སོགས་)
    མཁས་དབང་ཚོས་གཏམ་བཤད་དང་རྩོམ་ཡིག་གང་མང་སྤེལ་གནང་དགོས་པ།
    དགེ་འདུན་པ་ཚོས་ཞབས་རིམ་གནད་སྨིན་སྒྲུབ་དགོས་པ།
    མར་མེའི་ཁྲོམ་སྐོར་དང་། ཟད་བཅད་ངོ་རྒོལ། སྐད་འབོད། གོམས་བགྲོད་སོགས་ཡོངས་གྲགས་ལས་འགུལ་ནང་སྐྱེ་བོ་སེར་སྐྱ་མཐོ་དམན་གང་མང་མང་མཉམ་བཞུགས་ཐུབ་པ་སོགས་གང་ལྟར་ལས་འགུལ་ཆེ་ཆུང་གང་ཡིན་ཡང་མུ་འཐུད་ནས་གནང་དགོས།
    བོད་མི་སུ་ཡིན་ཡང་རང་ཉིད་བཞུགས་སའི་ཉེ་འགྲམ་གྱི་ཁྱིམ་མཚེས་ཡུལ་མི་དང་། ཡར་མར་ཕེབས་སྐབས་ངོ་ཤེས་སོགས་ལ་ཁ་བརྡ་གནང་སྐབས་ངེས་པར་དུ་ད་ལྟའི་བོད་ནང་གི་གནས་སྟངས་ཡིད་སྐྱོ་དགོས་པ་དང་། རྒྱ་ནག་པས་ང་ཚོའི་མི་རིགས་ལ་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་རྣམས་ངེས་པར་གླེང་ཐུབ་བྱས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གི་གཤིས་སྤྱོད་ངན་པ་འདི་འཛམ་གླིང་མི་མང་ཚང་མས་ཤེས་ཐུབ་ཐབས་གནང་དགོས་སོགས་རེད།

  5. འབའ་གནས། says:
    2012-02-08 at 3:15 pm

    བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་དམུགས་ཡུལ་ནི་༼མ་ནེ་དང་མཆོད་མེ་༽ཆེད་དུ་མིན་པ་ཀུན་གྱིས་ཤེས་བར་མཛོད།

  6. གསེར་འབྲུག་སྡེར་ལྔ་ says:
    2012-02-08 at 3:42 pm

    མཆོད་ཤེའེ། དེ་རིང་ཆབ་བྲག་གིས་ཁ་ནས་རང་ཐག་རང་གཅོད་ཅིག་ཐོན་འདུག། ནམ་རྒྱུན་ཡིན་ན་རང་སྐྱོང་མ་གཏོགས་ཐོན་གྱི་མ་རེད།
    འོན་ཀྱང་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པ་རེད། ད་རེས་གཞུང་འབྲེལ་གྱི་ལས་འགུལ་དེ་ཐོག་མ་ཡིན་པ་ཡོད། གང་ལྟར་འཆར་ཅན་གྱི་ལས་འགུལ་འདྲ་པོ་དེ་ཉོབ་ད་ཡོང་གི་འདུག།

  7. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 3:49 pm

    ཀརྡོ་གཉེར་ཕྱག་པ་ལགས། ང་ཚོ་འདི་ནས་དགད་མོ་ཤོར་ནས་བསྡོད་པའི་དུས་ཤིག་གཏན་ནས་ཆགས་མེད། བོད་ནང་དུ་ཉོན་དང་། དེ་རིང་ཡང་མི་ལུས་ཚེ་སྲོག་གཅིག་གི་མཆོད་འབུལ་བྱས་འདུག བྱེས་སུ་ལས་འགུལ་ཉིན་བརྒྱ་དུས་གཅིག་ཡིན་ན་ཞིག་ཟེར་བཞིན། དུས་ཚོད་ཁ་ཤས་ཀྱི་རྗེས་སུ་སྐད་ཆ་འདྲ་ཆག་པོ་འདྲ་བོ་ཁ་ཤས་ཤིག་བཤད་ནས་མཇུག་བསྡུས་པ་རེད། དངོས་ནས་ཡིད་སྐྱོ་བ་རང་རེད་མི་འདུག་གམ།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 3:53 pm

    རྣོ་ཐོ་ལགས། ཉིད་ནས་བསམ་ཚུལ་ལྷུག་པོར་སྨྲས་པ་དགའ་ཡོད། ང་ཚོས་རང་ཉིད་བོད་མི་ཡིན་པ་ངེས་ཟིན་པའི་དུས་སུ་སླེབས་པ་་འཕྱི་མེད་ན་སྔ་མེད་དུས། བོད་ལུས་ལེན་མཁན་གྱི་སྐྱེ་བོ་ཚང་མར་བོད་དོན་སྒྲུབ་པའི་འགན་འཁྲི་ཡོད་པ་རེད། དེ་ཡིན་དུས། ལས་འགུལ་སྤེལ་ཕྱོགས་དེ་ཡང་མི་སྒེར་སོ་སོ་ནས་ཐག་གཅོད་ཅིག་ཡོད་པ་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་། མཇུག་འབྲས་དང་རྒྱབ་ལྗོངས་སོགས་ལ་བོད་མི་རིགས་ཀྱི་འདོད་བློ་ཡོད་མེད་དེ་ཤེས་དགོས་པ་ཡིན་དུས། བྱེས་བཅར་བོད་མི་ང་དང་བཅས་པའི་བཙན་བྱོལ་བ་དག་གིས་ད་ལྟའི་བར་དུ་གཞིས་ལུས་བོད་མིའི་འདོད་བློ་འཚམ་པའི་ལས་འགུལ་ཞིག་སྤེལ་ཐུབ་མེད་པ་ཡིན་ཟེར་ན་འདོད་བྱུང་།

  9. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 3:54 pm

    ཆབ་བྲག་ལྷ་མོ་སྐྱབས་ལགས། ཉིད་ནས་འབོད་ཚིག་སྒྲོག་པ་དེར་ཉིད་ཀྱི་དགོང་ཚུལ་རེད། དགའ་བསུ་ཡོད། དེ་ལས་བསམ་ཚུལ་དྲང་མོ་གསུང་ཡོད་ན་བསམ་སོང་། ད་ནི་ང་ཚོས་རང་གི་ངོ་གདོང་བཀབ་དེ་བསྡོད་པའི་དུས་ཤིག་རེད་མི་འདུག

  10. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 3:58 pm

    དབྱིན་མིང་ཅན་གྱི་སྤུན་ཟླ་ལགས། ལས་འགུལ་ཞིག་བསྒྲགས་རྒྱུ་དེ་ཡང་དུས་ཚོད་དང་བསྟུན་དགོས་པ་དང་། དུས་དང་འཁེལ་ནས་བཤད་དགོས་པ་ཞིག་ཡིན་དུས། ངས་ད་ལྟའི་འཆར་ལས་འགུལ་སྒྲུབ་པར་འགན་འཁྲི་ཕྲག་དུ་ཡོད་མཁན་དག་གིས་ལས་འགུལ་སྤེལ་ཕྱོགས་དེ་ལ་རང་ཉིད་ཀྱི་འདོད་མོས་མེད་པ་དེ་ཙམ་གླེང་བ་ཡིན། མ་ཤི་ཚེ་རིང་བྱུང་ན། ངས་རང་གི་ལས་འགུལ་གྱི་ངོ་བོ་དང་དུས་ཚོད། དམིགས་ཡུལ་སོགས་དྲ་བ་མི་ཉུང་བ་ཞིག་གི་ཁྲོད་དུ་བསྒྲགས་ངེས་ཡིན། དེ་དུས་དངོས་ཤུགས་རྒྱུད་གསུམ་གང་ཞིག་ཕེབས་ཐུབ་ན་དགའ་བསུ་ཡོད།

  11. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 4:02 pm

    ལུང་ཤར་ཚེ་སྟོབས་ལགས། ཉིད་ནས་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགའ་ཡོད། ལས་འགུལ་གྱི་རྣམ་གྲངས་མང་དགོས་པ་ཟེར་ནས་གསུངས་འདུག ལས་འགུལ་གྱི་རྣམ་གྲངས་འདྲ་མིན་སྤེལ་ངེས་ཡིན་ཟེར་ནས་ང་ཚོ་བྱེས་སུ་ཚོགས་པ་སྒེར་མང་བོ་ཞིག་བཙུགས་ཡོད་པ་རེད། དེ་དག་གིས་དངོས་ནས་འདི་འདྲའི་ཉེན་ཁ་ཆེ་བའི་དུས་ཚོད་ལ་འགོ་འཁྲིད་མ་ཐུབ་པར་ལྟད་མོ་བལྟས་བསྡད་ན་དངོས་ནས་སེམས་པ་སྐྱོ་ཡི་འདུག

  12. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 4:04 pm

    འབའ་གནས་ལགས། ཉིད་ཀྱིས་གསུངས་པ་དེ་བཞིན་རེད། བོད་ནང་གི་གཞིས་བཞུགས་སྤུན་ཟླ་དེ་་དག་གིས་རང་ལུས་མེ་རུ་སྒྲོན་འདོད་ང་ཚོས་ཤེས་ཐུབ་དགོས་མ་ཟད། ང་ཚོས་རང་ཉིད་བོད་མི་ཞིག་ཡིན་པ་དྲན་དགོས་ཀྱི་འདུག

  13. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 4:06 pm

    གསེར་འབྲུག་སྡེར་ལྔ་ལགས། ཉིད་ཀྱིས་འཆར་ཅན་གྱི་ལས་འགུལ་དེ་དག་ལ་དགའ་མོས་མི་བྱེད་པའི་རྒྱུ་མཚན་ཐུང་ཐུང་ཞིག་དང་། རང་ཉིད་ཆེས་འདོད་མོས་ཡོད་སའི་ལས་འགུལ་ཞིག་གསུང་ཐུབ་ན་དངོས་ནས་ཡག་གི

  14. ཙག་གློག says:
    2012-02-08 at 5:02 pm

    ཧ་ཅང་གྲང་བའི་གཉིས་བརྒྱད་ལས་འགུལ།
    བོད་མི་རིགས་ཀྱི་ལ་རྒྱའི་མེ་དབུང་གོ་ལའི་ཡང་སྟེང་དུ་སྤར་བའི་གཞིས་ལུས་སྤུན་ཟླ་ཚོ། ཁྱེད་ཅག་གིས་རང་ལུས་མེ་རུ་བསྒྲོན་ནས། འུ་ཚོའི་མི་རབ་ཚ་བརྒྱུད་གྱི་བྲང་གཞུང་དུ་དྲོ་ལམ་ལམ་གྱི་བདེ་སྐྱིད་ཅིག་སྐྲུན་བཞིན་ཡོད་ན་ཡང་། དེ་རིང་གི་གཉིས་བརྒྱད་ལས་འགུལ་འདིས་ངའི་དབང་བོ་རྣམ་ལྔ་འཁྱགས་རེངས་སུ་ཐེབ་པས། ངས་ཁྱེད་ཅག་ལ་གདོང་རིས་བསྟོན་ནས་སྨྲ་བ་ཡིད་ནས་བྲལ། ཅིག་བྱས་ན་གནམ་རྒན་མས་ཀྱང་ང་ལ་ཉེས་བཅོས་བྱས་པ་འདྲ་སྟེ། ས་གཞི་མུན་པས་སྒྲིབ་ཅིང་བར་སྣང་ནས་ཁ་བ་བུ་ཡུག་འཚུབ་པ་འདིས་ང་དང་ངའི་ཡུལ་གྱལ་སྲིད་གཞུང་རྨོངས་པའི་དབྱིངས་རིམ་དུ་འཁོར་བ་བསྟན་ནམ་་་ཡང་ན་ངེད་ཅག་མུན་ནག་ལྟ་བུའི་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཞིག་འགྱུར་བ་ཡིན། ང་ངོ་མ་སྐྲག་གི ཁྱེད་ཅག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དགྲ་བོའི་མདུན་དུ་མཆོང་ནས་རང་ལུས་མེ་རུ་སྒྲོན་སྐབས། ངེད་ཅག་ཡུལ་གྱལ་བས་ཆེས་ཐག་རིང་ཐགརིང་ཞིག་ནས་བདེ་འཇགས་ཀྱི་ཀུ་སྒྲ་རེ་བདབ་པ་དྲེན་ཚེ་ང་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཧ་ཅང་སྐྲག་གི མ་འོངས་པའི་སྒང་པ་བོད་པ་ཚང་གི་བུ་རབ་ཚ་བརྒྱུད་ཚོ་ང་ཁྱེད་ཚོར་ངོ་གནོང་གི

  15. ཀླུ་སྐལ་རྒྱམ། says:
    2012-02-08 at 12:55 pm

    བསམ་ཚུལ་སྣ་ཚོགས་ཡོང་བ་ལ་དགའ་བསུ་ཡོད་ཀྱང་མཐའ་གཅིག་ཏུ་གཞན་ལུགས་འགོག་རྒྱུ་ལས་རང་ལུགས་ཅི་ཡང་འཇོག་རྒྱུ་མེད་པ་འདིར་རང་ཅག་བོད་པའི་གཤིས་ཀ་ཞིག་ཡིན་ནམ། གཞན་གྱི་ལད་མོ་བྱས་ཀྱང་མ་འཁྱོངས་པའི་འབྲས་རྟགས་ངན་པ་ཞིག གང་ལྟར་ཡང་ཁྱེད་ཀྱིས་འདི་འགུལ་སྤེལ་ཕྱོགས་ཀྱི་ལམ་ཁ་ཞིག་སྟོན་ནུས་ན་ངས་ཀྱང་ཁྱོད་དང་མཉམ་དུ་ལས་འགུལ་འདིར་ངོ་རྒོལ་བྱས་ཆོག

  16. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-08 at 6:02 pm

    ཙག་གློག་ལགས། དངོས་ནས་ང་ཚོ་ཡུལ་གྱར་བོད་མི་དག་གིས་རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་ཟབ་མོའི་སྒོ་ནས་ལས་འགུལ་དང་འཐབ་རྩོད་ཁྱད་པར་ངོ་ཤེས་པའི་སྒོ་ནས་ལས་ཀ་བྱེད་མ་ཐུབ་པའི་ཡིན་ན། མི་རིགས་ཤིག་གི་ནག་ཅན་དུ་འགྱུར་བར་གདོན་མི་ཟ་བ་ཡིན།

  17. གསེར་འབྲུག་སྡེར་ལྔ་ says:
    2012-02-08 at 8:46 pm

    བོད། ལྷ་ཀླུ་གཉན་གསུམ་ལགས། འཆར་ཅན་ལས་འགུལ་ལ་དགའ་མོས་མེད་པའི་རྒྱུ་མཚན་གཙོ་བོ་དེ། གསོལ་བ་སྨོན་ལམ་འདེབས་པ་དང་གཅིག། བྱང་ཆུབ་སེམས་མཆོག་འདོན་པ་དང་གཉིས། གཞན་ལ་རེ་བསྐུལ་ཞུ་བ་དང་གསུམ་ནི་འཆར་ཅན་གྱི་ལས་འགུལ་རེདལ། ཞལ་འདོན་བཏོན་པ་དང་གཞན་ལ་རེ་བསྐུལ་ཞུས་པ་ཙམ་གྱིས་བོད་ཀྱི་དཀའ་རྙོག་སེལ་བ་དང་མངོན་འདོད་འགྲུབ་ཀྱི་ཡོད་ན། གནའ་སྔ་མོ་ནས་འགྲུབ་ཚོད་ཡིན། དཔའ་བོ་དཔའ་མོ་ཞིང་བཤེགས་དམ་པ་རྣམས་ཀྱི་ཆེད་དུ་ཡིན་ན་གནས་ཚུལ་ཁག་ཁག་རེད། དེ་མིན་ཁ་རས་ནག་པོ་གྱོན་ནས་མྱ་ངན་མཚོན་བྱེད་དེས་གུང་ཁྲན་ལ་གནོད་པ་དང་ང་ཚོའི་མངོན་འདོད་འགྲུབ་ཀྱི་ཡོད་ན་ནི་ངས་མི་ཚེ་གང་པོར་ཁ་རས་ནག་པོ་གྱོན་ཆོག།
    ང་རང་གི་ཆེས་འདོད་མོས་ཡོད་པའི་ལས་འགུལ་ནི། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱིས་སྣེ་འཁྲིད་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མ་མཉམ་རུབ་ཀྱིས་ཡུལ་གྲུ་སོ་སོའི་ནང་རྒྱ་མིའི་གཞུང་ཚབས་ཡོད་ས་ཚང་མར་ཕྱིན་ནས་ཉིན་མཚན་མེད་པར་ངོ་རྒོལ་ཤུགས་དྲག་བྱེད་དགོས་པ་རེད་ལ། སྒོ་བརྡུང་ནས་སྐད་ཅིག་གཏོང་དགོས་པ་རེད། སྐད་ནི་འདི་ལྟར། བོད་ནང་གཞིས་ལུས་མི་དམངས་ལ་དྲག་གནོན་འཚམས་འཇོག་དགོས། ལྷག་པར་དུ་ཏང་ཀྲུང་དབྱང་སྲིད་གཞུང་གིས་ངེས་པར་དུ་མེ་ལྕེའི་ནང་གི་འབོད་སྒྲ་ཉན་དགོས་ལ་ཁོང་རྣམས་ཀྱི་མངོན་འདོད་དེ་ངེས་པར་དུ་བསྒྲུབས་དགོས། བོད་ལ་རང་དབང་དགོས། གཞིས་བྱེས་གཉིས་ཁ་བྲལ་འདོད་མེད། མཉམ་འཛོམས་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། དྲག་པོའི་དམག་དཔུང་བོད་ནས་ཕྱིར་འཐེན་བྱེད་དགོས་སོགས་འབོད་ཚིག་མང་པོ་ཡོད་པ་རེད། དེ་མ་གཏོག་གསོལ་སྨོན་དང་བྱང་ཆུབ་སེམས་མཆོག་བཏོན་བསྡད་ན་རྒྱ་མི་གད་མོ་ཤོར་ངེས་རེད་ལ་མའོ་ཡིས་ང་ཚོར་སེམས་གཙོ་སྨྲ་བ་རིང་ལུགས་དང་རྨོངས་དད་རིང་ལུགས་པ་ཞེས་དམའ་འབེབ་བྱས་པ་དེ་འདྲ་པོ་ཆགས་ཀྱི་ཡོད་པ་རེད། ད་མང་པོ་མི་ལབ་འབེན་ལ་མི་འཕོགས་པར་ཁ་དང་སྣ་ལ་འཕོགས་རྒྱུའི་ཉེན་ཁ་ཡོད་པ་རེད།

  18. བོད་ལ་དགའ། says:
    2012-02-08 at 9:11 pm

    དེ་རིང་འཛམ་གླིང་ཧྲིལ་བོ་འདིའི་ཐོག་གི་བོད་མི་ཡོངས་ཀྱིས་ཉིན་གཅིག་ལ་རྒྱ་གཞུང་ལ་ཡོངས་ཁྱབ་ཀྱི་ངོ་རྒོལ་གནང་བཞིན་པ་ལྟར།ང་ཡང་དེ་རིང་གི་ངོ་རྒོལ་ལ་ཞུགས་ནས་ནང་ལ་སླེབས་མ་ཐག་ཡིན།ངའི་བསམ་ཚུལ་བྱས་ན་དེ་རིང་གི་ངོ་རྒོལ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད།ངོ་རྒོལ་གྱི་རྣམ་པ་མ་འདྲ་བ་དང་དྲག་ཤུགས་དང་ལྡན་པ་ཞིག་མིན་ནའང་།འཛམ་གླིང་ཡོངས་ཁྱབ་དང་ངོ་རྒོལ་བ་ཧ་ཅང་བོ་འཛོམས་པའི་ངོ་རྒོལ་ཞིག་ཡིན་ངེས་ཅན་རེད།
    དྲང་བོར་བཤད་ན།ང་ནི་བོད་དོན་དུ་རང་སྲོག་བློས་གཏོང་ཐུབ་མཁན་དེ་འདྲ་མིན།ཁྱོད་ཚོ་རྩོམ་འབྲི་བས་མཚོན་པའི་མཆན་འགོད་པ་ཚང་མ་ཡང་བོད་དོན་དུ་རང་སྲོག་བློས་གཏོང་མཁན་ཏག་ཏག་ཡིན་ངེས་རེད་བསམ་གྱི་ཡང་མེད།གཅེས་པའི་ཚེ་སྲོག་མི་རིགས་ཀྱི་དོན་དུ་འབུལ་མཁན་ནི་ཧ་ཅང་གཟི་བརྗིད་ཆེན་པོ་རེད་ལ།སྒང་བ་བོད་པ་ཚང་གི་ལོ་རྒྱུས་ལ་གསེར་གྱི་མིང་ཡིག་འགོད་མཁན་དག་རེད།དེ་ནི་མི་ཚང་མས་འཇོན་གྱི་ཨེ་ཡོད་ན་དྲན་བསྡད་ཡོད།
    རྡོག་རྩ་གཅིག་སྒྲིལ་དགོས་པ་ཚང་མས་སྒྲོག་གིན་འདུག་ལ་རེ་འདུན་ཡང་ལོས་ཡིན།ད་ང་ཚོས་གང་དང་གང་ནས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ཤེས་དགོས་ཀྱི་འདུག།སྤྱིར་བཏང་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡིན་པ་མཐོང་གི་འདུག།ཡིན་ནའང་ལས་འགུལ་གྱི་སྐབས་ལ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་གཅིག་ལ་སྤུངས་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
    བོད་དོན་དུ་རང་སྲོག་བློས་གཏོང་བྱེད་མི་ཐུབ་མཁན་ང་ལ་མཚོན་ན།ཆོད་སེམས་བརྟན་པོ་གཅིག་ཡོད།ངའི་མི་ཚེ་འདིར་བོད་དོན་དུ་ལས་འགུལ་ཚང་མར་ཉམས་ཞུགས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་དེ་ཡིན། བོད་མི་དཔའ་མཛངས་སྙིང་སྟོབས་མེད་མཁན་ང་འདྲ་བ་ཡང་ཡོད་སྲིད།དེ་དག་ལ་ངས་འདི་འདི་ནས་འབོད་སྐུལ་ཞུ་རྒྱུར།བོད་དོན་ལས་འགུལ་ཚང་མར་ཉམས་ཞུགས་ངེས་པར་གནང་རོགས།དེ་ནི་ང་ཚོས་ཐུབ་པ་ཞིག་རེད་ཟེར་རྒྱུ་ཡིན།

  19. འཕན་པོ་བསྟན་དར says:
    2012-02-09 at 3:38 am

    བཙན་པོའི་དྲིན་ལས་རང་བཙན་རྒྱལ་ཁབ་འདི།། རྒྱ་དམར་གཤན་པས་བཟུང་བས་ཡིད་རེ་སྐྱོ།།
    དཔའ་བོ་དཔའ་མོའི་ལོ་རྒྱུས་རྫོགས་ལ་ཉེ།། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་འདུ་ཤེས་བསྐྱེད།།
    དུས་རབ་ཉེར་གཅིག་བོད་མིའི་སྤྱི་ཚོགས་ནང་།། སྐད་ཡིག་བེད་སྤྱོད་མི་བྱེད་ཡིད་རེ་སྐྱོ།།
    རང་རིགས་འཇིག་ལ་ཉེ་བའི་དུས་རབ་འདིར།། བོད་མིའི་བླ་སྲོག་བསྐྱོབ་པའི་འདུ་ཤེས་བསྐྱེད།།
    དུས་གསུམ་གསལ་གཟིགས་བྱང་ཆུབ་སེམས་བ་ཡིས།། རླབས་ཆེའི་དགོང་པ་ཟབ་མོའི་ལྟ་བ་ཡང་།།
    རྒྱ་མིས་ངོས་ལེན་མེད་པའི་ཚུལ་བསམ་ན།། བདེན་པའི་ཨུ་ཚུགས་ལང་ཕྱོག་འདུ་ཤེས་བསྐྱེད།།
    འདུ་ཤེས་མེད་པའི་མི་དེ་བ་གླང་འདྲ།། རང་རིགས་འཇིག་ལ་ཉེ་ཡང་ཚོར་བ་མེད།།
    བཟའ་འཐུང་འབའ་ཞིག་རྣམ་གཡེང་ཁོ་ནའི་ངང་།། མི་ཚེ་དོན་མེད་ཟད་པར་ཡིད་རེ་སྐྱོ།།

    བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་དམིགས་ཡུལ་ནི། བོད་མི་གསོན་པོ་རྣམས་ཀྱིས། སྨོན་ལམ་རྒྱབས་རྒྱུ་དང་མར་མེའི་མཆོད་འབུལ་བྱེད་རྒྱུ་དེ་ཅིག་པོ་མ་རེད་སྙམ། ན་འབྲས་གསོན་པའི་ལས་འགུལ་ཞིག་སྤེལ་དགོས་པ་རེད། ད་དུང་སྐུ་གཟུགས་མཆོད་སྤྲིན་དུ་ཕུལ་ཟེར་བའམ། སྙན་ངག་ཡིན་མི་ཤེས་སྟེ། ཁོང་རྣམ་པའི་མི་ལུས་རིན་ཆེན་དེ་བོད་མི་རིག་ཞིག་གི་ཆེད་དུ། རང་ལུས་མེར་སྲེགས་བཏང་བ་ནི་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཟིན་ནས་བོད་མིའི་འདུ་ཤེས་སམས་རང་དབང་གི་འབོད་སྒྲ་ཆོས་དད་རང་མོས་རང་ཉིད་ཀྱི་རྩ་བའི་བླ་མ་བོད་དུ་གདན་འདེན་ཞུ་དགོས་གསུང་བ་བཅས་ནི་བོད་མིའི་བདེན་མཐའ་གསལ་བའི་ཆེད་དུ་དམིགས་ཏེ་བོད་མི་གསོན་པི་རྣམས་ལ་བོད་མའི་འདུ་ཤེས་ཀྱི་དྲན་བསྐུལ་དང་མུ་འཐུས་ནས་འཐབ་བརྩོད་བྱེད་དགོས་པ་སྟོན་གྱི་ཡོད་པ་རེད། རང་ཉིད་ཀྱི་བསམ་ཚུལ་ཙམ་དུ་མ་ཟད་ང་ཚོའི་འཐབ་བརྩོད་ཀྱི་ཁ་ཕྱོགས་གསར་པ་ཞིག་དུ་འགྱུར་གྱུར་དགོང་པ་ཞེས་དགོས་པ་རེད་སྙམ། བོད་རྒྱལ་ལོ།།

  20. འཕན་པོ་བསྟན་དར says:
    2012-02-09 at 3:46 am

    ༄༅།། ང་ཚོའི་འཐབ་རྩོད་ནི། རྒྱུ་ནོར་ལོངས་སྤྱོད། རིག་གནས། བཟའ་འཐུང་མཉམ་གཤིབས། འཚོ་གནས་ཐུབ་ཐབས་ཀྱི་གནས་ཚུལ་ཞིག་མ་ཡིན་པར། །ང་ཚོའི་འཐབ་རྩོད་ནི། རྒྱ་དང་། བོད་ཅེས། རྩམ་ཟན་དང་། འབུ་ཟན་ཞེས། ཐ་དད་པའི་མི་རིགས་གཉིས་ཀྱི་འཐབ་རྩོད་ཡིན་པར་ཤེས་དགོས།

    བཙན་པོའི་དྲིན་ལས་རང་བཙན་རྒྱལ་ཁབ་འདི།། རྒྱ་དམར་གཤན་པས་བཟུང་བས་ཡིད་རེ་སྐྱོ།།
    དཔའ་བོ་དཔའ་མོའི་ལོ་རྒྱུས་རྫོགས་ལ་ཉེ།། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་འདུ་ཤེས་བསྐྱེད།།
    དུས་རབ་ཉེར་གཅིག་བོད་མིའི་སྤྱི་ཚོགས་ནང་།། སྐད་ཡིག་བེད་སྤྱོད་མི་བྱེད་ཡིད་རེ་སྐྱོ།།
    རང་རིགས་འཇིག་ལ་ཉེ་བའི་དུས་རབ་འདིར།། བོད་མིའི་བླ་སྲོག་བསྐྱོབ་པའི་འདུ་ཤེས་བསྐྱེད།།
    དུས་གསུམ་གསལ་གཟིགས་བྱང་ཆུབ་སེམས་བ་ཡིས།། རླབས་ཆེའི་དགོང་པ་ཟབ་མོའི་ལྟ་བ་ཡང་།།
    རྒྱ་མིས་ངོས་ལེན་མེད་པའི་ཚུལ་བསམ་ན།། བདེན་པའི་ཨུ་ཚུགས་ལང་ཕྱོག་འདུ་ཤེས་བསྐྱེད།།
    འདུ་ཤེས་མེད་པའི་མི་དེ་བ་གླང་འདྲ།། རང་རིགས་འཇིག་ལ་ཉེ་ཡང་ཚོར་བ་མེད།།
    བཟའ་འཐུང་འབའ་ཞིག་རྣམ་གཡེང་ཁོ་ནའི་ངང་།། མི་ཚེ་དོན་མེད་ཟད་པར་ཡིད་རེ་སྐྱོ།།

    བསམ་འཆར་མང་པོ་ཞུ་འདོད་འདུག་ཀྱང་དུས་ཚོད་ཀྱིས་རྐྱེན་པས།།

  21. ཀརྨ་དགེ་ལེགས says:
    2012-02-09 at 10:55 am

    ལས་འགུལ་དེ་ཡང་དོན་ལ་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོ་རྗེས་དྲན་དང་། མྱ་ངན་ཞུས་པ་ཡིན་པས་ཡག་པོ་འདུག མ་ཟད་བློ་བཟང་སེངྒེ་ཁ་འདོན་འདོན་མཁན་ཞིག་ཀྱང་རེད། སྒྲོལ་ལ་ཉེར་གཅིག་བློ་ཐོག་ནས་འདོན་ཐུབ་འདུག དེ་བཞིན་གཡས་བཀའ་ཤག་གི་གྲལ་དང་། གཡོན་སྤྱིན་གྱི་གྲལ་གཉིས་ཀར་ཞིབ་ལྟ་ཞིག་བྱས་པ་ཡིན། ཚང་མ་ཞལ་འདོན་འདོན་མཁན་རེད་འདུག དེ་ནི་ཅུང་དགའ་འོས་པ་ཞིག་ཀྱང་རེད།

  22. བདག་པོ། says:
    2012-02-09 at 2:59 pm

    བསམ་འཆར་བཏོན་པ་ཡག་པོ་རེད། ཡིན་ནའི་སོ་སོ་རང་ཉིད་བོད་པ་ཡིན་པའི་ཆ་ནས་སྒྲོག་ཙེའི་སྒང་རྨོན་པ་རྒྱབ་ཀྱིན་བསྡད་ན་སྙིང་པོ་མཐོང་གི་མི་འདུག ལས་འགུལ་དངོས་ནང་བཞུགས་ཏེ་བཤད་ན་ལེགས་པ་འདུག གནའ་མི་བོད་ཀྱི་གཏམ་དཔེར། བཤད་རྒྱུ་ཕ་བསད་བུ་ལའང་ཡོད་ཟེར་བ་ལྟར་ད་ལྟའི་དུས་སྟོང་བཤད་གཙོ་བོ་མ་རེད། ལག་ལེན་རེད། སོ་སོའི་ཕྲུ་གུར་བོད་ཀྱི་སྐད་ཡིག་དང་། ཡ་རབས་བཟང་སྤྱོད་ངེས་པར་སློབ་དགོས། འདི་ནི་སྔོན་འགྲོའི་ཆ་རྐྱེན་དང་པོ་དེ་ཡིན། སི་ཏ་ལེན་གྱིས། མི་རིགས་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་དུ་མེད་པར་འགྲོ་སྲིད་གསུངས་པ་ལྟར་ང་ཚོས་ཟབ་དགོས།

  23. ཀརྡོ་གཉེར་ཕྱག་པ་ says:
    2012-02-09 at 3:52 pm

    ༨༽ བོད། ལྷ་ཀླུ་གཉན་གསུམ་ལགས་ཀྱིས།
    ་་་་ བྱེས་སུ་ལས་འགུལ་ཉིན་བརྒྱ་དུས་གཅིག་ཡིན་ན་ཞིག་ཟེར་བཞིན། ་་་་་གསུངས་འདུག་པ་འདི་ལ་ངས་ཉིན་བརྒྱ་དུས་གཅིག་ཟེར་གང་རེད་དམ། ཚིག་འདི་ནི་རི་བོང་གི་རྭ་མི་མཚུངས་སམ། དེས་ན་ཉིན་གཅིག་དུས་གཅིག་ཞེས་འཁོད་དགོས་པ་དང་། ཡང་། བྱེས་སུ་གསུངས་པ་ཡང་རྒྱ་ཆུང་བའི་སྐྱོན་ཡོད་པས། གཞིས་བྱེས་གཉིས་ཀའམ། འཛམ་གླིང་ས་གནས་ཡོངས་ལ་ཉིན་གཅིག་དུས་གཅིག་ཞི་བའི་ངོ་རྒོལ་ལས་འགུལ་རྩོམ་དགོས་པ་དེ་གལ་ཆེན་པོ་རེད་ལགས།

  24. རྔ་བ་གཉན་རྒོད་ནས་་ says:
    2012-02-09 at 8:55 pm

    ངོ་མ་ལས་འགུལ་ལ་བྲོ་བ་མེད་ཀི་ཡ་་་་་་ཁ་སང་ཧྥ་རན་སའི་རྒྱལ་ས་ནས་ཡང་སྐད་འབོད་ཞིག་བྱས་སོང་མོད་་འབོད་ཚིག་དང་དམིགས་ཡུལ་གང་མེད་པའི་སྒོ་ནས་དུས་ཚོད་སྐྱེལ་ཐབས་ཙམ་རེད་ཡ་་་་བོད་གཞུང་དོན་གཅོད་ཀྱི་དྲུང་ཆེ་ཡིན་པ་འདྲ་སྐུ་ཤ་ཅུང་ཙམ་རྒྱག་པ་ཟིག་འདུག་ཁོ་ནས་གཏམ་བཤད་སྟབས་བདེ་ཟིག་བྱས་དེ་་མི་དམངས་ཀྱི་རྒྱབ་ཟུར་ཞིག་ལ་ཐོན་ནས་ཐ་མག་འཐེན་ཞོར་ལ་འདུག་པའི་གཞུང་ཕོག་ལེན་ཤེས་པ་ཙམ་ལས་ཚོར་བ་གང་ཡང་མེད་འདྲ་་་་་དེ་བཞིན་བོད་རིགས་ཚོགས་པའི་ཚོགས་གཙོ་ནས་ཡང་མིག་ཤེལ་ནག་པོ་ཟིག་རྒྱབ་ནས་མི་དམངས་ཀྱི་ཟུར་ནས་དཔོན་ཉམས་ཀྱི་འགྲོ་ལས་འབོད་ཚིག་གཅིག་ཀྱང་སྒྲོག་པ་མཐོང་མ་སོང་་་མི་དམངས་དཀྱུས་མ་རྣམས་སྙིང་མ་རྗེ་ཆུ་ཚོད་གཉིས་ཙམ་ལ་སྐད་འབོད་ཞིག་བྱས་ཏེ་མར་མེ་སྒྲོན་ནས་རང་རང་ས་ལ་འཐོར་ནས་འགྲོ་སོང་་་་་

  25. རྔ་བ་གཉན་རྒོད་ནས་་ says:
    2012-02-09 at 9:00 pm

    དྲུང་ཆེ་མིན་པ་འདྲ་དོན་གཅོད་ཡིན་ས་རེད་ཡ་་་སྔོན་མ་རྡ་ས་བདེ་སྲུང་ནང་ལ་ཡོད་རེད་་

  26. འཕན་པོ་བསྟན་དར says:
    2012-02-10 at 3:37 am

    བདག་པོ་ལགས། ཧཧ ཧ བོད་ས་ཤོར་ཟིན་པ་རེད། འཕན་པོ་བསྟན་དར་གྱི་ས་ཆད་པ་མ་ཏོགས་ཤོར་མེད།
    སྐུ་རྩེད་ཞུས་ཐུགས་རྗེ་ཆེ། ངས་གང་དྲན་པ་དེ་མུར་བྲིས་པ་ཡིན་ལ་ཁྱེད་རྣམ་པ་ནང་བཞིན་གྱི་ཤཻས་ཚད་བདག་ལ་མེད། མུ་འཐུད་ཞུ་དགས་དང་དགོང་འཆར་གནང་རོག་གནང་། ཐུགས་རྗེ་ཆེ། བོད་རྒྱལ་ལོ།

  27. གཉན་གཡག་ཕྲུག says:
    2012-02-10 at 5:01 am

    ༄༅།། བཀའ་བློན་ཁྲི་པའི་བཀའ་སློབ་གནང་སྟངས་དེ་ནི་གསར་འགྱུར་རྒྱུད་བསྒྲགས་བྱེད་པ་དང་འདྲ་བར་ཞེ་ས་དང་གུས་ལུགས་གང་མཚོན་ཐབས་བྱེད་ཀྱི་འདུག་པ་དེས་དོན་དུ་སུ་ལ་སྐྲགས་དགོས་པ་ཡིན་ནམ། དེ་འདྲའི་བཀའ་སློབ་དེས་མི་དམངས་ལ་སྙིང་སྟོབས་དང་བློ་སྒོ་ཕྱེ་བའི་ནུས་པ་མེད་པ་མ་ཟད་དེ་ལས་ལྡོག་ཏེ་བོད་སྐད་ཤར་མ་ཤིག་ཀྱང་ཐོན་གྱི་མིན་འདུག ། རང་སྲོག་དོར་བའི་སྤུན་ཟླ་ཚོ་ཁྱེད་ཚོ་སྙིང་རེ་རྗེ། ཁོ་རང་ཁམ་པའི་བུ་རེད་མིན་འདུག སྙིང་སྟོབས་ཅན་གྱི་ཁམ་པ་ཚོ། བློ་སེང་ལགས་སྲིད་དོན་པ་ཞིག་མིན་པར་མཆོད་པ་བྱང་སེམས་ཅན་འདྲ་བ་ག་དུས་ཆགས་པ་རེད་དམ། ཁོང་གིས་ད་ལམ་བོད་མི་ཚོར་ཉིན་བརྒྱ་དུས་གཅིག་ལ་ལས་འགུལ་སྤེལ་དགོས་གསུངས་དུས་རྒྱ་མིའི་མནར་གཅོད་དེར་ངོས་ལེན་མེད་གསུངས་སོང་དེ་ངོས་ལེན་མེད་པ་སྨོས་མ་དགོས་པ་རེད་ དེ་ལ་ངོ་རྒོལ་གྱིས་ད་ལྟ་རང་མཚམ་འཇོག་དགོས་གསུང་དགོས་པ་ལས་དེ་གསུང་མ་སོང་། རྒྱལ་སྤྱི་ནས་རྒྱ་མིར་གནོན་ཤུགས་སྤྲད་དེ་ད་ལྟ་བོད་ནང་མྱོང་བཞིན་པའི་བོད་མི་རྣམས་ད་ལྟ་རང་སྡུག་བསྔལ་ལས་སྐྱབས་ཏེ་བོད་མིར་འགྲོ་བ་མིའི་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་གསུང་དགོས་རྒྱུ་ཡང་ཚིག་གཅིག་གསུངས་མ་སོང་། མདོར་ན་རྒྱ་མི་གུང་ཁྲན་ལ་ཚིེག་ངན་འཕྱ་སྨོད་དགོས་སར་གུས་ལུགས་དང་ཡ་ རབས་ཀྱི་རྣམ་གྱུར་གང་ཡག་གིས་ཆབ་སྲིད་པ་ཞིག་སྐད་ཆ་བཤད་སྟངས་དེ་འདྲ་རྩ་བ་ནས་མ་རེད། ངའི་ནང་མི་ཚང་མས་ཁྱེད་ལ་གུས་ཞེན་དང་ཡིད་ཆིས་ཀྱིས་འོས་ཤོག་ཕུལ་བ་ཡིན་ཀྱང་ད་ལྟ་ང་འགྱོད་པ་སྐྱེ་གི་འདུག
    མདོར་ན་རྒྱ་མིའི་མདུན་བོད་ཀྱི་རྩ་དོན་དང་བོད་མིའི་གནས་སྟངས་ཐོག་བཀའ་སློབ་གནང་དུས་མཉམ་ཆུང་དང་གུས་ལུགས་དེ་འདྲ་གནང་དགོས་ཨེ་ཡོད། ཁམ་པའི་བུ་ངར་ངར་གནང་དགོས་པ་མ་ཟད་ཚིག་ངན་དགོས་སར་ཚིག་ངན་དང་། འཕྱ་སྨོད་དགོས་སར་འཕྱ་སྨོད་བྱེད་དགོས་ཀྱི་འདུག
    གོང་གསལ་རྣམས་བོད་མི་རང་སྲོག་དོར་མཁན་དེ་དག་གི་གཏོང་ཕོད་དང་སྙིང་སྟོབས་ལ་གོ་མེད་འཚོར་མེད་དུ་སྡད་མ་ཐུབ་པར་སེམས་གཏིང་གི་སྐད་ཆ་འདི་གར་བྲིས་པ་ལས་རང་དོན་ཁོགས་ཏུ་བཟུང་ནས་མི་དགའ་ཞེ་འཛིན་གྱིས་ཞུས་པ་རྩ་བ་ནས་མིན།

  28. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-10 at 6:00 am

    སྤུན་ཟླ་ཚང་མས་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགས་གུས་ཞུ། ངས་ག་ལེར་རང་གི་བསམ་ཚུལ་དང་ལས་འགུལ་གྱི་སྐོར་ནས་ཞིབ་མོ་ཞིག་འབྲི་ཆོག

  29. རྩམ་དགའ། says:
    2012-02-10 at 12:15 pm

    བློ་སེང་གི་བཀའ་སློབ་ཁ་ཤས་ལ་ཆེད་དུ་ཉན་དུ་སོང་བ་ཡིན། དྲང་བོར་ཞུས་ན་རྒྱ་གུང་ཁྲན་གཞུང་གིས་དེ་ཙམ་དོ་སྣང་གནང་དགོས་པའི་བཀའ་སློབ་བརྗིད་ཁོག་ཅན་གནང་སོང་བསམ་བསམ་མ་བྱུང་། ཕྱོགས་གཅིག་ནས་དེ་སྔའི་བོད་ལོ་རྒྱུས་ལ་མཁྱེན་རྟོགས་དེ་ཙམ་མེད་པ་དང་། གཉིས་ནས་བོད་སྐད་ཡིག་ལ་བྱང་ཆ་ཆུང་བ་འདིས་ལན་པ་རེད། མ་གཞི་ཁོང་གི་བཀའ་སློབ་གནང་སྟངས་དེ་ཡང་སྲིད་འཛིན་ཞིག་གི་ཆ་ནས་བལྟས་ན་ཞེན་ཆ་ཧ་ཅང་མང་གི ག་ལེར་ཡར་རྒྱས་ལ་འགྲོ་བའི་རེ་བ་ཡོད།

  30. བོད། ལྷ་ཀླུ་གཉན་གསུམ། says:
    2012-02-10 at 4:09 pm

    བློ་བཟང་སེང་གེ་མཆོག་ནས་ཁོང་ལ་སྲིད་སྐྱོང་བའི་མིང་ཡོད་པ་དངོས་ནས་ངེས་ཤེས་རྙེད་ན་འགྲིག་གི་འདུག དེ་མིན་ཆོས་སྲིད་ཟུང་འབྲེལ་གྱི་དཔོན་མིང་གསར་བ་ཞིག་འདོག་དགོས་ཐུག་ས་རེད། སྲིད་ལ་སྲིད་ཀྱི་མིང་ཞིག་འདོག་དོན་ཡང་རྟོགས་རན་རེད། བོད་ཀྱི་སྤུན་ཟླ་ཚོ། སྲིད་སྐྱོང་བ་ཁོང་གིས་བོད་མི་མང་གི་སྐྱིད་སྡུག་ཤེས་པའི་སྲིད་ཀྱི་སྣེ་ཞིག་ཁྲིད་མ་ཐུབ་པ་ཡིན་ན། གཞིས་ལུས་མི་མང་གི་རེ་འབོད་དང་ཚེ་སྲོག་གི་འབོད་པ་དེ་དག་གིས་དོན་སྙིང་མ་བྱུང་བ་མ་ཟད། གཞིས་ལུས་མི་མང་གི་མགོ་ཐོག་གི་མེ་མདའ་དེ་ལ་སྙིང་རྗེ་ཟེར་བ་ཞིག་གཏན་ནས་མེད་པ་རེད།

  31. ཚངས་དབྱངས། says:
    2012-02-11 at 4:31 am

    ཆོལ་གསུམ་བོད་མིའི་ལ་རྒྱ།
    མ་འགྲོལ་གཏན་དུ་བཞུགས་དང་།
    རང་བཙན་རང་སྐྱོང་འབྲས་བུ།
    མགྱོགས་ནས་མྱུར་དུ་ཤར་ཡོང་།

    ང་ཚོས་རང་བཙན་བཤད་ཡོད།
    ང་ཚོས་རང་སྐྱོང་བཤད་ཡོད།
    ང་ཚོས་ཁྲོམ་སྐོར་བྱས་ཡོད།
    ང་ཚོས་རང་ལུས་འབུལ་ཡོད།

    དོན་སྙིང་བོད་མིའི་ཕུགས་བསམ།
    རང་དབང་འདྲ་མཉམ་རང་བདག
    མགྱོགས་ནས་མྱུར་བར་ཐོབ་ཆེད།
    ང་ཚོས་ཅི་ཡང་བྱ་དགོས།

    ཁྱེད་ནས་སྨོན་ལམ་སྐྱོན་སྐབས།
    ང་ཚོས་ཁྲོམ་སྐོར་བྱས་ཆོག
    ཁྱེད་ཀྱིས་རང་ལུས་འབུལ་སྐབས།
    ང་ཚོས་རྒྱབ་སྐྱོར་བྱས་ཆོག

    ལག་པ་གཅིག་གི་མཛུབ་གུ
    རྩ་བ་གཅིག་གི་ཡལ་ག
    ཆོལ་གསུམ་བོད་མི་ཐམས་ཅད
    བོད་པའི་རྒྱུད་པ་འཁྲུལ་མེད།

    ཁྱོད་ཀྱང་བོད་པའི་རྒྱུད་པ།
    ང་ཡང་བོད་པའི་ཕྲུ་གུ
    འཛོམས་ས་གཞན་ཡུལ་བགྲང་མོ།
    སྐྱེ་ས་གངས་ལྗོངས་དྲོན་མོ།

    ང་ཚོ་གཅིག་ལ་སྒྲིལ་ཤོག
    ང་ཚོ་གཉིས་ལ་སྒྲིལ་ཤོག
    སྟོད་སྨད་བར་གསུམ་སྒྲིལ་ནས།
    གངས་ལྗོངས་འཚུར་ལ་ལེན་ནོ།

  32. ཀརྡོ་གཉེར་ཕྱག་པ་ says:
    2012-02-11 at 5:18 am

    ང་ཚོ་བོད་རིགས་ཚང་མ་གཅིག་ལ་སྒྲིལ་ཤོག
    ང་ཚོ་གཞིས་བྱེས་གཉིས་ཀ་གཅིག་ལ་སྒྲིལ་ཤོག
    ང་ཚོ་ཆོལ་གསུམ་མི་རིགས་གཅིག་ལ་སྒྲིལ་ཤོག
    ང་ཚོ་ཆོས་ལུགས་བཞི་ག་གཅིག་ལ་སྒྲིལ་ཤོག
    ང་ཚོའི་བོན་བཅས་ཆོས་བརྒྱུད་ལྔ་གར་གཅིག་ལ་སྒྲིལ་ཤོག
    ང་ཚོའི་མིའུའི་གདུང་དྲུག་ཆོད་སེམས་གཅིག་ལ་སྒྲིལ་ཤོག
    སྒྲིལ་ཤོག་སྒྲིལ་ཤོག གཅིག་ལ་སྒྲིལ་ཤོག ཚང་མ་གཅིག་ལ་སྒྲིལ་ཤཽག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme