Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བདུན་པ།

Posted on 2025-08-21 By ཁ་བརྡ་ No Comments on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བདུན་པ།

བསྟན་འཛིན་གྲགས་པ།  (ཨ་རི།)

ད་བར་ཕྲན་གྱིས་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་སློབ་དེབ་ཐོག་ལ་རྨོངས་འཆར་འཕྲིན་ཡིག་དྲུག་གི་ལམ་ནས་ཞུ་འབོད་བྱས་པ་ཡིན། ད་དུང་མུ་མཐུད་ནས་འཛིན་གྲྭ་བརྒྱད་པའི་ཚོད་ལྟའི་སློབ་དེབ་ཐོག་ལ་བསམ་ཚུལ་ལམ། རྨོངས་འཆར་ཞུ་འདུན་བྱུང་། ཡིན་ནའང་། ཞུ་འདོད་པ་དང་། མི་འདོད་པའི་གནས་སྟངས་གཉིས་ཆགས། ཞུ་འདོད་པའི་རྒྱུ་མཚན་ནི། བོད་ནང་གི་མཁས་པ་དོར་ཞི་མཆོག་གིས། ཉེ་བའི་ཆར་དྲ་ཐོག་ཁག་ཏུ། མཚོན་སྔོན་མཚོ་ལྷོའི་ཨུའི་ཧྲུའུ་ཅི་ལ་སྤྲིངས་པའི་འཕྲིན་ཡིག་ ༣༠ ཟེར་པ་དང་། ནད་ཁྲིའི་སྟེང་གི་དགག་ལན། ཟེར་པ་སོགས་རྩོམ་ཡིག་མང་པོ་ཞིག་མཐོང་རྒྱུ་བྱུང་། མི་རིགས་ཆེད་མཁས་པ་དང་སློབ་དཔོན། སློབ་མ་དང་མི་རིགས་ལས་བྱེད་སོགས། འདི་ལྟ་བུའི་མི་མང་པོ་ཞིག་གིས་མི་རིགས་སློབ་གསོར་ཐུགས་ཁུར་གནང་ནས། འཕྲིན་ཡིག་འབྲི་བ་དང་།་དྲྭ་ཐོག་ནས་མི་རིགས་སློབ་གསོ་དང་འབྲེལ་བའི་གནད་དོན་གྱི་བགྲོ་གླེང་ཁག་ལ་མཉམ་ཞུགས་བྱེད་པ་འདི། རྒྱལ་ཁབ་ཀྱི་དོན་ཆེན་ལ་ཐུགས་ཁུར་གནང་བའི་དོན་བཟང་ཞིག་ཡིན་པས། རིམ་པ་སོ་སོའི་མི་རིགས་སློབ་གསོའི་སྡེ་ཁག་རྣམ་པ་དང་། འབྲེལ་ཡོད་འགོ་ཁྲིད་མི་སྣ་སོགས་ཀྱིས་འདི་རིགས་ལ་དགའ་བསུ་དང་། ཁེངས་སྐྱུང་གིས་ཉན་འཇོག་བྱེད་འོས། མི་རིགས་སློབ་གསོའི་གཡུལ་ས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་ལས་ཀ་བྱས་པའི་སློབ་དཔོན་རྒན་པོ་ཞིག་ཡིན་པའི་ཆ་ནས་ངས་ཀྱང་འདི་ཐད་བསམ་ཚུལ་མདོར་བསྡུས་ཤིག་ཞུས་ན་འདོད། ཅེས་རྩོམ་ཡིག་གི་དབུར་བྲིས་འདུག རང་དབང་བྲལ་བའི་ས་གནས་སུ་བཞུགས་པའི་མཁས་པ་ཁོང་གིས་རྩོམ་ཡིག་ལམ་ནས་དེ་ལྟར་བྲིས་པར་མུ་མཐུད་ནས་འཕྲིན་ཡིག་བྲིས་ཚེ་འབྲེལ་ཡོད་འགོ་ཁྲིད་མི་སྣ་ཚོས་ངེས་པར་དུ་གསན་འཇོག་གནང་གི་རེད་དྲན་ནས་མུ་མཐུད་ནས་འབྲི་རྒྱུའི་སེམས་ཤུགས་སླེབས།

ཡིན་ནའང་། མུ་མཐུད་ནས་འཕྲིན་ཡིག་ལམ་ནས་ཞུ་མི་འདོད་པའི་རྒྱུ་མཚན་ནམ། བསམ་བློ་འཁོར་པ་ནི། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་ཐོག་ནས་བརྙན་དང་། ཡིག་ཐོག་གསར་འགྱུར་གཉིས་ཀའི་ནང་ལ། ༢༠༡༥།༨།༤ ཉིན་སྤེལ་པར་གཞིགས་ན། གསར་འགྱུར་འགོ་བརྗོད་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ། ཞེས་བྲིས་འདུག སློབ་དེབ་གཏན་འབེབས་ཚོགས་འདུ། ཞེས་པ་ལས། གཏན་འབེབས་བྱས་ཚར་ཡོད་པ་མཐོང་བས། ཕྲན་ལྟ་བུས་རྨོངས་འཆར་འབུལ་ཁུལ་བྱས་ནའང་། སློབ་དེབ་གཏན་འབེབས་ཟིན་པས། ཁ་སྐད་དུ། གལ་སྲིད་ངས་མུ་མཐུད་ནས་བསམ་འཆར་བྲིས་ཀྱང་དེ་ནི་ཆོ་མེད་ཀྱི་ལས་ཀ རེད་འདུག་དྲན། གཞུང་འབྲེལ་གསར་འགྱུར་དེའི་ནང་། ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་བ་ ༧  ཚེས་ ༢༩ ནས་ཟླ་ ༨ ཚེས་ ༣ བར་ཉིན་དྲུག་རིང་ཤེས་རིག་ཚོགས་ཁང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་གཏན་འབེབས་གནང་། ཞེས་བྲིས་འདུག བྱང་ཨ་རི་ཙམ་མིན་པར་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་གཏན་འབེབས་གནང་འདུག ཕྲན་གྱིས་དེ་སྔ་བྱང་ཨ་རིའི་བོད་ཡིག་སློབ་དེབ་རེད་དྲན་ནའང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རེད་འདུག ཁྱབ་ཆེན་པོ་རེད། བྱང་ཨ་རི་དང་། ཡོ་རོབ། ཨོ་གླིང་བཅས་ས་གནས་སོ་སོའི་སྐད་ཡིག་དང་། སློབ་གསོའི་ལམ་ལུགས། སྤྱི་ཡོངས་ཀྱི་གནས་སྟངས་དང་། ཁོར་ཡུག་མི་འདྲ་བ་རེད། སློབ་དེབ་གཅིག་འགྱུར་བཟོ་ཐུབ་ཡོད་ན་ཧ་ལས་པ་རེད། ངས་ད་བར་ཡང་ཡང་བརྗོད་པ་ནི་སློབ་ཕྲུག་གི་ལོ་ཚད་དང་། ཤེས་ཚད། འཚར་ལོངས་བྱུང་སའི་ཁོར་ཡུག་བཅས་ལ་གཞི་བཞག་ནས་སློབ་ཁྲིད་བྱེད་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་གཅིག་རེད། ངས་ཚོད་རྩིས་བྱས་ན། ཡོ་རོབ་དང་བྱང་ཨ་རིའི་སློབ་ཚན་ཨང་རྩིས་དང་ཚན་རིག་ལྟ་བུ་ཡིན་ནའང་སློབ་དེབ་གཅིག་པ་བཟོ་ཐུབ་ཀྱི་ཡོད་ཀྱི་མ་རེད། ལུང་པ་སོ་སོའི་ཁོར་ཡུག་དང་གནས་སྟངས་མི་འདྲ་བས་སློབ་དེབ་ཀྱང་མི་འདྲ་བ་བཟོས་ཡོད་ངེས་རེད་དྲན། ད་དུང་གསར་འགྱུར་དེ་བཀླགས་པས་ཧ་ལས་པའི་གནས་སྟངས་གཅིག་མཐོང་། ཉིན་དྲུག་གི་ནང་ལ། འཛིན་གྲྭ་ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་སློབ་དེབ་གཏན་འབེབས་བྱས་འདུག དེ་ནས་ཤེས་རིག་ལས་ཁུངས་ནས་བཟོ་སྒྲིག་གིས་གཞུང་འབྲེལ་དྲྭ་རྒྱའི་ནང་ལ་སྤེལ་པའི་གསར་འགྱུར་དེའི་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགོངས་ཚུལ་འབྱོར་བ་རྣམས་ཀྱི་ནང་དོན་རྣམས་ངོ་སྤྲོད་གནང་བ་དང་། ཚོགས་མི་རྣམས་ཀྱིས་རགས་ཟིན་སློབ་དེབ་ཀྱི་སློབ་ཚན་རེ་རེའི་སྟེང་གོ་བསྡུར་སྦྱངས་བཤད་གནང་སྟེ། སྣོན་འཕྲི་གང་དགོས་བྱས་ཏེ་གཏན་འབེབས་གནང་། ཞེས་བྲིས་འདུག དགོངས་ཚུལ་འབྱོར་པ་ཞེས་པའི་ཁོངས་སུ་ཕྲན་གྱིས་ད་བར་ཁ་བརྡ་དྲྭ་ཚིགས་ཐོག་ལ་སྤེལ་པའི་འཕྲིན་ཡིག་སྔ་མ་དྲུག་གི་ནང་དོན་ཚུད་ཡོད་པའི་རེ་བ་ཡོད། གལ་སྲིད་ཚུད་ཡོད་ན་ཉིན་དྲུག་ནང་ལ་སློབ་དེབ་བཞི་ཕར་བཞག འཛིན་གྲྭ་བདུན་པའི་སློབ་དེབ་ཡང་གཏན་འབེབས་བྱེད་རྒྱུ་ཁག་པོ་རེད། གཏན་འབེབས་བྱེད་སྟངས་དང་བྱེད་མཁན་གྱི་སྐུ་པར་མཇལ་པ་ཙམ་གྱིས། བོད་ཀྱི་གཏམ་དཔེར། བ་ཉལ་སྟངས་ལས་བེའུ་སྐྱེ་སྐྱོག་སྐྱེ་རྒྱུ་ཡིན་པ་གཏན་འཁེལ་འདུག དྲན།

གསར་འགྱུར་དེའི་ནང་། གཏན་འབེབས་ཚོགས་ཆུང་གི་ཚོགས་མི་ནི། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་པ་གཅིག་ལྕོགས་ཟུང་དྲུང་དགེ་འདུན་དོན་ཡོད་ལགས་དང་། རྩོམ་སྒྲིག་ཚན་པའི་འགན་འཁུར་བ་སྡེ་འགན་ངག་དབང་བསྟན་འཛིན་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དྲུང་གཞོན་ལས་རོགས་བསྟན་འཛིན་དཔལ་ལགས། དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་བར་མའི་བོད་དགེ་བློ་བཟང་ཚེ་རིང་ལགས། ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ་ཨོ་ཤོད་ཚེ་རིང་གཡང་འཛོམས་ལགས། ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་དགེ་ཟུར་པ་དང་དོན་གཉེར་ཅན་ལ་དྲྭ་ཐོག་ཏུ་བོད་ཡིག་སློབ་ཁྲིད་གནང་མཁན་ཉི་མ་བུ་ཁྲིད་ལགས། ནང་བསྟན་སྲི་ཞུ་ཁང་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་རྒྱུས་སྟོན་པའམ་དགེ་རྒན་ཟུར་པ་དང་། དོན་གཉེར་ཅན་ལ་དྲྭ་ཐོག་ཏུ་བོད་ཡིག་སློབ་ཁྲིད་གནང་མཁན་འཇིགས་མེད་འཕྲིན་ལགས་བཅས་ཡིན། ཅེས་བྲིས་འདུག ཧ་ལས་པའི་བློ་ཕམ་དགོས་པ་གཅིག་ནི། གཏན་འབེབས་གནང་མཁན་ནང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་གཅིག་ཀྱང་མི་འདུག ཤེས་རིག་ལས་ཁུངས་ནས་གདན་འདྲེན་ཞུ་མི་ཐུབ་པ་ཡིན་གྱི་མ་རེད། ནིའུ་ཇར་སིའི་སློབ་སྤྱི་རྒན་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་། སྦེལ་འཇམ་གྱི་བོད་དགེ་ལྷག་པ་ཚེ་རིང་ལགས་སོགས་དྷ་སར་ཕེབས་དུས་སྐབས་སུ་ཚོགས་འདུ་ཚོགས་ནའང་། ད་དུང་ཤེས་རིག་ནས་གདན་འདྲེན་མི་ཞུ་དོན་གང་ཡིན་ནམ། ད་དུང་། ནང་བསྟན་སྲི་ཞུ་ཁང་གི་དགེ་རྒན་ཟུར་པ། ཞེས་མིང་བཏགས་པ་དང་། ཟེར་རྒྱུས་ཕོངས་པ་ཞེས་ལབ་སྲོལ་ཡོད་པ་ལྟར། མཚན་གནས་འབོད་རྒྱུ་མེད་པར་། ཟུར་པའི་རྗེས་སུ། དོན་གཉེར་ཅན། ཞེས་པ་ལྟ་བུ་བྲིས་ནས་གདན་ཞུ་བྱས་འདུག ནང་བསྟན་སྲི་ཞུ་ཁང་གིས་སློབ་ཁྲིད་བྱེད་ཡུལ་ནི་ཕྱི་མི་ཡིན་པ་ལས་བོད་པ་མ་རེད། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་ང་ཚོ་ནུབ་ཕྱོགས་སུ་སྐྱེས་མཚར་བྱུང་བའི་བོད་ཕྲུག་རྣམས་ཕྱི་རྒྱལ་མི་རིགས་དང་གཅིག་མཚུངས་ངོས་འཛིན་གནང་གི་ཡོད་ན་ཧ་ལས་པའི་བློ་ཕམ་གྱི་གནས་སུ་གྱུར་། ངས་ཚོགས་ཆུང་ནང་གི་ཚོགས་མི་རྣམས་ལ་མ་གུས་པ་གང་ཡང་མེད། དྷ་སྟེང་བོད་ཁྱིམ་གྱི་བོད་གེ་མིག་ཆུང་ལགས་ཕྲན་གྱི་བོད་ཡིག་དགེ་རྒན་རེད། ཡིན་ནའང་། ཕྲན་གྱིས་དེ་སྔ་འཕྲིན་ཡིག་ནང་ལ་བྲིས་པ་ལྟར། བོད་ཀྱི་སྐད་ཡིག་སློབ་ཚན་སྐབས་སུ་གཙོ་བོ་སློབ་ཚན་གྱི་བརྗོད་དོན་གཞི་བཞག་ནས་སློབ་ཁྲིད་གནང་བ་ལས་འཁྲིད་གཞིའི་སློབ་ཚན་དེ་བརྒྱུད་ནས་སློབ་ཕྲུག་གི་ཀློག་རྩལ་དང་། ཉན་རྩལ། འབྲི་རྩལ། བཤད་རྩལ་སོགས་ཡར་རྒྱས་བཏང་པ་ཧ་ཅང་དཀོན་པོ་རེད། ཡིན་ནའང་། ཚོགས་ཆུང་ནང་ལ་ཡོད་པའི་དགེ་འདུན་དོན་ཡོད་ལགས་དང་། དཔེ་སྟོན་དགེ་རྒན་བློ་ཚེ་ལགས་ཀྱི་མཚན་སྙན་དེ་སྔ་ནས་ཐོས་མྱོང་ཡོད། དངོས་སུ་མཇལ་མྱོང་མེད། དཔེར་ན། བསྟན་འཛིན་བསད་པ། ཞེས་པའི་བརྩམས་སྒྲུང་རྩོམ་པ་པོ་དཔེ་སྟོན་སློབ་ཟུར་ཁོང་གིས་རྒན་ཟླ་བ་ཚེ་རིང་ལགས་དང་། བློ་བཟང་ཚེ་རིང་ལགས་གཉིས་ཀྱི་མཚན་དངོས་སུ་སྨྲས་ནས་ཁོ་རང་གིས་བོད་ཡིག་སྒྲུང་དེབ་འབྲི་ཐུབ་པའི་གནས་སྟངས་བྱུང་ཞེས་དྷ་སར་གོ་སྒྲིག་ཞུས་པའི་དུས་སྟོན་གཅིག་གི་ཐོག་ལ་བཤད་ཡོད།

དཔལ་ལྡན་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་རྒྱའི་ཐོག་ལ་བརྙན་དང་། ཡིག་ཐོག་གཉིས་ཀར་སྤེལ་པའི་གསར་འགྱུར་ཐུང་ཐུང་དེའི་ནང་ལ་མགོ་རྙོག་དང་། སྔ་ཕྱི་མི་མཐུན་པ། གོ་བདེ་ཙམ་བཤད་ན། གསལ་པོ་མེད་པའི་གནས་ཚུལ་གཅིག་བྲིས་འདུག གཏན་འབེབས་དང་། ཚོད་ལྟ། ཞེས་པ་གཉིས་མཉམ་དུ་བྲིས་ཚེ་གང་ལ་གོ་བ་ལེན་དགོས་སམ། གསར་འགྱུར་གྱི་མཇུག་ལ་དེ་ལྟར་བྲིས་འདུག གསར་འགྱུར་ནང་། གཏན་འབེབས་བྱུང་བའི་སློབ་ཚན་ལེགས་གྲུབ་ཟིན་རྗེས་པར་སྐྲུན་གྱིས་ཚོད་ལྟའི་ཆེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ལ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག ཅེས་བྲིས་འདུག གཏན་འབེབས་བྱས་ཚར་པ་དང་། ཡང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ལ་ཚོད་ལྟ་བྱ་རྒྱུ་ཡིན་འདུག འོ་ན། ང་ཚོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནི་ཤེས་རིག་ལས་ཁུངས་ནས་ཚོད་ལྟ་བྱ་ཡུལ་ཙམ་རེད་དམ། ཚོད་ལྟ་བྱ་བའི་དུས་ཡུན་ལོ་དེ་དག་རིང་ལ་སློབ་སྦྱོང་གནང་མཁན་ཕྲུག་ཚོ་དང་། ཕྲུ་གུ་དེ་དག་གི་ཕ་མས་ཁས་ལེན་བྱེད་ཐུབ་ཀྱི་རེད་དམ། ང་ནི་དགེ་རྒན་དཀྱུས་མ་གཅིག་དང་། རྨོངས་རྒན་གཅིག་ཡིན་པའི་ཆ་ནས་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་གཞུང་འབྲེལ་དྲྭ་རྒྱའི་ཐོག་ལ་སྤེལ་པའི་གསར་འགྱུར་གྱི་མཇུག་མཐོང་བས། ང་དང་ངའི་སློབ་ཕྲུག་ཚོ་ནི་ཚོད་ལྟ་བྱ་ཡུལ་ཙམ་རེད་འདུག་ཨང་བསམ་པ་དང་། ཡང་། གསར་འགྱུར་དེའི་འགོ་བརྗོད་ལ། གཏན་འབེབས་བྱས། ཞེས་རྫིགས་ཉམས་འདོད་པོས་བྲིས་པ་དེ་གཉིས་གང་འདྲ་ཡིན་ནམ་སྙམ།

ཞོར་བཤད་སྐྱུར་ནས། ཕྲན་གྱིས་མུ་མཐུད་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བརྒྱད་པའི་སློབ་དེབ། ཚོད་ལྟ། ཞེས་པའི་ཐོག་ལ་སྤྱི་སྨན་བསམ་འཆར་མུ་མཐུད་ནས་འགོད་འབུལ་ཞུ་གི་ཡིན། ཕྲན་གྱིས་འཕྲིན་ཡིག་དང་པོའི་ནང་ལ་བྲིས་པ་ལྟར། འཛིན་གྲྭ་བརྒྱད་པའི་སློབ་ཚན་ཁག་ལ་ཡང་། སློབ་ཚན། ༡ ༢ ཞེས་བྲིས་འདུག གཅིག་བྱས་ན་དེ་རིགས་ཨིན་ཡིག་དེབ་ནས་དཔེ་བླངས་པ་ཡིན་གྱི་རེད། ཨིན་ཡིག་དེབ་ནང་ལ། Chapter One, Two ཞེས་འབྲི་མཁན་ཡོད། ཡིན་ནའང་། ད་ལྟ་ང་ཚོས་གཟིགས་བཞིན་པའི་སློབ་དེབ་དེ་ནི་བོད་ཡིག་སློབ་དེབ་ཡིན་པས། བོད་ཀྱི་སྐད་ཡིག་གི་གཤིས་གྲོས་ Tibetan language expression ཐོན་ཐུབ་པ་གཅིག་དགོས་པས། སློབ་ཚན་དང་པོ། གཉིས་པ། ཞེས་པ་ལས། སློབ་ཚན་གཅིག སློབ་ཚན་གཉིས། ཡང་ན། སློབ་ཚན། ༡ ༢ བྲིས་ཚེ་རན་པོ་མེད། རྩོམ་སྒྲིག་པ་ལྷན་རྒྱས། སློབ་ཚན་གཉིས་པ། ལབ་ཀྱི་རེད་དམ། སློབ་ཚན་གཉིས། ལབ་ཀྱི་རེད། དགོངས་པ་བཞེས་རོགས། བསྐྱར་དུ་དེའི་སྐོར་ཞུ་གི་མིན། གྲངས་ཚིག་བེད་སྤྱོད་གནང་སྟངས་སྐོར། དེ་སྔ་ཤེས་རིག་ལས་བྱེད་ཟུར་པ་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་རྩོམ་ལམ་ནས་དགོངས་འཆར་ཞལ་གསལ་པོ་གཅིག་བྲིས་སྤེལ་གནང་འདུག་པ་དེ་ལ་ཤེས་རིག་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་ཐུགས་སྣང་བྱུང་ཡོད་ངེས་པས་ཕྲན་ཆུང་གིས་མང་པོ་ཞུ་གི་མིན།

ཤོག་གྲངས་ ༢ པའི་ནང་། ༧རྒྱལ་བའི་ཤེས་ཡོན་ལམསྟོན་ལས། ཕྲུ་གུ་ཆུང་སྐབས་ནས་ ་་་ ཞེས་སོགས་བྲིས་འདུག ཕལ་ཆེར། ཕྲུ་གུ་ཆུང་ཆུང་སྐབས་ནས་ ་་་ ཞེས་པ་མིན་ནམ། ཡིག་ཕབ་གནང་མཁན་དང་རྩོམ་སྒྲིག་པའི་ནོར་འཁྲུལ་ཡིན་གྱི་མ་རེད། མཛུབ་སྣོན་གྱི་ནོར་འཁྲུལ་ Typing mistake ཡིན་གྱི་རེད། དེང་སྐབས་མི་མང་པོ་གཅིག་གིས་སོ་སོའི་ནོར་འཁྲུལ་གཞན་ལ་གཡོལ་ས་མེད་ནའང་ད་དུང་བརྩལ་ནས་ typing mistake རེད་ཅེས་ཧ་ལམ་སོ་སོས་བྲིས་མེད་པ་ལྟ་བུ་གསུང་མཁན་མང་པོ་མཇལ། དེ་ནས་སློབ་ཚན་དང་པོ། ༧རྒྱལ་བའི་ཤེས་ཡོན་ལམ་སྟོན་བཀའ་སློབ་ནས་ཟུར་འདོན་གནང་བ་དེ་སློབ་ཚན་ཁོངས་སུ་བཅུག་པ་ཙམ་མ་ཟད། སློབ་ཚན་དང་པོར་བཅུག་གནང་བ་དེ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་གི་ཡོད། ༧རྒྱལ་བའི་བཀའ་སློབ་ཁག་ནི་བོད་པ་སློབ་དེབ་རྩོམ་སྒྲིག་གནང་མཁན་ཚོས་སློབ་ཚན་དང་པོར་འཇོག་དགོས་རེད་ལ། བོད་པའི་གསར་འགོད་པ་ལྷན་རྒྱས་ཀྱིས་ཀྱང་༧རྒྱལ་བའི་བཀའ་སློབ་དང་མཛད་འཕྲིན་ཁག་མདུན་ཤོག་དང་། བརྙན་འཕྲིན་གྱི་དང་ཤོས་ Headlines ནང་ལ་འཇོག་དགོས་རེད་དེ། ཡིན་ནའང་། སྐབས་རེ་བོད་པའི་གསར་འགོད་པ་རེ་ཟུང་གིས་ཨ་རིའི་གནས་ཚུལ་གལ་ཆེར་འཛིན་ནས་དང་པོ་བཞག་པ་དང་། ༧རྒྱལ་བའི་མཛད་འཕྲིན་དང་བཀའ་སློབ་ཁག་གཤམ་ལ་སྙན་སྒྲོན་ཞུ་མཁན་ཡང་མཐོང་ཐོས་སུ་གྱུར་། རྩོམ་སྒྲིག་པ་ལྷན་རྒྱས་ལ་འབོད་བསྐུལ་ཞུ་རྒྱུར་། སློབ་ཚན་ནང་ལ་བཀའ་སློབ་བཞུགས་སུ་གསོལ་པ་ཙམ་མིན་པར་། འཇིག་རྟེན། འཛམ་གླིང་། ཞེས་པ་སོགས་ཀྱི་ནང་དོན་དང་། འགྲེལ་བཤད་གསལ་ལ་གོ་བདེ་བ། སློབ་ཚན་ནང་ལ་འཇུག་ཐུབ་པ་ཡིན་ན་སློབ་ཕྲུག་གིས་ཚིག་གསར་སྦྱོང་ཐུབ་པ་མ་ཟད། བཀའ་སློབ་གི་ནང་དོན་ཇི་བཞིན་ཤེས་ནས་སྤྲོ་བ་འཕེལ་རྒྱུར་ཕན་ཁྱད་ཆེན་པོ་ཡོང་ངེས། ཤོག་གྲངས་ ༣ པའི་ནང་། ཤེས་ཡོན་ཡོད་ཀྱང་ག་རེའི་མ་འདང་ན་སྐྱོན་ཡོད་དམ། ཞེས་བྲིས་འདུག ག་རེའི་མ་འདང། ཞེས་པ་དེས་གོ་བ་ག་རེ་སྟོན་གྱི་འདུག་གམ། ཚིག་ཕྲད་སྦྱོར་སྟངས་ཏག་ཏག་བྱུང་འདུག་གམ། དྲི་བ་དེ་སློབ་ཕྲུག་གིས་གོ་བ་ལོན་ཐུབ་པ་འདུག་གམ། དྲི་བར་ལན་གསལ་ཏག་ཏག་རྒྱབ་པར་སྔོན་ལ་དྲི་བ་ཁ་གསལ་མ་ནོར་བ་འདྲི་དགོས་ངེས་རེད། སློབ་ཚན་དངོས་གཞིའི་ནང་ལ། ལྷག་བསམ་གྱི་མི་ལྡེང་ན། ཞེས་བྲིས་པ་དང་། སྦྱོང་ཚན་ནང་ལ། མ་འདང་ན་ ་་་ ཞེས་བྲིས་འདུག ལྡེང་། འདང་། དོན་ལ་ནོར་བ་མེད་ནའང་། ཡིག་གཟུགས་མི་གཅིག་པ་དོན་གཅིག་པའི་ཚིག་རྣམས་གང་ཐུབ་སློབ་ཚན་ནང་ལ་འགྲེལ་བརྗོད་གནང་དགོས་པ་ལས། འགྲེལ་བརྗོད་མ་གནང་བ་ཡིན་ན་སློབ་ཕྲུག་གི་སེམས་ཀྱི་འཆར་སྒོ་མྱུར་བ་དང་བོད་ཡིག་ཤེས་ཚད་ཅུང་དམན་པས་དོགས་པ་རྣམ་རྟོགས་འདྲ་མིན་འཆར་པ་མ་ཟད། སྤྲོ་བ་བརླག་ཉེན་མཐོང་། ངས་གསལ་པོ་ཞུ་འདོད་པ་ནི། ༧རྒྱལ་བའི་བཀའ་སློབ་ཀྱི་ནང་དོན་ལ་ངས་རྩ་བ་ཉིད་ནས་མ་འགྲིག་པ་ཞུ་གི་མེད་ལ། སློབ་ཚན་ནང་ལ་བཅུག་པ་ལ་རྗེས་སུ་ཡི་རང་དགའ་བ་སྒོམ་བཞིན་ཡོད། ཡིན་ནའང་སློབ་ཕྲུག་ལ་ཕན་ཕྱིར་སློབ་དེབ་བཟོས་པ་ཡིན་སྟབས་ཚིག་གནད་རེ་ཟུང་ཟུར་འདོན་ཞུས་པ་ཙམ་ཡིན། གཅིག་བྱས་ན་ཕྲན་ནོར་ཡོད་ངེས་པས་དགོངས་དག

སློབ་ཚན་ ༢ པ། ལས་འབྲས་ཀྱི་རྣམ་གཞག རེད་འདུག སློབ་དེབ་དེ་དག་བོད་ཀྱི་སྐད་ཡིག་སློབ་དེབ་ཙམ་མིན་པར་རིག་གནས་ཚང་བ་མཉམ་དུ་སྤུངས་པའམ། རིག་ཚན་མང་པོ་མཉམ་དུ་བྲིས་པའི་སློབ་དེབ་ལྟ་བུ་རེད་འདུག ཡིན་ནའང་། སློབ་ཕྲུག་གི་སེམས་ཁམས་དང་ཤེས་ཚད་ལ་བསྟུན་ནས་ཚིག་བརྗོད་བེད་སྤྱོད་དང་རྩོམ་སྒྲིག་གནང་རོགས་ཞེས་ངས་སྔ་ཕྱིར་ཡང་ཡང་ཞུས་དང་ཞུ་བཞིན་ཡོད། དཔེར་ན། དགེ་བ། མི་དགེ་བ། བདེ་བ། སྡུག་བསྔལ། ལས། ལས་འབྲས། ཞེས་པ་དེ་རིགས་སློབ་པ་དང་མཉམ་དུ། ལས་ཀ་ཡག་པོ། གཞན་ལ་རོགས་པ་བྱེད་པ། དཀའ་ངལ། ལས་ཀ་ངན་པ། ལས་ཀ་ཡག་པོ་བྱས་ན་སོ་སོ་སྐྱིད་པ་དང་། གཞན་ལ་ཕན་ཐོགས་པ། སྤྱི་ཚོགས་ལ་དང་བླངས་ལས་ཀ་དང་། སྲང་ལམ་ལ་སྡོད་མཁན་སློང་མཁན་སོགས་ལ་བསམ་བློ་གཏོང་སྟངས་སློབ་པ་ཡིན་ན། ཨ་རི་སོགས་ནུབ་ཕྱོགས་ཡུལ་ཁག་ལ་དང་བླངས་ལས་ཀ་བྱེད་རྒྱུ་དར་གསོ་ཆེ་བས་སྐབས་དེ་དུས་སོ་སོའི་ཁེ་ཕན་གཅིག་ལ་དམིགས་ནས་བྱེད་མཁན་མང་ཡང་། དང་བླངས་ལས་ཀ་བྱེད་སྐབས་བསམ་བློ་གཏོང་སྟངས་སོགས་སློབ་ཁྲིད་བྱེད་ཐུབ་པ་ཡིན་ན་དང་བླངས་ལས་ཀ་བྱས་ནས་རང་དང་ཕར་ངོས་གཉིས་ཀར་ཕན་ཐོགས་ཡོང་ཐུབ་པ་ཡོང་ངེས་རེད་སྙམ། ངས་དེ་འདྲ་ཞུ་སྐབས་གཅིག་བྱས་ན། རྩོམ་སྒྲིག་པ་ལྷན་རྒྱས་དང་ཀློག་མཁན་མང་པོས། དེ་རིགས་ནི་དགེ་རྒན་ཚོའི་ལས་འགན་རེད། ཅེས་དགོངས་སྲིད། ཡིན་ནའང་། སློབ་དེབ་ནི་གཙོ་བོ་སློབ་ཕྲུག་ལ་དམིགས་ནས་རྩོམ་སྒྲིག་གནང་དགོས་སྟབས་སློབ་དེབ་ནང་ལ། མཆོག་རྟེན་བོངས་ཚད། ཞེས་པ་སོགས་བྲིས་པ་མཉམ་དུ་ཚིག་གསར་འགྲེལ་བརྗོད་མཉམ་དུ་ཡོད་ན་ཧ་ཅང་ལེགས་སྙམ། སྦྱོང་ཚན་ནང་ལ་གལ་ཆེའི་མིང་ཚིག ཞེས་བྲིས་འདུག་ཀྱང་། གསེར་ཊམ། ཕྱིར་མི་འོང་གི་འབྲས་བུ། བཤགས་སྡོམ་བྱས། ལུང་བསྟན། མཆོད་སྦྱིན། དགེ་སྡིག དགྲ་བཅོམ་ཐོབ། སོགས་བྱང་ཨ་རིའི་བོད་ཕྲུག་གི་འཚོ་བ་དང་ཁ་ཐག་ཧ་ཅང་རིང་ལ། ནམ་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་ཧ་ཅང་དཀོན་པའི་མིང་ཚིག་ལ་གལ་ཆེའི་མིང་ཚིག་ཞེས་མིང་བཏགས་ནས་སློབ་དེབ་ལ་བཅུག་འདུག གོང་གི་གལ་ཆེའི་མིང་ཚིག་ཞེས་འབོད་པའི་མིང་ཚིག་དེ་དག་ཨ་རིའི་ནང་ལ་བོད་པ་ཚོས་བེད་སྤྱོད་ག་ཚོད་བྱེད་ཀྱི་ཡོད་དམ། ཡིན་ནའང་། ངས་སྦྱངས་ཚད་ཚང་མ་བེད་སྤྱོད་ཡོད་པ་དང་། བེད་སྤྱོད་ངེས་པར་དུ་བྱེད་དགོས་པ་གཅིག་རེད་ཅེས་བརྗོད་ཀྱི་མེད། ཨ་རིའི་ནང་ལ་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་དུས་ཚོད་ནི་ཧ་ཅང་དཀོན་པོ་རེད། བདུན་ཕྲག་གཅིག་ལ་ཆུ་ཚོད་ ༡ ཡང་ན། ༢ རེད། དུས་ཡུན་དེའི་རིང་ལ་བྱུང་ན་བོད་ཀྱི་སྐད་ཡིག་འབྲི་ཀློག་ཉན་བཤད་ཀྱི་རྩལ་བཞི་ཀ་ཡར་རྒྱས་འགྲོ་ཐུབ་དགོས། དེ་ལྟར་མ་བྱུང་ནའང། བོད་ཡིག་མུ་མཐུད་ནས་སྦྱོང་རྒྱུའི་སྤྲོ་བ་བསྐྲུན་ཐུབ་པ་ཞིག་ངེས་པར་དུ་ཡོང་བ་བྱེད་དགོས་པས། ང་ཚོ་ཚང་མས་སློབ་ཕྲུག་རྣམས་ལ་གཡས་སྐྱོར་གཡོན་སྐྱོར་གྱིས་རོགས་པ་བྱ་རྒྱུའི་འགན་འཁྲི་གཡོལ་དུ་མེད་པ་ཞིག་ཡོད།

ད་བར་ངས་ཉག་ཉོག་མང་པོ་གཅིག་ཞུས་པ་ཡིན། ད་དུང་གསལ་ཙམ་གཅིག་ཞུ་འདོད་བྱུང་། དཔེར་ན། ཤོག་གྲངས་ ༧ པའི་ནང་། རྒྱུ་དགེ་བ་བྱས་ན་འབྲས་བུ་བདེ་བ་ཁོ་ན་ལས་སྡུག་བསྔལ་མི་འབྱུང་། རྒྱུ་མི་དགེ་བ་བྱས་ན་འབྲས་བུ་སྡུག་བསྔལ་ཁོ་ན་ལས་བདེ་བ་མི་འབྱུང་བའི་སྒྲུབ་བྱེད་གང་ཡོད་དམ། ཅེས་བྲིས་འདུག དེ་ནི་དཔེ་མཚོན་ཙམ་ལས་དེ་འདྲ་བ་ཕྱོགས་ཡོངས་ནས་བྲིས་འདུག བྱང་ཨ་རིའི་སློབ་ཕྲུག་གི་ཤེས་ཚད་ལ་གཞིགས་ནས་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་སློབ་དེབ་རྩོམ་སྒྲིག་གནང་གི་ཡོད་ན། གོང་གི་བརྗོད་པའམ། དྲི་བའི་ཚིག་བརྗོད་ལས་གོ་སླ་བ་གཅིག་ངེས་པར་དུ་འབྲི་ཡི་རེད། གོང་གི་བརྗོད་པའི་ནང་། རྒྱུ། དགེ་བ། ཁོ་ན། སྡུག་བསྔལ། སྒྲུབ་བྱེད། ཟེར་པ་སོགས་ནམ་རྒྱུན་བོད་ཕྲུག་ཚོས་བོད་སྐད་ཅུང་ཟད་ཤོད་རྒྱུའི་གོ་སྐབས་ནང་ལ་བེད་སྤྱོད་གཏོང་མཁན་དང་གཏོང་ཐུབ་མཁན་དཀོན་པོ་རེད། དེ་ལས། སྒྲུབ་བྱེད། ཞེས་པའི་ཚབ་ལ། རྒྱུ་མཚན། ཞེས་པ་དང་། རྒྱུ་དགེ་བ། ཞེས་པའི་ཚབ་ལ། ལས་ཀ་ཡག་པ། ཞེས་སོགས་བེད་སྤྱོད་ཀྱིས་གོ་སླ་པོའི་ཐོག་ནས་བརྗོད་པ་བཟོས་པ་ཡིན་ན་སློབ་ཕྲུག་གི་སྐད་ཡིག་ཡར་རྒྱས་འགྲོ་ཐུབ་པ་མ་ཟད། ནང་དོན་གོ་བ་ལོན་ནས་ལུས་ངག་གི་སྤྱོད་ལམ་ལ་ཡར་རྒྱས་ཡོང་རྒྱུར་ཕན་ཁྱད་ཆེན་པོ་ཡོང་ངེས་རེད་སྙམ། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་འབྲི་མཚམས་འདིར་འཇོག་གི་ཡིན། རྗེས་སུ་མུ་མཐུད་འགོད་ཀྱི་ཡིན། ཐུགས་སྣང་ཅན་གྱི་རྒྱ་ཆེའི་ཀློག་མཁན་རྣམ་པ་དང་། ཤེས་ལྷན་རྩོམ་སྒྲིག་ཚོགས་ཆུང་ནས་ཐུགས་སྣང་གནང་ཡོད་པའི་རེ་བ་དང་། ཁ་བརྡ་དྲྭ་ཚིགས་ནས་འདོན་སྤེལ་གནང་པར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་གི་ཡོད། སྐྱོན་དང་ནོར་འཁྲུལ་མེད་པ་མི་སྲིད་སྟབས། བཟོད་གསོལ་དང་ལེགས་སྤེལ་ཉེས་འགོག་གི་དགོངས་སྩོལ་མཁན་ཡོད་ན་དགའ་བསུ་ཞུ་གི་ཡོད། ཐུགས་རྗེ་ཆེ། །

མུ་མཐུད་འགོད་རྒྱུ།

གསུང་བཤད།, བཀླགས་བྱང་།

Post navigation

Previous Post: ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་སྐོར་ལ་དཔྱད་པའི་གཏམ།   
Next Post: དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།    

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme