Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དངོས་བྱུང་གི་སྒྲུང་གཏམ་ཞིག

Posted on 2012-08-05 By ཁ་བརྡ་ 40 Comments on དངོས་བྱུང་གི་སྒྲུང་གཏམ་ཞིག

སྤྲུལ་སྐུ་དབང་ཆེན།

ཉིས་སྟོང་ལོ་ཡི་ལོ་འགོ་ཞིག་ལ།
རྡོར་གདན་སྨོན་ལམ་གྲོལ་བའི་མཇུག་དུ།
བྱང་ཆུབ་ཤིང་དྲུང་ཕྱག་འབུམ་བསགས་ནས།
གཅིག་པུར་ཟླ་འགར་ལྷོད་ཡངས་བསྡད་ཡིན། །

ཉིན་ཞིག་དགོང་མོ་ནང་ལ་ལོག་ཁར།
ནམ་རྒྱུན་ཟ་ཁང་སྟབས་བདེ་དེ་ནས།
བྱ་ཤ་ཐུག་སྐམ་བརྔོས་མ་ཟ་སར།
དབྱིན་མོ་དུངས་ཤ་ཅན་ཞིག་མཇལ་བྱུང་། །

དེ་དུས་སེམས་ལ་སོར་སྡོམ་བཏགས་ཅིང་།
ལུས་ལ་སྟོན་པའི་ན་བཟའ་བགོས་ཕྱིར།
ཚུལ་འཆོས་བཅོས་མའི་རྫུ་བག་གསེབ་ནས།
མཇལ་བས་དགའ་ཞེས་གུས་ཉམས་བསྟན་ཡིན། །

དབྱིན་སྐད་མཉམ་དུ་བོད་སྐད་བསྲེས་ནས།
དགོན་དང་ས་ཕྱོགས་གང་ནས་ཡིན་ཞེས།
གདོང་ཉམས་ཟུར་མིག་གཡོ་བའི་དྲི་བར།
ཕྱག་འབུམ་བསགས་བཞིན་ཡོད་ཅེས་ལབ་ཡིན། །

ཁ་མཚར་དགོད་འཛུམ་ལྷོད་ལྷོད་ངང་ནས།
ཡུན་རིང་ངོ་ཤེས་ཤིག་དང་འཕྲད་འདྲས།
སེམས་ཚོར་མཚར་མོའི་ལུས་ཀུན་ཁྱབ་པས།
ཅོག་ཙེ་གཅིག་ཏུ་མཉམ་ཟ་བྱེད་ཟེར། །

སྡོམ་སེམས་མདུད་པས་དམ་དུ་བཅིངས་བའི།
བཙུན་ཆུང་ལུས་སེམས་གུ་དོགས་ཀློང་ནས།
ཡིན་མིན་ལན་དེ་བསྐྱལ་ཁོམ་མེད་པར།
དགོད་འཛུམ་གྱི་ལེར་མདུན་དུ་སླེབས་སོང་། །

བོད་དང་བོད་སྐོར་ཤེས་འདོད་ཡོད་ལ།
བོད་པའི་ནང་ཆོས་སྦྱོང་འདོད་ཆེ་ཟེར།
བོད་མིར་འགྲོགས་འདྲིས་ཆ་རྒྱུས་མེད་ཀྱང་།
བོད་སྐད་རང་སྦྱོང་བྱེད་བཞིན་ཡོད་ཟེར། །

དབྱིན་བོད་ཚིག་མཛོད་དེབ་ཆུང་ཞིག་ལ།
ལྟ་ཙམ་རེར་བྱས་སྐད་ཆ་ཐར་ཐོར།
བོད་སྐད་ནང་ལ་བཤད་ཐབས་བྱས་པས།
འགྲིག་མདོག་མཐེ་བོང་གནམ་ལ་བསྒྲངས་ཡིན། །

ཟས་ཟོས་རྗེས་སུ་སྡོད་གནས་ས་ཆ།
མགྲོན་ཁང་མིང་བཅས་གསལ་བོར་བཤད་ནས།
དུས་ཚོད་བྱུང་ན་ཕེབས་ཤོག་ཟེར་ཡང་།
གལ་ཆེའི་དོ་སྣང་ཡིད་ལ་མ་བྱས། །

ཕྱིར་ཉིན་ཉིན་གུང་ཕྱག་མཚམས་བཞག་ཏེ།
མཆོད་རྟེན་རྒྱབ་ལོག་ནང་སྒོར་མཛུལ་དུས།
དབྱིན་མོ་ཁེར་འགྲོ་རྒྱང་ནས་མཐོང་ཡང་།
སྣང་མེད་སྐོར་ལམ་དེད་ནས་ཡོང་ཡིན། །

ཧའ་ཞེས་སྐད་གཙང་མཇལ་པོའི་འབོད་དུས།
གོམ་དལ་ངང་ནས་ཕྱིར་འཁོར་བྱས་པས།
དབྱིན་མོ་ཤ་དཀར་ངང་མོ་འདྲ་ཞིག །
དྲན་སོས་བྱུང་ངམ་ཟེར་ནས་སླེབས་བྱུང་། །

དྲན་པའི་བརྡ་ལ་མགོ་བོ་གུག་ཅིང་།
ངག་ནས་དྲན་བྱུང་བདེ་འཚམས་དྲིས་ནས།
ལག་པས་ལག་པར་ལྷོད་འཇུ་བྱས་ཏེ།
ང་རང་ཟས་ལ་བྲེལ་ཡོད་ལབ་ཡིན། །

མགྲོན་ཁང་ཡོད་ས་ཁ་ཐག་མི་རིང་།
མཆོད་རྟེན་ཤར་སྒོའི་ཁྲོམ་གཞུང་དཀྱིལ་ཡིན།
ཟས་དང་བཏུང་བ་སྤྱོད་ཆོག་བཟོས་ཡོད།
ཁྱེད་རང་འབོད་པར་འདི་ན་ཡོང་ཟེར། །

ལྟོགས་སྐོམ་ལྟོ་ལ་ཟས་སྣའི་མགྲོན་འབོད།
སྙན་མོའི་ཁུ་བྱུག་ངག་ལས་ལྷག་པས།
ཐུགས་ཆེའི་དྲིན་གསོས་སྐད་ལན་བྱིན་ཏེ།
མགྲོན་ཁང་ཕྱོགས་ལ་གོམ་ཁ་བསྒྱུར་ཡིན། །

སུམ་ཐོག་ཁང་མིག་ནང་ལ་སླེབས་དུས།
ཉལ་ཁྲི་གཉིས་དང་བཅའ་དངོས་མ་གཏོགས།
བཟའ་བཏུང་ཟས་སྦྱོར་མཐོང་ལམ་མེད་ཀྱང་།
སྣང་མེད་ལྷོད་པོར་གདན་ལ་བསྡད་ཡིན། །

བུ་མོའི་གདོང་ཡོངས་འཛུམ་གྱིས་གང་ཏེ།
སྐད་ངག་ཆད་ཙམ་འཇམ་འདར་སྒོ་ནས།
སྐད་ཆ་བཤད་ནས་སྡོད་པ་མ་གཏོགས།
ལྟོ་ལ་ཕན་པས་ཟས་ཤིག་མ་སྤྲད། །

ལུས་ཀྱི་གྱོན་གོས་ཡོངས་རྫོགས་ཕུད་ཏེ།
ནུ་གཡོག་འོག་གོས་ཤིག་ལས་མེད་པར།
གཅེར་བུར་ང་ཡི་མཁྲིས་ལ་བསྡད་ནས།
ཆགས་གཏམ་ཆགས་ཉམས་ངག་ནས་གླེང་བྱུང་། །

ལུས་ལ་ངུར་སྨིག་ལྕགས་སྒྲོག་ལྕིད་ཅིང་།
སེམས་ལ་སོར་སྡོམ་ཞག་པ་དམ་པས།
གཡོ་མེད་གླེན་པས་རི་མོ་ཞིག་གིས།
མི་སྤོབས་སྙིང་རྩར་བྲེགས་ནས་ཤོར་ཐལ། །

དམ་བཅའ་རྡོ་རྗེའི་རྒྱ་གྲམ་འོག་ཏུ།
དམ་ཚིག་སྐུད་པ་ཕྲ་མོས་བསྡམས་པས།
དམ་ལས་འདའ་བར་སྐྲག་དངངས་དྲག་པོས།
དམ་ལྷོད་ལུས་ཀྱི་ཤ་རྒོད་ཞིག་སོང་། །

ངོ་གདོང་དཀར་ལ་དམར་མདངས་རྒྱས་ཤིང་།
མཉེན་ལྕུག་ལུས་པོ་ཁོང་འདར་བརྒྱབ་ནས།
ངོ་ཚ་ཁྲེལ་གྱི་ངོ་སྤགས་གཡུགས་ནས།
འདོམས་ལ་ལག་པས་བསྙབས་ནས་སླེབས་བྱུང་། །

རྐང་པ་གཉིས་བསྒྲིལ་བསྣོལ་ནས་ཡོད་སྟབས།
ལག་པར་འཛིན་རྒྱུ་རག་མ་བྱུང་བས།
ཧད་དེ་ཡིད་ཙམ་ངང་ལ་ལས་ནས།
གདོང་ལ་མིག་གཉིས་ཅེར་ནས་བསྡད་འདུག་། །

གོ་སྐབས་དེར་བརྟེན་གྱེན་ལ་ལངས་མཚམས།
མཆོང་བསྐྱོད་གཅིག་གིས་བདག་ལ་འཐབ་ནས།
ཨ་ཅོག་གཡོན་ཕྱོགས་ཁ་ནང་བླངས་ཏེ།
སོ་འདེབས་བཙིར་བས་དམ་ལ་བཏེགས་སོང་། །

ཡིད་ཙམ་དེའི་རིང་དྲན་འཕྲུལ་བརྒྱ་སྟོང་།
ཤུགས་དང་སྟོབས་ཀྱིས་ཕུད་སྒྱོགས་བཏང་ན།
ཁྱི་སྦྱང་ཉེན་རྟོག་ཉེན་ཁར་གཏུག་མིན།
དོན་མེད་མ་ཉེས་ཁོག་གཡོག་ཡོང་མིན། །

དེ་བས་འཇམ་པོའི་ཐབས་ཤེས་ཤིག་ནི།
ང་རང་ནང་པའི་གྲྭ་བཙུན་ཡིན་ཕྱིར།
བུད་མེད་ཆགས་བསལ་ལས་ཀ་སྤངས་པས།
དགོས་འདུན་བསྐོང་ལ་ནུས་མེད་ལབ་ཡིན། །

སོ་བར་ཨ་ཅོག་ཁ་ནས་ལྷོད་དེ།
སྐུ་མཁྱེན་རང་ལ་སེམས་པ་དགའ་བས།
ཚོར་བ་ཚ་པོ་མེ་ལྟར་འབར་བྱུང་།
ཐབས་ཤེས་གནང་ན་གང་དགོས་སྟེར་ཟེར། །

ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱི་གཉའ་ཤིང་།
འཇིགས་བསྐུལ་དམག་མིའི་མཚོན་དང་འདྲ་བར།
སྙིང་ཆུང་སྐྲག་ནས་བྲང་ཁོག་བརྡུང་བར།
ཚོགས་རྔ་བརྡུང་བས་སྒྲ་ལས་མཐོ་སྙམ། །

སྟོན་པས་ནང་བསྟན་སྙིང་པོའི་གལ་འགག །
གང་ལ་གང་འདོད་སྦྱིན་པ་ཡིན་ན།
བཟོད་མེད་སེམས་ཀྱིས་ན་ཟུག་བསལ་སར།
སེམས་ལ་དཔའ་བསྐྱེད་སྐྲག་དགོས་མེད་ཟེར། །

ནང་ཆོས་གཞུང་ལ་གོ་མྱོང་ཡོད་ཀྱང་།
ཐེག་དམན་དགེ་སྦྱོང་འགའ་རེ་མ་གཏོགས།
བོད་ཀྱི་ཐེག་ཆེན་ཆོས་པ་རྣམས་ལ།
བཀག་སྡོམ་མཚར་མོ་ཡོད་སྣང་མེད་ཟེར། །

སྟོན་པ་ཐུབ་པས་དགོངས་པ་ཡིན་ཀྱང་།
སྤྱོད་པ་བཅོས་ནས་ལྟ་བ་བསྐྱང་རུང་།
ཕོ་མོའི་བརྩེ་དུང་རང་དབང་བྲལ་འདི།
ཡང་དག་ཆོས་ལུགས་རྩ་བ་རུལ་ཟེར། །

བཤད་འཚམས་དེ་ནས་ཕྱག་རྒྱ་བཅས་ཏེ།
ཆོས་པ་ཡིན་མིན་ཆོས་ལུགས་ཡག་བཙོག །
སོ་སོའི་ལུགས་སྲོལ་བརྒྱུད་ནས་འགྲོ་དགོས།
དད་མོས་རང་འདོད་ཡིན་ཞེས་ལབ་ཡིན། །

གལ་ཏེ་ད་ལྟ་རང་སེམས་ལྷོད་ནས།
ང་རང་ཉིན་ཟས་ཟ་རུ་བཏང་ན།
དགོང་མོ་ས་རུབ་སྲོད་ཀྱི་དུས་སུ།
རང་འདོད་བསྐང་ཕྱིར་ཕྱིར་ཡོང་ལབ་པས། །

ལག་གཡས་མཐེ་བོང་ཀེར་ཀེར་བྱས་ནས།
མནའ་ཚིག་བོར་དགོས་ཟེར་ནས་བཤད་བྱུང་།
དོན་ཆེན་སྒྲུབ་ལ་ཆུང་བཏང་སྙམས་ནས།
མཐེ་ངོ་གཉིས་ཀ་མཉམ་སྦྱོར་བྱས་ཡིན། །

སྲོད་དུས་དུས་ཚོད་ག་དུས་ལོག་ཡོང་།
ཏན་ཏན་བྱས་ནས་སྒུག་ཡིན་ལབ་སོང་།
ག་དུས་ལབ་ཡིན་ད་ལྟ་བརྗེད་རུང་།
དུས་ཚོད་བགོས་ནས་ཏག་ཏག་བྱས་ཡིན། །

ལག་པའི་ཞགས་ཐག་བསྡམ་པ་ལྷོད་ཅིང་།
དབུགས་ཀྱི་རྒྱུ་བ་དལ་འགྲོ་བྱས་ཀྱང་།
ཧབ་ཧབ་ལུས་པོའི་གཡོ་མགུལ་དེ་ནས།
ཅི་ཞིག་བྱུང་བ་གསལ་བོར་རྟགས་འདུག ། །

རྙི་ཐག་བཀྲོལ་ནས་ཤོར་བའི་བྱ་བཞིན།
སྙིང་ཆུང་ཁར་ལ་ཐོན་སྣང་ཞིག་དང་།
ཚབ་ཚུབ་གོམ་སྟབས་བྲེལ་བས་ངང་ནས།
སྒོ་མོ་དལ་ཕྱེས་ཕྱི་ལ་ཐོན་བྱུང་། །

རྐང་མཐིལ་ཡང་ཡང་སྐས་ཐེམ་བརྫིས་ནས།
རྒྱ་སྒོར་འབུད་འཚམས་བར་དུ་ད་དུང་།
ཅི་ཞིག་གྲགས་ཡོང་སྙམ་པའི་ཚོར་བས།
སེམས་ལ་འཇིགས་སྣང་འཕར་མཚམས་མ་ཆད། །

སྙན་ངག

Post navigation

Previous Post: རྗར་མེ་ནི་བོད་ཀྱི་ཁང་པའི་གསལ་བསྒྲགས
Next Post: བོད་ཡིག

Comments (40) on “དངོས་བྱུང་གི་སྒྲུང་གཏམ་ཞིག”

  1. འབའ་སྲས། says:
    2012-08-05 at 2:34 am

    ཧ་ཧ་ཧ། ཅུང་ཙམ་མིན་ན་སྡོམ་ཐག་རལ་གྲིས་བཅད་སོང་། གང་ལྟར་བྲིས་པ་ཧ་ཅང་སྙན། སྡོམ་པ་མ་ཤོར་ཧ་ཅང་བཟང་།

  2. ལོག་སྨྲ་ཚར་གཅོད། says:
    2012-08-05 at 2:39 am

    ངོ་མ་སྙན་མོ་བྱུང། ངག་གི་སྒྱུ་རྩལ་བཟང་གི་ཡ། སྒྲུང་དེ་དངོས་བྱུང་ཡིན་ན། ཁྱེད་རང་བོད་ཀྱི་ཐང་སེང་བླ་མ་ཡིན་ཟེར་ཆོག ངས་བལྟས་ན་དོན་དངོས་ཐོག་ཁག་པོ་ཡིན་གྱི་རེད་དྭ།

  3. མེ་ཏོག་དཀར་པོ། says:
    2012-08-05 at 2:55 am

    དགོང་མོ་དེར་མོའི་སར་ཕྱིན་ཡོད་མེད་བཤད་མིན་འདུག

  4. སད་ལོ། says:
    2012-08-05 at 3:10 am

    ད་འདྲི་ཡ་མི་འདུག ཤོར་ཚར་འདུག སྐྱུག་ཙོག་རེད་ཡ། བོད་པའི་གྲྭ་བ་ཚོ།

  5. མགོན་པོ་བཀྲ་ཤིས says:
    2012-08-05 at 4:19 am

    དགོང་མོ་དེ་དབྱིན་མོ་འབྲམ་ལ་ཕྱིན་ཡོད་མེད་གསལ་བོ་ཞིག་བྲིས་ན་སྒྲུང་དེ་དངོས་གནས་སྙན་པོ་འདུག་ཡ་

  6. མིག་བརྒྱད་པ། says:
    2012-08-05 at 4:26 am

    ཁ་ཅིག་འདོད་པ་བཙལ་ནས་མ་བརྙེད།།
    ལ་ལ་མི་འདོད་ཐོག་ཏུ་འབབ་གི།།
    སྤྲུལ་སྐུ་རྣམ་པ་མཛེས་པོ་ཡོད་པས།།
    དབྱིན་མོའི་སེམས་པ་གཏིང་ནས་ཤོར་འདུག།

  7. གངས་སྤྲེལ་ཚ། says:
    2012-08-05 at 5:12 am

    དགོངས་མོ་མལ་གཅིག་སྟན་གཅིག་བྱས་ནས།། གཉིས་ལྔའི་རྣམ་གྲངས་ས་ལ་ཟག་སོང་།། དབྱིན་མོའི་དབྱིན་སྒོར་ཆར་ཏུ་བབས་པས།། དངུར་སྨྲིག་བླ་གོས་དཀར་པོར་གྱུར་སོང་།

  8. ngaris ses1 says:
    2012-08-05 at 5:12 am

    བཙུན་པ་བཙུན་གྲལ་མི་སྡོད།
    གཅིག་པུར་བརྒྱ་གྲོང་ཉུལ་ན།
    ཐ་མ་ཡོང་རྒྱུ་དེ་ལས།
    མེད་ན་རང་སྡུག་རང་ཉོས།

    འདུལ་བའི་གཞུང་ལ་གཟིགས་ན།
    གདུང་གཅིག་འོག་ཏུ་མི་ཉལ།
    ཀ་གཅིག་འགྲམ་ན་མི་སྡོད།
    མ་སྲིང་ཡིན་ཀྱང་མི་རུང།

    དང་པོར་སྦྱིན་པའི་གཡབ་མོས་བོས་འདུག
    གཉིས་པར་སྙན་པའི་འདོད་གཏམ་སྨྲས་འདུག
    གསུམ་པར་མལ་སྟེང་བག་ཕེབས་བཞུགས་འདུག
    བཞི་པར་དོན་མཐུན་དུས་བགོས་བྱས་འདུག

    བཙུན་པ་བཙུན་གྲལ་མི་སྡོད་ཅི།
    མུ་ཁྱུར་ཚོགས་ན་ལྷ་མིས་སྨོན།
    གཅིག་པོར་གྲོང་གསེབ་ཉུལ་དྲགས་ན།
    སྐྱེ་བོས་ཁ་མདའ་ཕོག་ཚེ་ཅི།

    འདུལ་བ་ཁྲེལ་དང་ངོ་ཚས་སྲུང།
    སྔོན་ནས་ཉེ་བར་འགྲོ་མི་རུང།
    ཁུ་གསིམ་མལ་གདན་སྟེང་དུ།
    ཁྱོད་སྡོམ་ཅི་བྱུང་འཕྱང་མོ་ཉུག

  9. ཁྱུང་དཀར says:
    2012-08-05 at 6:06 am

    ཨ་ཨ་ཨ། སྤྲུལ་སྐུའི་ཤོར་གྲབས་བྱས་འདུག་ག ད་ཡིན་ན་ཡག་པོ་ཞིག་བརྒྱོབ་ས་རེད་བསམ་སོང་། ཡིན་ཡང་། སྟབས་ལེགས་ནས་ཤོར་མི་འདུག ཡག་པོ་བྱུང་འདུག

  10. རིགས་ཞེན་དཀར་པོ། says:
    2012-08-05 at 7:54 am

    ཧ་ཅང་སྙན་པོ་བྲིས་འདུག

  11. བཙན་བྱོལ་བ་ says:
    2012-08-05 at 9:09 am

    སྙན་མོ་ཞིག་བྲིས་འདུག །རྗེས་སུ་གང་འདྲ་བྱུང་ཡོད་ན་བསམ་ནས་ཤེས་འདོད་ཀི །

  12. རི་རྒྱལ་ཏི་སེ། says:
    2012-08-05 at 9:40 am

    དེའི་མཇུག་ཏུ་གནས་ཚུལ་ཇི་ལྟར་བྱུང་མིན་མཁྱེན་འདོད་ཡོད་ན།

    དེ་དགོང་ཕྱག་ཚོད་དྲུག་པ་ཙམ་ལ།།
    ཤར་ཕྱོགས་སྒོ་ཡི་འགྲམ་དུ་སྒུག་འདུག།
    ང་ཡི་མཉམ་དུ་མི་འགྲོ་ཟེར་ན།།
    ཉེས་རྟོགས་པ་ལ་ཞུ་གྱིན་ཟེར་གྱི།།

    དེ་ནས་མི་འགྲོ་ཐབས་མེད་བྱུང་ནས།།
    མགྲོན་ཁང་ནང་དུ་སླེབ་མ་ཐག་དེར།།
    གྲ་འགྲིག་བྱས་པའི་གྲང་མོའི་ཤེལ་ཕོར།།
    གུས་ཉམས་ཚུལ་གྱིས་ང་ལ་སྤྲད་བྱུང༌།།

    ཤེལ་ཕོར་ཆུ་གྲངའ་ཐུང་མ་ཐག་ཏུ།།
    དྲན་པའི་ཀ་ཆེན་མཁྲེགས་པོར་གྱུར་ནས།།
    བསྲན་ཚུགས་མེད་པའི་གནས་སུ་གྱར་ཏེ།།
    དབྱིན་མོའི་འགྲམ་དུ་ཆར་དགོས་ཐུག་བྱུང༌།།

    ཉལ་ཁྲི་ཆེན་པོ་དེའི་སྟེང་དུ།།
    ཕར་འཁྱུད་ཚུར་འཁྲིལ་ལན་དགར་བྱས་ནས།།
    འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ།།
    འབུལ་ལོང་མེད་པར་དེ་གར་ཆག་སོང༌།།

  13. གཞོན་ནུ་ཟླ་མེད། says:
    2012-08-05 at 11:13 am

    སྤྲུལ་སྐུ་རིན་ཆེན་གསེར་དང་འདྲ།།
    སྡོམ་པ་མིག་གི་འབྲས་བཞིན་སྲུང་།།
    ང་ནི་དེ་འདྲ་མ་ཕྲད་ཐ།།
    གལ་ཏེ་དེ་འདྲ་ཕྲད་གྱུར་ན།།
    ཁྱི་རྒན་ལྟོག་པའི་འདོད་ཐོག་ཡིན།།
    ཤ་མཇེ་ལྟུ་བཙལ་མང་ན་ཡང་།།
    ཤ་སྟུ་མཇེ་བཙལ་ཤིན་ཏུ་དཀོན།།
    ཡང་ན་ང་ཡི་ཤ་མཇེ་འདི།།
    ཡི་དྭགས་སྐྱེས་པ་ཡིན་པ་འདྲ།།
    ཨ་ཡེ་ལོ་ལོ་ཁ་ཤས་ཀྱིས།།
    དགའ་གི་ཟེར་ནས་འཐམ་ལ་ཁད།།
    རང་ཉིད་ལོ་རྒན་མི་ཤེས་ནོ།།
    ང་རང་རང་གི་ངང་ཚུལ་ཡིན།།
    ཁ་ཞིག་བསྐྱལ་ན་འེ་ཆོག་ཅེས།།
    མགོ་སེར་ཁ་ཤས་ཟེར་མོད་ཀྱིས།།
    ངས་ནི་དབྱིན་སྐད་མི་ཤེས་མདོག།
    བསྟན་ནས་སྐད་བསྐྱུར་བཙལ་པ་ན།།
    མོ་རང་ཚོ་ལའང་ངོ་ཚ་འདུག།
    རྗེས་ནས་དེ་འདྲ་མི་གླེང་གི།
    ཨ་པ་ཧོར་གྱི་རྡོབ་དེ་འདྲ།།
    སྤྱིར་བཏང་མཁོ་པ་མེད་ནའང་།།
    ས་མཐའ་ཉུལ་བའི་དགེ་སློང་ལ།།
    རྡོབ་ལ་དགེ་པ་ཤིན་ཏུ་ཆེ།།
    རྡོབ་ཀྱི་དགེ་མཚན་མང་ན་ཡང་།།
    ད་ལྟ་དེ་ལས་འབྲི་ཁོམ་མེད།།

  14. སྤྲུལ་སྐུ་དབང་ཆེན says:
    2012-08-05 at 11:54 am

    ཟླ་མེད་གཞོན་ནུ་དར་མ་ལ།
    ཨ་མ་འཐམ་པར་གཟུར་ཐབས་ཀྱང་།
    དབྱིན་མོའི་འོ་དེ་འདོར་ཐུབ་པས།
    དེ་ཡང་རི་རྒྱལ་ལྷུན་དང་མཚུངས།།

  15. རིན་ཆེན says:
    2012-08-05 at 11:59 am

    རྡོ་གདན་དུ་ཕྱག་འཚལ་དུས་ཏོག་ཙམ་མ་གཏོགས་ཐར་པ་ཐོབ་ཤག ཧ་ཧ་ཧ་ཧ་་་་་་་་ཉིན་གུང་ཕྱིན་རྗེས་སུ་དུང་ཤ་ཅན་གྱི་མོ་དེ་ལ་སླར་ཡང་ཐུག་ཡོད་མེད་བྲི་ན་སྙན་མོ་ཡོང་ས་རེད།།

  16. སྤྲུལ་སྐུ་དབང་ཆེན says:
    2012-08-05 at 12:18 pm

    འདི་ནི་རྟོག་བཏགས་དང་སྒྲོ་བཏགས་སོགས་རྩ་བ་ནས་མིན། ཕྲན་རང་ལ་དངོས་སུ་བྱུང་བའི་གནས་ཚུལ་ཞིག་འཁྱོག་བྲལ་དྲང་བདེན་ཀྱིས་བརྗོད་པའི་གཏམ་རྒྱུད་ཅིག་ཡིན། དྲྭ་གྲོགས་རྣམས་ལ་དེའི་རྗེས་སུ་གང་བྱུང་ཐོས་འདོད་ཡོད་ན་ཞུ་ཆོག

  17. སྤྲུལ་སྐུ་དབང་ཆེན says:
    2012-08-05 at 12:48 pm

    རྟོག་བཟོ་་་བཅོས་དགོས

  18. མེ་ཏོག་དཀར་པོ། says:
    2012-08-05 at 12:49 pm

    འབད་དང་རྩོལ་བ་མི་དགོས་པ། །
    མཛེས་མ་མདུན་དུ་སླེབས་པ་དང་། །
    རྒྱོ་ཡི་དགོས་འདུན་སྟོན་པ་འདི། །
    ཚེ་སྔོན་བསོད་ནམས་བསགས་པའི་རྟགས། །

  19. ཨ་ར་དཀར་པོ says:
    2012-08-05 at 12:51 pm

    ཡཡ སྤྲུལ་སྐུའི་མཛད་པ་རེད། དེའི་རྗེས་སུ་གནས་ཚུལ་ཡག་སྡུག་གང་བྱུང་ཡང་ང་ཚོས་བླ་མའི་མཛད་པ་རེད་ཟེར་ནས་ཁ་རྩ་ནས་བཏང་མི་ཡོང་།

  20. རི་རྒྱལ་ཏི་སེ། says:
    2012-08-05 at 1:04 pm

    དེའི་རྗེས་སུ་གང་བྱུང་ཐོས་འདོད་ཡོད་པས། རྒྱས་ཙམ་གསུངས་པར་ཞུ།

  21. ཤེས་དགའ་ says:
    2012-08-05 at 1:16 pm

    ཡང་ན་སྤྲུལ་སྐུ་དབང་ཆེན་སྡོམ་པ་ཤོར།།
    ཡང་ན་ཕྱག་འབུམ་བཞན་ནས་འགྲོ་རྒྱུ་ཁེལ།།
    ཡང་ན་སྤྲུལ་སྐུས་ཉིན་དང་མཚན་ཁོར་མོ་ཡུག།
    ཡང་ཡང་དབྱིན་མོ་སྒོམ་ནས་བསྡད་པ་འདྲ།།

    གང་ལྟར་བཀྲ་ཤིས་ལོ་ལེགས་རང་མི་འདུག།
    འགོ་འཇུག་མཐུན་པོ་ཞིག་ཀྱང་བྱུང་མ་སོང་།།
    ཕྱེད་ཀ་བཤད་འདྲ་ཕྱེད་ཀ་སྦས་འདྲ་དེ།།
    རྣམ་ཐར་ནང་དུ་མ་བཀོད་པ་རང་བཟང་།།

    བོད་ཀྱི་བླ་མ་དེ་ཚོའི་ལོ་རྒྱུས་ནང་།།
    སྦྲུམ་པ་ཙམ་གྱིས་མ་དེ་རྨི་ལམ་ཡག།
    ཕ་དེ་ལམ་འགྲོ་ཆེ་སོགས་ལབ་རྒྱུ་རྣམས།།
    ཁྱོད་ཀྱི་རྣམ་ཐར་དེ་ནང་དེ་ཚོ་དགའ།།

    ཐུགས་རྗེ་ཆེ་ཕྱག་དབང་ཞུ་ཁོམ་མེད་དེ་ཙམ་ཡིན་།།

  22. རུ་ཤུལ་བུ་ says:
    2012-08-05 at 1:19 pm

    དགོངས་དག་ཡིད་ཆེས་མ་སོང་། རང་གི་བསམ་ཚུལ་ཙམ་མོ།

  23. དབང་ཆེན་ says:
    2012-08-05 at 1:41 pm

    སྒྲུང་གཏམ་ཡིན་ན་དངོས་བྱུང་འགལ། དངོས་བྱུང་ཡིན་ན་སྒྲུང་གཏམ་འགལ།

  24. བཀའ་འགྱུར་མགོ་སེ says:
    2012-08-05 at 2:12 pm

    དགེ་ཆོས་ཀྱིས་་་་་་་འདོད་པའི་་མི་ལ་བདེ་བ་སྟེར་བ་ན་་་་་དགེ་བ་མེད་ན་སྡིག་པ་ག་ལ་ཡོད་་་་་་ཞེས་པ་དེ་སྤྲུལ་སྐུ་དབང་ཆེན་ནས་མ་ཤེས་པ་འདྲ་་་་་་་་་་་་་་་གང་ལྟར་ང་འདྲ་ཡིན་ན་སྒྱུ་རྩལ་དྲུག་བཅུ་རྩ་བཞི་ཡོད་པའི་དབྱིན་མོ་དེ་སྐྱིད་པོ་ཞིག་སྒྱོ་ས་རེད་་་་་་་་་་་་་་་་་་་་་་་་་་་་་་་མདའ་སྨུག་གིས་སྡོམ་པ་ནི་རང་དབང་གི་དགྲ་བོ་རེད་ཟེར་བ་ལོས་བདེན་་་་་་་་་་་་་་་་་་་་་་་་་་་་སྙིགས་མའི་དུས་འདིར་སྡོམ་པ་ཡག་པོ་བསྲུང་མཁན་ནི་ཉི་མོའི་སྐར་མ་རེད་དེ་ལས་སྒྱོ་ན་ཁེ་སང་རེད་ལོ་སྤྲུལ་སྐུ་དབང་ཆེན་་་་་་་་་་་་་་་་་

  25. འདྲེ་རྐང་ཐོ། says:
    2012-08-05 at 5:17 pm

    གཉིས་སྟོང་ལོ་ཡི་དགོང་མོ་ཞིག་ལ། །
    འདྲེ་རྒན་ང་ཡི་གཏམ་བཤད་ར་བར། །
    མཇེ་དགའ་མོ་ཏོ་ཕག་མགོ་མེད་པས། །
    གང་ལ་བུད་སོང་དྲིས་པའི་ལན་ལ། །

    གཉེན་རྟོག་དཔོན་ཆེན་ཡར་ལ་ལངས་ཏེ། །
    ཁ་སྔོན་ཞིག་ནས་ངོ་ཤེས་གྱུར་བའི། །
    བླ་རྒན་དེ་ཡི་ལག་པར་འཇུས་ནས། །
    མགྲོན་ཁང་ནང་ལ་བུད་ཐལ་ཟེར་གི །

    མགྲོན་ཁང་ནང་ལ་འགྲོ་དོན་དྲིས་པར། །
    ད་རུང་གནས་ཚུལ་ཅི་ཡིན་མ་ཤེས། །
    རྗེས་ནས་ཤེས་ཏོགས་གསལ་བོ་བྱུང་འཕྲལ། །
    སྐུ་ངོ་ཁྱེད་ལ་ཞུ་ཆོག་ཟེར་གི །

  26. བཀྲིས། says:
    2012-08-05 at 11:54 pm

    ངས་སྔོན་འབྱུང་ངོ་མ་ཞིག་བཤད་གོ། སྔོན་མ་འབྲས་སྤུངས་བློ་གསལ་གླིང་གི་སྐུ་ཞབས་འགའ་ཤས་ཨ་རིར་ཕེབས་ནས་ཆོས་དབྱངས་འདོན་པ་དང་། དཀྱིལ་འཁོར་བཞེངས་བ། དེ་བཞིན་འཆམ་ལ་སོགས་ཁྲབ། དགོངས་མོ་ཁོང་ཚོ་མི་འགའ་ཤས་མཉམ་དུ་ཨ་རིའི་མི་ཚང་གི་སྦྱིན་བདག་ནང་ལ་བསྡད། མཚན་མོ་ཞིག་ལ། སྐུ་ཞབས་ཤིན་དུ་སེམས་ཆུང་ཆུང་། སྤྱོད་པ་འདུལ་ཞིང་། དཔེ་ཆ་ལེགས་པ་ཞིག་ཡོད་པ་ཁོང་གི་མིང་ལ་ཡོན་ཏན་ག་གེ་མོ་ཟེར་རམ། མཚན་མོ་སྐུ་ཞབས་གཞན་རྣམས་ཏག་སེ་རྩེད་ནས་ནམ་ཕྱེད་བར་བཞུགས་དུས། ཁོང་སྔ་ས་ནས་ཁ་འདོན་བསྒྲུབས་རྗེས་གཉིད་ཁུག་ཟིན།

    དགོངས་མོ་དེ་ལ་སྐུ་ཞབས་ཡོན་ཏན་ལ་གཉིད་ལམ་གཅིག་བྱུང་བ་འདྲ། ཁོང་གིས་ཕོ་མཚན་དེ་ཤིན་དུ་མཁྲེགས་པོར་གྱུར་ནས། དེ་ལག་པས་མཇུས་ནས། ཁ་ནས་དབྱིན་ཇིའི་ནང་། NO sex please, I am monk, No fuck please I am monk ཟེར།

    སང་ཞོགས་མི་ཚང་མ་ཁ་ལག་བཟའ་དུས། སྐུ་ཞབས་གཞན་རྣམས་གཅིག་ནས་གད་མོ་ཤོར། གཉིས་ནས། ཁ་ཞེ་གཉིས་མེད་ཀྱིས་ཁོང་ལ་དད་པ་སྐྱེས་མཁན་ཡང་བྱུང་སོང་། རྒྱུ་མཚན་ནི། ཁོང་གཉིད་ལམ་ནང་ལ་ཡང་རང་གི་སྡོམ་པ་སྲུང་ཐུབ་ཀྱི་ཡོད་པའི་ཚོར་སྣང་སྦྱིན།

  27. ལྕགས་ཐར་འབུམ། says:
    2012-08-06 at 7:35 am

    སྐུ་ཞབས་ལགས་ཁྱེད་ཀྱི་བླ་མེད་ཀྱི་ཆོད་སེམས་ལ་སྙིང་ནས་གུས་འདུད་ཞུ། འདི་ནི་ནང་པ་སངས་རྒྱས་པའི་གྲྭ་བ་ཞིག་གི་ཀུན་སྤྱོད་དངོས་རེད།

  28. ཚངས་པ། says:
    2012-08-06 at 8:03 am

    ལྟོ་ཁ་ལ་ཡོད་དུས་ལྕེ་ཡིས་འབུད་རྒྱག་རྒྱབ་འདུག་ག

  29. ཚེ་རིང་ནས། says:
    2012-08-06 at 1:45 pm

    དངོས་བྱུང་ཡིན་ན་སྒྲུང་རྩོམ་མ་རེད། སྒྲུང་རྩོམ་ནི་རྟོག་བཏགས་ལ་གོ་དགོས། སྤྲུལ་སྐུའི་ནོར་འཕྲུལ་ཤོར་འདུག

  30. སྤྲུལ་སྐུ་དབང་ཆེན says:
    2012-08-06 at 3:43 pm

    ལགས་སོ་དྲྭ་གྲོགས་གོང་དུ་ཡང་མི་གཅིག་གིས་རང་དང་འདྲ་བོ་ལབ་འདུག །དེ་ལ་གསལ་བཤད་ཅིག་ཞུ་ཆོག་པ་བཅས། སྤྱིར་སྒྲུང་ཞེས་པ་ལོ་རྒྱུས་དང་བསྒྲགས་ནས་བྱུང་བ་ཞིག་བསྒྲང་པའམ་མ་བྱུང་བ་ཞིག་རྟོག་བཟོ་བྱས་ནས་མཚར་གཏམ་དང་བསྲེས་ནས་བརྗོད་པ་སོགས་རིགས་མི་འདྲ་བ་མང་པོ་ཞིག་ཡོད་ནའང་། དོན་གྱི་ཆ་ལ་བརྩམ་སྒྲུང་དང་རྟོག་སྒྲུང་དང་དངོས་སྒྲུང་ངམ་སྦྱར་སྒྲུང་སོགས་ཅི་རིགས་ཤིག་ཡོད་མོད། དེ་དག་སོ་སོའི་སྐབས་ཐོབ་ཀྱི་མིང་ལས་རྟོགས་ཐུབ། ངས་གོང་དུ་དངོས་བྱུང་གི་ཞེས་པས་ཚིག་དེས་རྟོག་བཟོ་དང་མ་འབྲེལ་བའི་གོ་བ་བསྟན་ཡོད་ལ་སྒྲུང་གཏམ་ཅེས་པས་ལོ་རྒྱུས་དེ་སྦྱར་སྒྲུང་བྱས་ནས་བརྗོད་པ་ཞིག་ལ་གོ་བ་ལེན་ཐུབ། སྒྲུང་ཡིན་ཚད་རྟོག་བཟོ་ག་ལ་ཡིན། ལོ་རྒྱུས་ལའང་སྒྲུང་ལབ་ཆོག་ལ་སྒྲུང་ལའང་ལོ་རྒྱུས་ལབ་པས་ཤེས། དེ་ཙམ་གྱིས་ཆོག་པ་སྙམ། ད་དུང་དོགས་པ་ཡོད་ན་ཐོས་རྒྱ་ཆུང་བས་སྐྱོན་དུ་སེམས་དེ་ཐོས་དོན་མཐའ་རྒྱ་གཅོད་ལ་བརྩོན།།

  31. འབའ་གནས། says:
    2012-08-06 at 7:55 pm

    ཅི་འདྲ་འདྲེས་བླ་རྒན་ལས་ངན་ཞིག ཁ་ནང་ལ་མར་བཞག་ན་མི་ཞི་་་་་་་ཟེར་བ་ཁྱོད་འདྲ་བོར་ལབ་ཡིན་རྒྱུ་རེད། ད་འགྱོད་པ་སྐྱེས་རུང་འཕྱི་སོང་བ་རེད་ཕྱིར་དྲན་བྱས་ནས་ཅི་ཕན།

  32. འདྲེ་རྐང་ཐོ། says:
    2012-08-06 at 8:36 pm

    ཨ་ཁུའི་སྡོམ་པ་བྲག་རེད། །
    བྲག་ལ་སྟ་རེས་མི་ཆོད། །
    གནའ་བོའི་གཏམ་དཔེ་འདི་ནི། །
    ཅི་འདྲའི་བདེན་པ་རེད་ཨང་། །

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-07 at 3:14 am

    ལེགས་སྦྱར་གྱི་ཚིགས་བཅད་ཅིག་ཏུ། ལོ་ངོ་བཞི་ཅུ་ཞེ་གྲངས་སྔོན་དུ་མཐོང་བ་ཞིག་ནི།

    དབང་ཡུལ་མངོན་དུ་ཕྱོགས་པ་ན།
    དབང་པོ་གཡོ་བ་མེད་པ་དེ།
    ཡང་ན་མི་དེ་མ་ནིང་ངམ།
    ཡང་ན་མི་དེ་རྣལ་འབྱོར་པའོ།།

  34. amdo baglab says:
    2012-08-07 at 3:31 am

    སྤྲུལ་སྐུ་དབང་ཆེན་འདི་ཡི། །དངོས་བྱུང་ལོ་རྒྱུས་ཤེས་མཁན། །ཁྱོད་ཅག་དྲ་གྲོགས་རྣམས་ན། །སུ་དང་གང་ཡང་མི་འདུག །གནས་ཚུལ་མཁྱེན་འདོད་ཡོད་ན། །གུས་པས་གསལ་བར་ཞུ་ཆོག །དྲི་ཚིགས་སྔོན་དུ་སླེབས་ན། །ག་ལེར་ག་ལེར་ཞུ་ཆོག །དོན་མེད་དཀྲོག་གཏམ་མིན་པར། །དྲང་པོ་དྲང་བཞག་ཞུ་ཆོག །

  35. ཇོ་ཇོ། says:
    2012-08-07 at 5:46 am

    སྤྲུལ་སྐུ་དབང་ཆེན་ལགས།
    སྤྱིར་སྒྲུང་ཞེས་པ་ལོ་རྒྱུས་དང་བསྒྲགས་ནས་བྱུང་བ་ཞིག་བསྒྲང་པའམ་མ་བྱུང་བ་ཞིག་རྟོག་བཟོ་བྱས་ནས་མཚར་གཏམ་དང་བསྲེས་ནས་བརྗོད་པ་སོགས་རིགས་མི་འདྲ་བ་མང་པོ་ཞིག་ཡོད་ནའང་། དོན་གྱི་ཆ་ལ་བརྩམ་སྒྲུང་དང་རྟོག་སྒྲུང་དང་དངོས་སྒྲུང་ངམ་སྦྱར་སྒྲུང་སོགས་ཅི་རིགས་ཤིག་ཡོད་མོད། དེ་དག་སོ་སོའི་སྐབས་ཐོབ་ཀྱི་མིང་ལས་རྟོགས་ཐུབ། ངས་གོང་དུ་དངོས་བྱུང་གི་ཞེས་པས་ཚིག་དེས་རྟོག་བཟོ་དང་མ་འབྲེལ་བའི་གོ་བ་བསྟན་ཡོད་ལ་སྒྲུང་གཏམ་ཅེས་པས་ལོ་རྒྱུས་དེ་སྦྱར་སྒྲུང་བྱས་ནས་བརྗོད་པ་ཞིག་ལ་གོ་བ་ལེན་ཐུབ། སྒྲུང་ཡིན་ཚད་རྟོག་བཟོ་ག་ལ་ཡིན། ལོ་རྒྱུས་ལའང་སྒྲུང་ལབ་ཆོག་ལ་སྒྲུང་ལའང་ལོ་རྒྱུས་ལབ་པས་ཤེས། དེ་ཙམ་གྱིས་ཆོག་པ་སྙམ། ཞེས་ཁྱོད་ཀྱི་མཆན་འདེབས་ནང་། ལོ་རྒྱུས་དང་སྦྲགས་པའི་སྒྲུང་། དངོས་སྒྲུང་། ལོ་རྒྱུས་ལ་སྒྲུང་ལབ་ཆོག སྒྲུང་ལ་ལོ་རྒྱུས་ལབ་ཆོག ཅེས་བཀོད་འདུག་པ། ལོ་རྒྱུས་ཞེས་པ་རྒྱལ་ཁབ་བམ། སྡེ་པ། མི་སོགས་ཀྱི་འདས་པའི་བྱུང་རབས་ཡིག་ཐོག་བྲིས་པ་ཞིག་དང་། སྒྲུང་ཞེས་པ་སྒྲོ་བཏགས་པའི་བརྗོད་འདོད་གང་ཡང་རུང་བ་ལོ་རྒྱུས་ལྟ་བུར་བརྗོད་པ་ཞིག་ལ་བརྗོད། མདོར་ན། ལོ་རྒྱུས་ཞེས་བརྗོད་དུས་དངོས་ཡོད་ཀྱི་བྱུང་རབས་དང་། སྒྲུང་ཞེས་པ་དོན་དངོས་དང་མ་འབྲེལ་བ་ཞིག་ཡིན། དཔེར་ན། ཆ་འཇོག་མེད་པའི་མི་ལ་སྒྲུང་པ་ཞེས་འཕྱ་སྨོད་བྱེད་པ་ནས་གོ་དོན་རྟོགས་ཐུབ། དེང་དུས་ང་ཚོའི་མ་འོངས་སོན་རྩ་རྣམས་ཀྱིས་ལག་པ་གཡོན་པར་ལག་པ་སྡུག་པ་དང་། ཆུ་ཁོགས་ལ་ཆུ་སོད། འབྲི་ལ་གཡག་མོ། ངའི་ལོ་རྒྱུས་ལ་ངའི་སྒྲུང་། བོད་ཀྱི་ལོ་རྒྱུས་ལ་བོད་ཀྱི་སྒྲུང་། ད་དུང་དངོས་སྒྲུང་། ཞེས་པ་དང་མར་རྒྱས་ཞེས་སོགས་ བོད་གངས་ཅན་པའི་བརྡ་སྤྲོད་པའི་ལམ་གོ་ལོག་བེད་སྤྱོད་པ་དེའི་ལམ་དུ་མི་ཞུགས་པར་ཞུ།

  36. མིག་བརྒྱད་པ། says:
    2012-08-07 at 5:49 am

    སྤྲུལ་སྐུ་བདེན་པ་རེད། ལོ་རྒྱུས་དང་སྦྱར་བའི་སྒྲུང་གཏམ་གང་མང་མང་རེད། འབྲི་ཕོད་པ་དང་བཤད་ཕོད་པ་དུས་རབས་ཉེར་གཅིག་པའི་སྤྲུལ་སྐུ་ངོ་མ་ཞིག་རེད།

  37. མེ་ཏོག་དཀར་པོ། says:
    2012-08-07 at 6:59 am

    འབྲི་ཕོད་བཤད་ཕོད་རྒྱོ་མ་ཕོད། །
    དེང་དུས་སྤྲུལ་སྐུ་ག་ལ་ཡིན། །

  38. སྤྲུལ་སྐུ་དབང་ཆེན says:
    2012-08-07 at 11:08 am

    དངོས་བྱུང་ལོ་རྒྱུས་ཡིན་ན་སྒྲུང་ཡིན་ཆོག་ལ། སྒྲུང་ཡིན་ན་དངོས་བྱུང་ལོ་རྒྱུས་ཡིན་མི་དགོས།

  39. amdo baglab says:
    2012-08-07 at 3:03 pm

    སྤྲུལ་སྐུ་དབང་ཆེན་ཁྱོད་ཀྱི་དངོས་བྱུང་ལོ་རྒྱུས་ནས་ད་ལྟའི་གནས་ཚུལ་ཞིག་ཤོད་དང་། དེ་འཕྲོར་ཚང་མ་ཧང་སང་ངེས་རེད།

  40. རང་དབང་ཨ་རྡུ་མན་ says:
    2012-08-07 at 3:53 pm

    འགོ་འཇུག་མེད་པའི་གཏམ་ལ་སྙན་པོ་དེ་ཙམ་མི་འདུག །གལ་ཏེ་དངོས་བྱུང་ཡིན་ན་ཆ་ཚང་བ་ཞིག་བཤད་ཐུབ་ན་ཕན་ཐོགས་ཡོད་ས་རེད། ཡང་ཞབས་འདྲེན་ཞུས་ཡག་དེ་འདྲ་ཡིན་ན་་་་ད་ག་མཚམས་འཇོག་བྱས་ན་ཡག་ཤོས་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme