Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཛའ་སེམས་གླེང་བ།

Posted on 2015-10-042015-10-04 By ཁ་བརྡ 2 Comments on མཛའ་སེམས་གླེང་བ།

ཧྥན་སེ་སི་བྷེ་ཀུན་“Francis Bacon”གྱི་<<ལྷུག་རྩོམ་ཕྱོགས་བསྡུས་>>ལས།
ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།

 
གནའ་མི་ཚོས་བཤད་རྒྱུན་ལ་“ཁེར་རྐྱང་དུ་འཚོ་བར་སྤྲོ་བའི་མི་དེ་ནི་གཅན་གཟན་མིན་ན་ལྷ་ཡིན་ཟེར།” བདེན་རྫུན་གཉིས་བསྲེས་ནས་ཡོད་པ་འདི་ལས་ལྷག་པའི་སྐད་ཆ་གཞན་ཞིག་ཡོད་མི་སྲིད། གལ་ཏེ་མི་ཞིག་སྤྱི་ཚོགས་དང་ཁ་བྲལ་ཏེ། རི་ཁྲོད་དུ་འགྲིམ་ནས་གཅན་གཟན་གྲོགས་སུ་བསྟེན་ཁུལ་བྱེད་པ་ཡིན་ན། དེ་ནི་ལྷ་རུ་ཇི་ལྟར་འགྱུར་ཏེ་གཏན་ནས་འགྱུར་མི་སྲིད། མི་ཞིག་གིས་འདི་ལྟར་བགྱི་བའི་དམིགས་ཡུལ་ནི། སྤྱི་ཚོགས་ལས་བུད་དེ་ཆེས་བླ་མེད་ཀྱི་འཚོ་བ་ཞིག་འཚོལ་བའི་དབང་དུ་བཏང་ན་ཡང་དེ་ལྟར་ཡིན། དཔེར་ན་ཁཱ་ནཱ་ཌན་གྱི་༡ཨེ་པེ་མེ་ནེ་ཌིས་སུ། རོ་མཎ་གྱི་ ༢ ནའོ་མཱ། སེ་སུ་ལེན་གྱི་༣ཨེམ་པེ་ཌོ་ཁུ་ལེ་སུ་དང་ ༤ཊཱ་ནཱ་ཡི་ཨ་པོ་ལོ་ཎཱོ་སུ་བཅས་ཡིན།

ལ་རེས་ཁེར་རྐྱང་ཁོ་ནར་བྱེད་འདོད་བསམ་པ་ནི། མཛའ་སེམས་དང་བྱམས་བརྩེའི་དྲོད་ཁོལ་གྱི་མི་ཚོགས་ཀྱི་ཁྲོད་ནས་འཚོ་བ་རོལ་མ་ཐུབ་པས་ཡིན། དེ་འདྲའི་ཡི་མུག་པ་ནི་གནའ་བོའི་ལཱ་ཊན་གཏམ་དཔེ་རུ་བཤད་པའི་“Magna Civitas,Magna Solitudo,” “རླབས་ཆེན་གྱི་གྲོང་ཁྱེར།། རླབས་ཆེན་གྱི་དབེན་གནས།།”ཞེས་པ་ལྟ་བུ་ཡིན་ལ། མིའི་ངོ་གདོང་ནི་སྐྱ་ཐིག་ཐིག་གི་རི་མོ་ཞིག་དང་འདྲ་ལ། མིས་བཤད་པའི་སྐད་ཆ་ནི་རྣ་བར་གཟན་པའི་ཅ་ཅོ་ཞིག་ལས་མ་འདས། འདི་ལས་ལྡོག་འདོད་པ་ནི་ལས་འདིར་འཇུག་མི་འདོད་པའོ།

འདི་ལས་གསལ་རྟོགས་ཐུབ་པ་ནི་མི་དང་མིའི་བར་གྱི་མཛའ་སེམས་ནི་མི་ཚེ་ལ་མཚོན་ན་ཇི་འདྲའི་གལ་ཆེན་ཞིག མཛའ་སེམས་ཐོབ་མི་ཐུབ་པའི་མི་ནི་ཚེ་གང་བོར་ཁེར་རྐྱང་ཡིན་ངེས་ལ། མཛའ་བརྩེ་མེད་པའི་སྤྱི་ཚོགས་སམ་འཇིག་རྟེན་ཏེ་མི་མེད་ལུང་སྟོང་གི་མྱ་ངམ་ཐང་ཆེན་ཞིག་དང་གཉིས་སུ་མ་མཆིས། དེ་བས་ཁེར་རྐྱང་ལ་དགའ་བའི་མི་དེ་དང་དེའི་རང་གཤིས་མིར་མི་གཏོགས་པར་གཅན་གཟན་དུ་གཏོགས། མི་བུ་གང་ཞིག་མི་འདོད་པ་ཞིག་དང་འཕྲད་དེ་ཡི་མུག་སྐྱོ་གདུང་དང་བཅས་ཏེ་ཡོད་དུས། རང་གི་སྙིང་ཉེའི་གྲོགས་པོ་ཞིག་ལ་སྙིང་གཏམ་ལྷུག་པོར་བརྗོད་པས་རང་ལ་དབུགས་དབྱུང་ཐོབ་ཡོང་། དེ་མིན་ཡི་མུག་པ་འདིས་ནད་རིགས་སྣ་ཚོགས་ཤིག་གི་སྣ་འདྲེན་བྱེད་པར་འགྱུར།

དེ་ཡང་གསོ་བ་རིག་པས་བཤད་ན། མཆིན་ནད་མཆིན་སྨན་གྱིས་སེལ་ལ་མཚེར་ནད་མཚེར་སྨན་གྱིས་སེལ། གློ་ནད་གློ་སྨན་གྱིས་སེལ་ལ་མགོ་ནད་མགོ་སྨན་གྱིས་སེལ་ཟེར། ཡིན་ནའང་སེམས་ཁོང་གི་ཡི་མུག་ཏེ་སྙིང་ཉེའི་གྲོགས་པོའི་མཛའ་བརྩེ་མ་གཏོགས་སྨན་རྫས་གང་ཞིག་གིས་ཀྱང་བཅོས་མི་ཐུབ་ལ་མཆོད་ཁང་དུ་སོང་ནས་མཐོལ་བཤགས་བྱེད་པའི་ཡང་མི་ཕན། སྙིང་ཉེ་བའི་གྲོགས་པོ་ཁོ་ན་ལ། ཁྱོད་ཀྱི་སྡུག་བསྔལ་དང་དགའ་སྤྲོ། འཇིགས་སྐྲག་དང་རེ་བ། རེ་དོགས་དང་ཁ་ཏ་སོགས་འཛེམ་དོགས་མེད་པར་བཤད་ཆོག

དེའི་ཕྱིར་ཐ་ན་མཐོན་པོའི་ཁྲི་ལ་འགྱིང་བའི་རྒྱལ་པོ་རྣམས་ལའང་མཛའ་སེམས་མེད་ཐབས་བྲལ། མང་བོ་ཞིག་གིས་རང་ཉིད་ཀྱི་གོ་འཕང་དམའ་སར་ཕབ་ནས་ཀྱང་མཛའ་སེམས་ལ་དོན་གཉེར་བྱས་པ་ཡིན། སྤྱིར་ན་རྒྱལ་པོས་མཛའ་བརྩེའི་ལོངས་སྤྱོད་ལོངས་སུ་བྱ་མི་ཐུབ་སྟེ། མཛའ་སེམས་ཀྱི་རྨང་གཞིའི་ཆ་རྐྱེན་ནི་འདྲ་མཉམ་ཡིན་ལ། རྒྱལ་པོ་དང་བློན་འབངས་ཀྱི་གོ་གནས་བར་ཁྱད་ཆེ་བས་སོ། དེ་བས་རྒྱལ་པོ་མང་པོ་ཞིག་གིས་རང་ཉིད་དགའ་བའི་མི་དེ་དང་འགྲོགས་བདེ་ཕྱིར་དེ་དག་རང་གིས་“ནང་བློན་”དང་“ཉེ་འཁོར་”དུ་མི་འཐེན་ཐབས་མེད་ཆགས། ཡིན་ནའང་རོ་མཎ་གྱི་མིས་རྒྱུ་དང་བདེན་ལུགས་ལ་ལྟ་བཞིན་མི་འདི་དག་ལ་“རྒྱལ་པོའི་སེམས་ཚེགས་རོགས་”“Participes Curarum”ཞེས་ཟེར།
ལབ་རྒྱུན་འདིས་དོན་དང་ཆེས་མཐུན་པའི་སྒོ་ནས་ཁོ་ཚོའི་ཕན་ནུས་བརྗོད་ཐུབ་ཡོད། དོན་དངོས་སུ་རང་གཤིས་ཅོལ་ཆུང་སེམས་ཆུང་གི་རྒྱལ་པོ་དག་གིས་འདི་ལྟར་མཛད་པ་མ་ཟད། རང་གཤིས་བརྟན་ཅིང་དཔའ་མཛངས་གཉིས་ལྡན་གྱི་རྒྱལ་བོ་དག་གིས་ཀྱང་རང་གི་བློན་འབངས་ཁྲོད་ནས་གྲོགས་མ་བདམས་ཐབས་མེད་ཡིན། འདིི་ལྟ་བའི་འབྲེལ་བ་འདི་འཛུགས་ཕྱིར་ཁོ་ཚོས་རང་གི་མ་གཞིའི་རིགས་རུས་མཐོན་པོ་དེ་གང་ནུས་ཅི་ལྕོགས་ཀྱིས་བརྗེད་དགོས་པ་ཡིན།

རོ་མཎ་གསར་བརྗེ་འཐབ་རྩོད་པའི་རྒྱལ་པོ་ ༥ སུལ་ལཱ་ཡིས་སྔོན་རོ་མཎ་གྱི་དམག་སྤྱི་ཆེན་མོ་ ༦ཕོམ་ཕེན་དང་གྲོགས་བསྒྲིགས། རེ་ཞིག་ཕོམ་ཕེན་གྱིས་ལེ་པེ་སྒྲོས་སི་ཞེས་པ་དེ་ཕྱི་འབྲེལ་སྐུ་ཚབ་ལས་གནས་སུ་ཞུགས་པར་རྒྱབ་སྐྱོར་ཚུལ་གྱིས་འོས་ཤོག་འཕེན་ཞིང་ཁོ་ཐོབ་པས་སུལ་ལཱ་ལ་ཕོག་ཐུག་ཆེན་པོ་བཏང་ཡང་མཛའ་སེམས་ཀྱི་དུངས་བའི་ཕྱིར་ཁོས་བཟོད་སྒོམ་བྱས། དེ་ནས་ཡང་ཕོམ་ཕེན་གྱི་རྒྱལ་པོའི་མདུན་ནས་རང་གིས་རང་ལ་བསྔགས་བརྗོད་འདི་ལྟ་བུ་ཞིག་སྤེལ་བ་སྟེ་“ཉི་གཞོན་ཤར་བར་སྤྲོ་མཁན་ནི་རང་བཞིན་གྱིས་ཉི་ནུབ་ལ་སྤྲོ་མཁན་ལས་མང་”ཞེས་བཤད།

དེ་མིན་ད་དུང་རོ་མཎ་དབང་དུ་བསྡུ་མཁན་གྱི་དཔའ་རྟུལ་ ༧ཇོས་ལེའུ་སི་ཀཱེ་སཱར་ཡི་ ༨ཌེ་སེ་མུས་སི་བྷ་རུས་ཌུ་སི་ལ་གྲོགས་བསྒྲིགས་པ་མ་ཟད། ཁོ་རང་ཉིད་ཀྱི་ཤུལ་འཛིན་པའི་གྲས་སུ་བཞག ཉིན་ཞིག་ཀཱེ་སཱར་ཡི་བཟའ་ཟླ་ ༩ཀེལ་ཧྥོར་ནེ་ཡཱ་ཡི་རྨི་ལམ་དུ་ཁོ་མོའི་ཁྱོ་ག་ལ་ནད་གཞི་ཚབས་ཆེན་ཞིག་ཕོག་པ་རྨིས། དེའི་ཞོགས་པར་མོར་ཁྱོ་ག་ཚོགས་འདུར་གཏོང་རྒྱུའི་འདུན་པ་གཏན་ནས་མེད་ཅིང་གྲོགས་བྷ་རུས་ཌུ་སི་ཡིས་གདེང་ཚོད་ཆེན་པོའི་ཁོའི་དཔུང་བ་ནས་འཇུས་ཤིང་བཟའ་ཟླ་ཡི་རྨི་ལྟས་ལ་བརྟག་རྒྱུ་མེད་པའི་བསླུ་སེམས་སྣ་ཚོགས་བཤད་ཅིང་གཡོ་འོག་ཏུ་ཚུད་དེ་མཐར་མི་དེ་ཏག་ཏག་ཀཱེ་སཱར་ཡི་ལག་དམར་དུ་གྱུར་བ་རེད།

དེ་བས་ ༡༠ཨན་ཌོ་ནེ་སུ་ཡིས་ཁོ་ལ་“གདོན་འདྲེ་”ཞེས་འབོད་པར་གནས་ལུགས་ཡོད་དེ། ཁོས་ཀཱེ་སཱར་གཡོ་སྒྱུ་ཁྲམ་གསུམ་གྱི་བསླུ་བྲིད་བྱེད་པ་དེ་གདོན་འདྲེའི་ཆོ་འཕྲུལ་ཞིག་དང་གཉིས་སུ་མ་མཆིས་སོ།
རོ་མཎ་གོང་མ་རྒྱལ་པོ་ཐོག་མ་ ༡༡ཨ་གྷི་སི་ཁྲུ་སུ་དང་རོ་མཎ་ཆབ་སྲིད་སྤྱི་ཁྱབ་ཆེན་མོ་ ༡༢ཨ་གྷི་རེ་པཱ་གཉིས་ཆེས་བློ་ཐག་ཉེ་བའི་གྲོགས་པོར་གྱུར་ཞིང་མཐར་རྒྱལ་པོའི་མནའ་མཐུན་གྲོགས་པོའམ་ཆབ་སྲིད་སློབ་དཔོན་ ༡༣་མའེ་ཁུ་ནེ་སུ་ཡིས་ལམ་སྟོན་ལྟར་ཁོའི་བུ་མོ་ ༡༤ལྗོས་ལེ་ཡ་ཁོར་བག་མར་སྦྱིན།
དེ་བཞིན་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་༡༥ཏྲེ་པེ་རུས་སི་ཀཱེ་སཱར།༡༦སེ་ཇེ་ནུས་སི། ༡༧སེབ་ཁྲི་མུས་སི་དང་༡༨པུ་ལེ་ཁྲི་ནུས་སི་སོགས་རྒྱལ་པོ་དང་། ཆབ་སྲིད་པ། དམག་སྤྱི་ཆེན་མོ་སྟེ་མདོར་ན་འདི་དག་ཐམས་ཅད་ཀྱིས་གྲོགས་བསྒྲིགས་པ་དེ་ཁོ་ཚོའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཡ་ཙམ་ཞིག་གཏན་ནས་མིན་ཏེ། ཁོ་ཚོ་ལ་ཆུང་མ་དང་། བུ་ཕྲུག ཉེ་འབྲེལ་སོགས་ཀྱིས་སྟོབས་ཤུགས་ལྡན་ན་ཡང་གྲོགས་པོའི་མཛའ་སེམས་འདི་མེད་ན་འཚོ་གནས་འདི་ཡོངས་རྫོགས་ཤིག་མིན་པར་གསལ་བཤད་བྱས་ཡོད།

དེ་ཡང་སྔོན་ཧྥ་རན་སིའི་ལོ་རྒྱུས་སྨྲབ་༡༩ཀོ་མེ་ནེའུ་སིས་མཛའ་སེམས་ཀྱི་ཕན་ནུས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་གྲུབ་འབྲས་འདི་ལྟ་སྟེ། གྲོགས་པོ་མེད་པའི་མི་ཚོས་སུ་ཞིག་ལ་གསང་གཏམ་དང་ཡིད་ཆེས་བྱེད་དགོས་མི་ཤེས་པར་ལྷག་ཅིང་། གསང་གཏམ་ཡོད་ཚད་ཁོག་ཏུ་སྦས་པས་མཐར་སེམས་ངལ་ཞིང་དུབ་པ་དང་སྡུག་བསྔལ་ཚད་མེད་ཀྱི་གཞི་མ་རུ་འགྱུར་བའི་དཔེར་ཁོའི་སྦྱིན་བདག་༢༠་ཌོ་ཁུ་ཆཱར་ལིས་སུ་དང་༢༡ལོས་སུ་གཉིས་དྲངས་ཡོད། དེ་ལྟར་གྷི་རི་སིའི་མཚན་ཉིད་སྨྲ་བ་༢༡པེ་ཐཱ་གྷོ་རེ་སུས་ཤུགས་བསྟན་གྱི་ལེགས་བཤད་འདི་འདྲ་ཞིག་གསུངས་ཡོད་དེ།“ མུན་པ་སྟེ་ནག་ཁུང་ཡིན་པ་བདེན་མོད། འོན་ཀྱང་རང་སེམས་ལ་གནོད་པ་མ་སྐྱེལ་”ཟེར། གལ་ཏེ་མི་ཞིག་ལ་གསང་བ་ཡོད་བཞིན་དུ་གྲོགས་པོ་ཞིག་ལ་བཤད་ཐབས་མེད་དུས། ཁོ་ནི་དོན་དམ་པར་རང་སེམས་ལ་གནོད་པ་བྱེད་མཁན་གྱི་མི་རུ་གྱུར་ཡོད།

དོན་དངོས་སུ་མཛའ་སེམས་ཀྱི་ཆེས་ཁྱད་དུ་འཕགས་པའི་དགེ་མཚན་ནི། གལ་ཏེ་ཁྱོད་ཀྱིས་ཁྱོད་ཀྱི་དགའ་སྤྲོ་གྲོགས་པོ་གཅིག་ལ་བཤད་ཚེ། ཁྱོད་ལ་དགའ་སྤྲོ་ལྡབ་འགྱུར་ཐོབ་ལ། གལ་ཏེ་ཁྱོད་ཀྱིས་ཁྱོད་ཀྱི་སྐྱོ་གདུང་གྲོགས་གཅིག་ལ་སྨོས་ཚེ། སྐྱོ་གདུང་གཉིས་ཆ་བགོས་སུ་བྱས་པས་ཕྱེད་ཀ་རུ་གྱུར་ཡོད། དེ་བས་མིའི་མི་ཚེ་ལ་མཚོན་ན་མཛའ་སེམས་ནི་གསེར་འགྱུར་སྦྱོང་མཁན་གྱིས་འཚོལ་བཞིན་པའི་གསེར་རྩི་དང་ཀུན་ནས་མཚུངས་བ་མ་ཟད་དེས་གསེར་ལྡབ་འགྱུར་གྱིས་འཕེལ་བར་བྱེད་ལ། ལྕགས་ནག་གསེར་དུ་བསྒྱུར་ཐུབ། རང་བྱུང་ཁམས་ནས་དངོས་རྫས་ཟུང་སྦྱོར་བྱེད་ནས་སྐྱེ་འཕེལ་བཟོ་ཏུབ་པ་ཡིན་ན། དེས་ན་མི་དང་མི་དེ་ལྟ་དེ་མཚུངས་ཡིན་པ་སྨོས་ཅི་དགོས།

གལ་ཏེ་གོང་ནས་བསྟན་པ་དེ་དག་གིས་མཛའ་བརྩེས་མིའི་ཡིད་ཤེས་ལ་འགྱུར་བ་བཏང་ཐུབ་པར་བདེན་དཔང་བྱས་ཡོད་ན། དེ་ཡི་ཕན་ནུས་གཞན་ཞིག་ནི་མིའི་ཤེས་རབ་བསྐྱེད་ཐུབ་པ་དེ་ཡིན། རྒྱུ་མཚན་ནི་མཛའ་བརྩེ་ཡིས་དྲག་ཆར་རླུང་འཚུབ་ཀྱི་ཡིད་ཤེས་ཀྱི་འཇིག་རྟེན་ལས་ཐོན་ཏེ་བསིལ་རླུང་ཆར་ཟིམ་གྱིས་དུས་ཚིགས་དེར་ཁྲིད་ཐུབ་པ་མ་ཟད། ད་དུང་སྨག་ནག་དོགས་སེམས་ཀྱི་བསམ་པའི་འཁྲུལ་ཤེས་ལས་ཐར་ཏེ་གསལ་ཞིང་རིགས་རྟོག་ཅན་གྱི་བསམ་གཞིགས་ཀྱི་མཁའ་དབྱིངས་སུའང་ཁྲིད་ཐུབ་པ་ཡིན། འདི་ནི་ཁྱོད་ལ་ཡིད་ཆེས་བཅོལ་སའི་གྲོགས་ཤིག་ཡོད་པས་ཁྱོད་ལ་གཞེན་སྐུལ་འདེབས་ཐུབ་པའི་སྟབས་ཀྱིས་ཡིན་པ་ལ། བློ་བདེ་བག་ཕེབས་ཀྱི་བགྲོ་གླེང་ཞིག་གིས་ཁྱོད་ཀྱི་ཡོངས་སུ་དཀྲུགས་པའི་སེམས་ཁོང་གི་མདུད་པ་ཐམས་ཅད་གོ་རིམ་ངེས་ཅན་ལྟར་གཙང་སེལ་བྱེད་ཐུབ་པ་ཡིན།

མི་སུ་ཞིག་ཡིན་ཡང་སེམས་ཁོང་གི་འདོད་པ་གང་ཞིག་སྐད་ཆའི་ལམ་ནས་སྟོན་དུས། ཁོས་ཀྱང་རིམ་གྱིས་དེ་ཉིད་ཀྱི་མཇུག་འབྲས་ངན་པ་གང་ཞིག་ཡོང་རྒྱུ་ཡིན་པ་ཕལ་ཆེར་རྟོགས་ཐུབ། དེའི་ཕྱིར། ལར་ཡིད་ཆེས་བྱེད་སའི་གྲོགས་པོ་གང་ཞིག་དང་དུས་ཚོད་གཅིག་ཙམ་གྱི་རིང་ལ་ཁ་ཞེ་གཉིས་མེད་ཀྱི་ཁ་བརྡ་རེ་བྱས་པ་དེས་ཉིན་ཧྲིལ་པོར་ཏིང་འཛིན་ལ་ཞུགས་པ་ལས་གྲུང་པོར་བྱེད་པར་ཕན་པ་ཆེ་བར་མངོན།

༼མུ་འགོད་་་་་་༽

འགྱུར་རྩོམ།

Post navigation

Previous Post: ཀླུ་མཁར་བྱམས་གླེང་བ།
Next Post: དེ་རིང་ཡིན་ན་’ཆབ་སྲིད་པ་’ཞིག་ཏག་ཏག་བཟོས་ཡོད།

Comments (2) on “མཛའ་སེམས་གླེང་བ།”

  1. ཅོག་མྱི། says:
    2015-10-05 at 1:03 am

    དཀའ་ངལ་ལ་མ་འཛེམ་པར་མཁས་པའི་ཁྱུ་མཆོག་གང་གི་གསུང་བོད་ཡིག་ལ་བསྒྱུར་བར་བཀའ་དྲིན་ཆེ།

  2. དོན་འགྲུབ says:
    2015-10-06 at 5:05 am

    དེ་ཡང་གསོ་བ་རིག་པས་བཤད་ན། མཆིན་ནད་མཆིན་སྨན་གྱིས་སེལ་ལ་མཚེར་ནད་མཚེར་སྨན་གྱིས་སེལ། གློ་ནད་གློ་སྨན་གྱིས་སེལ་ལ་མགོ་ནད་མགོ་སྨན་གྱིས་སེལ་ཟེར།

    you may take sarza to open the liver, steel to open the spleen, flowers of sulphur for the lungs, castoreum for the brain; but no receipt openeth the heart, .

    སྟབས་བདེ་བོ་ཞེད་པོ་བསྒྱུར་བཞག མ་ཡིག་ལ་མི་བསྟན་པའི་བསྒྱུར་སྟངས་འདི་འདྲ་ལ་བསྒྱུར་གྱི་མིང་ཐོག་གི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme