Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདོད་མའི་མེས་པོ།

Posted on 2013-05-232013-05-23 By ཁ་བརྡ་ 23 Comments on གདོད་མའི་མེས་པོ།

སྐྱིད་སྲས།
སྲིད་པ་དང་པོའི་མེས་པོའི་རྣམ་དཔྱོད་དཀར་འཇམ་ཤོག་ལ་བྲིས་པ་མེད།།
དཔའ་རྩལ་སྟག་གི་མཆོང་རྩལ་སོ་དྲུག་སྒྲུང་དང་ཟློས་སུ་འཁྲབ་པ་མེད།།
ཡབ་མེས་གཤེགས་པའི་བཤུལ་ལམ་རིང་མོར་གོ་ལྷམ་གྱོན་པའི་རྐང་རྗེས་མེད།།
ཧུར་གྱིས་བཞེངས་པའི་རྡོ་བརྐོས་འདི་དག་ཚུགས་ཐུབ་བདེན་པའི་དཔང་པོར་འགྲེངས།།

དོར་མ་རིང་ཐུང་གོས་སུ་སྤྱོད་པ་གདོད་མིའི་བུ་ལ་དགོས་པ་མེད།།
གསང་བའི་ཕོ་རྟགས་གྱེན་ལ་བསྒྲེངས་ཀྱང་གདོད་མའི་མི་ཡི་རང་གཤིས་ཡིན།།
ཕོ་སྐྱེས་མོ་སྐྱེས་གཅེར་བུར་བགྲོད་ཀྱང་སྲེད་པའི་མིག་གིས་གཡེངས་པ་མེད།།
ཇག་པ་རྔོན་པ་གང་ཡང་ཡིན་སྲིད་གདོད་མའི་དམངས་ཀྱི་རྩོལ་སྒྲུབ་ཡིན།།

འཚོ་གནས་ཟད་པོས་འགག་ནས་བཙུར་ན་སུས་ཀྱང་ལག་པ་དམར་ལ་ཤན།།
ནགས་ཟོམ་རྫ་ཟོམ་འབྲོང་ཁྱུའི་རྨིག་སྒྲ་གཞུ་མོ་མདའ་ཡིས་ཐག་སེ་བཅད།།  
ཤ་དང་ཁྲག་ལ་རློན་པར་སྤྱོད་པ་གདོད་མའི་མི་ཡིས་མཆོད་སྟངས་ཤིག །
གདོད་མའི་འཚོ་བ་གདོད་མར་བསྐྱུར་ནས་ལས་འབྲས་མིག་གིས་བརྟགས་དོན་མེད།།

ལྷ་སྲིན་ཁ་ལ་ཁྲག་གིས་བྱུག་པ་གདོད་མའི་ལུགས་ཀྱི་སྲོལ་ལ་བགྲང་།།
གདོད་མའི་མི་ཡི་ལས་སྤྱོད་ཟེར་ནས་ཁ་གཉེར་སྣ་གཉེར་བྱེད་པ་བླུན།།
ཆོས་ཞེས་ཐ་སྙད་རྨང་ནས་བྲལ་བའི་སེམས་རྒྱུད་ཐུལ་བའི་གཏན་ཚིགས་མེད།།
གཟུ་ལུམ་ཐོ་ཅོས་སྨྲ་བ་མང་ན་གཟུར་གནས་མཁས་པའི་འཕྱ་བའི་རྒྱུ།།

སྲབ་སྒྲོག་མེད་པའི་རི་རྐྱང་དར་མ་བཏུལ་ནས་ལམ་གྱི་བཞོན་རྟར་བཀུག །
ཐང་དཀར་རྒོད་པོའི་མཁའ་ལམ་ལྡིང་སྐོར་གཞུ་མོ་གུག་པའི་མདའ་ཡིས་བཅུམ།།
བྲེ་སར་འབྲོང་གི་སྣ་ལོ་ཕུག་ནས་ལྷས་ལ་བཏགས་པ་ཐོག་མ་ཡིན།།
རི་དྭགས་ཐུ་མེད་གཡུང་དྭགས་བཀུག་པ་རྐང་བཞི་ཕྱུགས་ཀྱི་རུ་མ་ཡིན།།

དེ་རིང་འདི་ནས་གནམ་མཐའི་མཚམས་ལ་མིག་ཞགས་བརྐྱངས་ནས་ལྟོས་པ་ན།།
ཧི་མ་ལ་ཡའི་རི་རྒན་དེ་ནི་ཁྱོད་ཀྱིས་རྐང་པས་འགོམ་ཐེངས་གཅིག །
ཡར་ལུང་གཙང་པོའི་ཡར་ཆབ་དེ་ནི་ཁྱོད་ཀྱི་ཧུབ་ཀྱིས་རྔུབས་ཐེངས་གཅིག །
མ་ཧ་ཙི་ནའི་སྡར་དམག་དཔུང་ཚོགས་ཁྱེད་ཀྱི་རྡོག་ཐོ་གཞུས་ཐེངས་གཅིག །

ཁྱོད་ཀྱི་དུས་ལ་ཁྱོད་ཉིད་མ་གཏོགས་ཁྱོད་ལས་ལྷག་པའི་བཙན་པོ་མེད།།
ང་ཡི་དུས་ལ་ང་ལས་ལྷག་པའི་སྡར་མ་ཝ་ཡི་འགྲོ་རོགས་མེད།།
སྐུ་སྟོད་ཕྱི་གླིང་ཁྱིམ་ལ་བསྲིངས་ཞིང་སྐུ་སྨད་ཙི་ནར་བརྐྱངས་པ་ཁྱོད།།
འགྱིང་དང་ཉལ་བའི་ང་རྒྱལ་བསམ་ནས་དབང་མེད་ཀི་རིང་ཐེངས་གཅིག་ཤོར།།<

རྩོམ་རིག

Post navigation

Previous Post: སྙན་ཚོམ་ཁག་གཉིས།
Next Post: མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།

Comments (23) on “གདོད་མའི་མེས་པོ།”

  1. གནམ says:
    2013-05-23 at 8:29 am

    མེས་པོའི་ལྡོག་ཕྱོགས་སུ་རེད། ཤེས་ནི་ཡོད་ན་ཅིག་ཤོད་དང་། སྔ་ཕྱི་བཤད་ཀི་ཡོད། སྐྱེས་རྟགས་བཤད་ཀི་མེད།
    ཕྱི་རབས་པ། སོན་རྩ་བ། འབྱུང་འགྱུར་བ། བུའི་ཕྲུག། ཡང་ན་གང་རེད།

  2. གནམ says:
    2013-05-23 at 8:48 am

    འོ། ཀློག་བདེ་བོ་འདྲ་ཞིག་འདུག། སེམས་ལ་དྲན་ཚད་པོ་གཡུག་རྐྱང་བྱས་ལས། གོ་རིམ་ལ་ཕབ་པའི་ལེགས་བཅས་ཞིག་མེད་པ་འདྲ། ཀློག་པོ་ལ་སྟེར་འདོད་པའི་གོ་དོན་དང་། ཀློག་པོས་གོ་ལ་འཇུག་ཐུབ་པའི་གོ་རིམ་ཞིག་ཡོད་ན་ཅིས་མི་བཟང་བསམ།

  3. གནམ says:
    2013-05-23 at 8:49 am

    ཀློག་པ་པོ། ཀློག་པ་པོས། པ་རེ་ཆད་འདུག།

  4. སྣྲོན ངག་ཁྲི། says:
    2013-05-23 at 9:09 am

    གདོད་མའི་མེས་པོ་གོས་དང་བྲལ་ཡང་གཅེར་བུ་བ་དང་མཚུངས་མིན་ཏེ། །འདོམས་ཀྱི་སྤུ་དང་ལུས་ཀྱི་དྲེགས་པས་དམར་རྗེན་མཚན་མ་རབ་བཀབས་པས། །ཕོ་མོའི་རྟགས་ཀྱི་བཟོ་དབྱིབས་དོད་ཙམ་ཕྱི་རུ་མངོན་པ་མ་གཏོགས་ནི། །གཞན་གྱི་ཁྱད་ཆོས་འུད་སྒྲོག་དེ་དག་ཕལ་ཆེར་ཁོང་ཚོར་ཡོད་སྐན། །

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-23 at 11:04 am

    བརྐོས་པའི་རི་མོ་ཡོད་པའི་བྲག་དེ་ཡུལ་གང་ན་ཡོད་དམ། ལོ་ངོ་ཇི་ཙམ་སྔོན་དུ་བརྐོས་པ་ཡིན་ནམ། གཞན་ཡང་། “ཧུར་གྱིས་བཞེངས་པའི་རྡོ་བརྐོས་འདི་” ཞེས་པའི། ཧུར། འདི་སུ་ཡིན་ནམ། འདི་དག་ལ་ལོ་རྒྱུས་དང་མཐུན་པའི་འགྲེལ་བཤད་ཅིག་ཡོད་ན། ངོ་མཚར་ཆེའོ།།

  6. སྤོབས་པ་མཐའ་ཡས། says:
    2013-05-23 at 3:07 pm

    ལ་དྭགས་པ་བློ་འཇམ་གྱིས་ད་དུང་བོད་སྐད་སྦྱང་དགོས་ཀྱི་འདུག ཧཧ

  7. ཀརྡོ་གཉེར་ཕྱག་པ་ says:
    2013-05-23 at 4:09 pm

    གདོད་མའི་མེས་པོས་བཞེངས་ཡོད་ན། ཧུར་གྱིས་བཞེངས་པ་ཇི་ལྟར་ཤེས་སམ། ཡང་ན་གོ་དོན་གཞན་ཅིག་ཡིན་ནམ།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-05-23 at 9:25 pm

    ཡང་ན། ཧུར་གྱིས་དཔང་པོར་འགྲེངས། ཞེས་པ་རྡོ་རྐོས་རང་ཉིད་སེམས་མེད་བེམ་པོ་ཡིན་ན་ཡང་། ད་ལྟའི་དུས་སུ་ཧུར་ཐག་རྦད་ཐག་བྱས་ནས་རང་ཉིད་དཔང་པོར་ལང་པ་རེད་ཅེས་ཟེར་འདོད་པ་ཡིན་ནམ། སྐྱིད་སྲས་ལགས།

  9. བསམ་གཏན་སྒྲོལ་མ། says:
    2013-05-23 at 10:00 pm

    དོན་དག་དང་བརྗོད་བྱ་འདི་ཡིན་ཟེར་བ་ཞིག་མེད་པ་འདྲ། དེ་བས་པར་དེ་ངོ་སྤྲོད་ཅིག་གནང་ཡོད་ན་ཅི་མ་རུང་སྙམ།

  10. བསམ་གཏན་སྒྲོལ་མ། says:
    2013-05-23 at 10:02 pm

    དོན་དག་དང་བརྗོད་བྱ་འདི་ཡིན་ཟེར་བ་ཞིག་མེད་པ་འདྲ། དེ་བས་པར་དེ་ངོ་སྤྲོདཅིག་གནང་ཡོད་ན་ཅི་མ་རུང་སྙམ།

  11. BONPO says:
    2013-05-23 at 10:19 pm

    བསམ་གཏན་སྒྲོལ་མ་ལགས། །
    སྔ་རབས་ཀྱི་བྲག་རྐོས་རི་མོ་དང་ས་ཞིབ་རིག་པ་སོགས་ལ་དོ་སྣང་ཡོད་ན། དྲྭ་རྒྱ་འདིར་ཕེབས་དང་གང་ལ་གང་མཚམས་ཞིག་བལྟ་རྒྱུ་འདུག། http://www.tibetarchaeology.com/newsletter/

  12. སྐྱིད་སྲས། says:
    2013-05-24 at 1:21 am

    རྣམ་པ་དག་གདོད་མའི་མེས་པོའི་དུད་ཁྱིམ་དུ་མགྲོན་ལ་ཕེབས་པར་དགའ་བ་སྟོང་གི་བསུ་མ་དང་གསེར་སྲང་ཁྲི་ཡི་རིན་ཐང་ཡོད། གོང་ནས་ལ་དྭགས་བློ་བཟང་དང་ཀ་རྡོར་ཕྱག་གཉེར་རྣམ་གཉིས་ནས་ཧུར་གྱིས་བཞེངས་ཞེས་པ་ལ་དོགས་འདྲི་ཅིག་ཡོད་པ་ལ་གསལ་བཤད་ཅིག་བཤད་ན་བསམ་བྱུང་། རྡོ་རྐོས་རི་མོ་འདི་དག་གདོད་མའི་མི་དམངས་ཀྱིས་ཧུར་ཐག་གིས་བྲིས་གནང་མཛད་པའི་རི་མོའི་སྒྱུ་རྩལ་ཡིན་པས་དེ་ལྟར་བྲིས་པ་ཡིན།

  13. སྐྱིད་སྲས། says:
    2013-05-24 at 1:40 am

    རྡོ་རྐོས་འདི་དག་མངའ་རིས་ས་ཁུལ་དུ་ཡོད་ས་རེད། མངའ་རིས་ས་ཁུལ་གྱི་ས་ཆ་གང་ན་ཡོད་མིན་ཏན་ཏན་ཞིག་ཤེས་མ་སོང་། ངས་ཀྱང་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་ལས་བརྒྱུད་འགོད་བྱས་པ་ཡིན། རྗེས་མར་རྩད་ཞིབ་བྱས་རྗེས་གསལ་པོ་ཞིག་མཆན་འཇོག་ཡོང་།

  14. བསམ་གཏན་སྒྲོལ་མ། says:
    2013-05-24 at 5:11 am

    bonpo་་ལགས་
    བལྟས་ཟིན་
    ཡག་པོ་འདུག
    ཐུག་རྗེ་ཆེ་ཞུས་པ་ཡིན།

  15. སྐྱིད་སྲས། says:
    2013-05-24 at 12:12 pm

    རྡོ་བརྐོས་རི་མོ་འདི་དག་ནི་མངའ་རིས་རུ་ཐོག་ཨོ་བྱང་དང་རྩ་འུ་སོགས་ལ་ཡོད་ཅིང་ངག་རྒྱུན་ལ་ལྷ་འདྲེའི་རི་མོར་གྲགས། རྡོ་བརྐོས་མང་པོ་ཞིག་ཡོད་ཀྱང་འདིར་འགོད་ཐུབ་མ་སོང་། 

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-05-24 at 2:34 pm

    སྤོབས་པ་མཐའ་ཡས་ནས།
    “ལ་དྭགས་པ་བློ་འཇམ་གྱིས་ད་དུང་བོད་སྐད་སྦྱང་དགོས་ཀྱི་འདུག ཧཧ” བོད་སྐད་སྦྱང་དགོས་འདུག ཅེས་པའི་ཆ་ནས། སྤོབས་པ་མཐའ་ཡས་དངོས་དང་། འདི་དང་འདི་ཞེས་སྨྲ་མི་ནུས་པའི་ཆ་ནས། སྤོབས་མཐའ་དངོས་སུ་གྱུར་པར་ཧ་ཧ་ཧ་ཧ། རྡོར་སེམས་སྒོམ་བཟླས་ན་གསལ་བ་བཞིན་དུ། དགའ་བ་བཞི་མཚོན་བྱེད་དོ། །
    ་
    རྡོ་བརྐོས་འདི་འདྲ་ལ་དྭགས་སུ་མང་ཙམ་ཡོད་། སྔོན་དུས་འབྲོག་པ་རྣམས་ཀྱིས་རྡོ་དང་བྲག་ལ་བརྐོས་རྒྱབ་པ་ལ་འདོད་དོན་དག་ཅིག་ཡོད་དམ་སྙམ། ལ་དྭགས་ཀྱི་ཨ་ལྕིའི་སངས་རྒྱས་རྣམ་སྣང་ལྷ་ཁང་མཇལ་དུ་འགྲོ་བ་ན། སེངྒེའི་ཁ་བབས་གཙང་པོའི་སྒང་གི་ཟམ་པ་འཐོན་པ་དང་། ཐང་སྟོང་པ་ཞིག་ན་ཕ་བོང་ཆེ་ཆུང་སྣ་ཚོགས་སྟེང་། ལུག་གམ། རི་དྭགས་སོགས་ཀྱི་བརྐོས་རྙིང་མང་པོ་མཐོང་སྣང་དུ་ཡོད། དེ་དག་ལས་མང་པོ་ཞིག་རྒྱ་གར་པ་ལམ་བཟོ་པས་བཅག་ནས་རྡོ་རྣམས་རྒྱ་ལམ་བཟོ་བར་ཁྱེར་ཡོད་པར་བཤད་དོ།

  17. ཨོ་རྒྱན་ཉི་མ། says:
    2013-05-24 at 3:19 pm

    ད་ལྟ་ང་ཚོས་མི་རིགས་ཆིག་སྒྲིལ་བཤད་བསྡད་པ་ཙམ་མི་ཕན་པར། འབྱུང་འགྱུར་གྱི་གནས་སྟངས་ལ་བསམ་བློ་མ་བཏང་ན་ལོ་རྒྱུས་ཀྱིས་མི་རིགས་ཁ་བྲལ་དུ་གཏོང་བ་དང་། སྐྱོན་མཚང་གིས་མི་རིགས་ཁ་བྲལ་དུ་གཏོང་བ་གཉིས་ལས། སྔ་མ་ཉེས་པ་ཆེ་བར་སེམས། སྐྱོན་མཚང་ནི་ཐད་ཀའི་སྐྱོན་རེད། ལོ་རྒྱུས་རྫུན་མ་བཟོ་བ་དུས་རབས་མང་པོ་རྫོགས་མི་ནུས་པའི་སྐྱོན་རེད། དེ་ཙམ་དུ་མ་ཟད་ལོ་རྒྱུས་དང་། ལྟ་གྲུབ་རྫུན་མ་རྐྱང་རྐྱང་བཟོ་བསྡད་ན་རིག་གཞུང་གི་རྙིང་པོ་སྟོར་ངེས་པ་དང་། རིག་གཞུང་ལ་གཏད་སོ་མེད་ན་བོད་ཀྱི་གཞོན་སྐྱེས་ཚོ་ཆོས་བོན་གཉིས་ཀྱི་རིག་གཞུང་དང་། དེར་འཛིན་གཉིས་ཀ་ལ་རྒྱབ་གཏད་ངེས་རེད། དེ་དུས་ཇི་ལྟར་བྱ་རྒྱུ་ཡིན།

  18. BONPO says:
    2013-05-24 at 6:07 pm

    སྐྱིད་སྲས་ལགས། །
    སྐུ་ཉིད་ཀྱིས། རྡོ་བརྐོས་རི་མོ་འདི་དག་ནི་མངའ་རིས་རུ་ཐོག་ཨོ་བྱང་དང་རྩ་འུ་སོགས་ལ་ཡོད་ཅིང་ངག་རྒྱུན་ལ་ལྷ་འདྲེའི་རི་མོར་གྲགས། གསུངས་འདུག།
    ་་་རུ་ཐོག་་་ནི་ལོ་རྒྱུས་དང་མཐུན་པའི་ས་མིང་རེད། ཨོ་བྱང་་་དང་་་རྩ་འུ་་་་ཟེར་བའི་ས་མིང་འབྲི་ཚུལ་འདི་གཉིས་རང་སྐད་དང་མཐུན་གྱི་ཡོད་དམ། །

  19. སྐྱིད་སྲས། says:
    2013-05-25 at 9:01 am

    Bonpoལགས།

    ཨོ་བྱང་དང་རྩའུ་ཟེར་བ་འདི་གཉིས་རང་སྐད་དང་མཐུན་མིན་གསལ་པོ་ཞིག་ཧ་གོ་མ་སོང་། ཨོ་བྱང་དང་རྩའུ་ཟེར་བ་འདི་ལ་འབྲི་ཚུལ་མི་འདྲ་བ་གང་མང་ཅིག་འདུག མངའ་རིས་དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་ཨོ་བྱང་དང་རྩ་འུ་ཞེས་བྲིས་འདུག་ལ། དེ་མིན་གུ་གེ་ཚེ་རིང་རྒྱལ་པོས་དབོད་ཞང་དང་གཙག་བུ་ཡང་བྲིས་འདུག དེ་མིན་མཁས་པ་སུ་ཡིན་མིན་ཧ་མི་གོ་བའི་དབུ་བྱང་དང་དབོ་བྱང་དབོད་བྱང་། དབུ་ལྕང་།ཙ་བུ། ཙའུ། སོགས་འབྲི་ཚུལ་མང་པོ་ཞིག་འདུག་ལ། གཅིག་གྱུར་གྱི་མིང་འབྲི་ཚུལ་ཞིག་མེད་སྐད། ཨོ་བྱང་དང་རྩ་འུ་ཟེར་བ་འདི་ཞང་བོད་འདྲེས་མ་ཞིག་ཨེ་ཡིན་བསམ། གང་ཡིན་ཟེར་ན། མངའ་རིས་ལ་བོོད་ཀྱིས་དབང་བསྒྱུར་བྱས་རྗེས་ས་མིང་སོགས་ཞང་བོད་འདྲེས་མར་འབོད་པའི་ལོ་རྒྱུས་ཅིག་ཀྱང་བདག་གི་མངའ་རིས་ཀྱི་གྲོགས་པོ་ཞིག་གི་ཁ་ནས་གོ་མྱོང་། དེ་བས་སུས་ཀྱང་གོ་བ་མ་ལོན་ནས་འབྲི་ཚུལ་མང་པོ་ཞིག་དང་འབྲེལ་བརྗོད་མང་པོ་ཞིག་སོ་སོས་རང་ངོས་ནས་བཟོས་ཡོད་པ་འདྲ།

  20. མྱུར་མགྱོགས་ཅན། says:
    2013-05-26 at 6:41 am

    ཀློག་ཚར་ཡིན་ཡག་པོ་བྲིས་འདུག། པར་རིས་འདི་ངོ་མ་ཡག་པོ་འདུག།

  21. གཟི་གླིང་རྒྱལ་སྲས། says:
    2013-05-26 at 2:34 pm

    ཁ་སང་དེ་རིང་ཚ་དྲོད་བཞི་ཅུའི་དྲོད་ཚད་ཀྱིས་ལུས་སེམས་གཉིས་ཀ་ལ་ཉོབ་སྣང་དང་སྡུག་བསྔལ་གྲངས་མེད་ཅིག་སྤྲད་སོང་། ཡིན་ནའང་ནམ་རྒྱུན་ལས་ལྡོག་སྟེ། དེ་རིང་ཁ་བརྡའི་དྲ་རྒྱ་སྒང་ལ་ལྟ་འདོད་ཅིག་སྐྱེས་ནས་ལྟོས་པ་ཡིན། དེ་ཡང་དུས་རྒྱུན་གྱི་དགའ་ཕྱོགས་དང་བསྟུན་ནས་སྙན་རྩོམ་རེ་ཀློག་པ་ཡིན། སྙན་རྩོམ་མང་དག་ཅིག་ཀློག་པ་པོས་གོ་བ་ལོན་ཡ་ལྟ་ཞོག འབྲི་མཁན་རང་ཉིད་ཀྱིས་ཀྱང་གོ་བ་རེ་ལོན་རྒྱུ་ཡོད་པ་དཀའ་ལས་ཁག་པོ་རེད། ཡིན་ནའང་ཏག་ཏག་༼གདོད་མའི་མེས་པོ༽ཟེར་བའི་སྙན་རྩོམ་འདི་ལ་ལྟོས་པ་ན། ཐུན་མོང་མ་ཡིན་པའི་སྨྱུག་རྩལ་ཅིག་གིས་ངའི་ཉོབ་སྣང་གི་མིག་ཟུང་ལ་གྲུང་ཤ་དོད་ཅིང་། ལུས་ཀྱི་བ་སྤུ་ཡང་གྱེན་ལ་འགྲེང་བ་ལྟར་སྣང་བྱུང་། འདི་ནི་མེས་པོའི་རྣམ་དཔྱོད་ཀྱི་བསླངས་པ་ཡིན་ནམ། ཡང་ན་སྐྱིད་སྲས་ཀྱིས་བསླངས་པ་ཡིན་མིན་ཆ་མ་འཚལ་བས། གཤམ་ནས་རང་ཉིད་ཀྱིས་སྐྱིད་སྲས་ཀྱིས་བཞེངས་བསྐྲུན་མཛད་པའི་༼གདོད་མའི་མེས་པོ༽བཀླགས་པའི་མྱོང་ཚོར་ཀློག་པ་པོ་རྣམས་ལ་ཞུ་འདོད་བྱུང་།
    རྩོམ་གཤིས་ནི་ཐད་ཀར་མི་གཤིས་དང་འབྲེལ་ཡོད་པ་ནང་བཞིན་ན་གཞོན་རྩོམ་པ་པོ་སྐྱིད་སྲས་ལགས་ཀྱི་འཚོ་གནས་ཀྱི་གཞི་རྩའི་གདངས་དབྱངས་ལས་བཞུར་བའི་ཚོར་འདུ་གྲིམ་རིམ་ཅན་དེ་རང་གི་སྙན་ངག་གི་རྐང་ལ་ཟུག་ཡོད་ལ་སེམས་གཤིས་ཀྱི་དྭངས་མ་ལས་ཐོན་པའི་བཅོས་མིན་མིག་ཆུ་དེ་བརྩམས་ཆོས་ཀྱི་གཤིས་སུ་གྲུབ་འདུག་པས། ངས་བསམ་པར་འདི་ལྟ་བུའི་ལྷད་མེད་ཀྱི་བསམ་པའི་སྒྱུ་རྩལ་ནི་བོད་པའི་རྩོམ་སྟེགས་སུ་མཁོ་བའི་གསར་འབྱེད་ཀྱི་དཔའ་གླུ་ཅི་ལ་མིན།
    གདོད་མ་ནི་བག་ཡངས་ཀྱི་འཇིག་རྟེན། བདེ་སྐྱིད་དང་འཆི་མེད་ཀྱི་ཞིང་ཁམས་ཤིག་ལ་རྩིས་ཆོག་པར་སྣང་ལ་གདོད་མིའི་མེས་པོ་དག་ནི་བོད་པའི་གཞིས་ཁྱིམ་དྲོན་མོ་འཛམ་གླིང་གི་ཡང་རྩེར་སྒྲེང་མཁན་གྱི་དཔའ་སྟོབས་དང་བློ་གྲོས་ཀྱིས་ཕྱུག་པའི་མི་བུ་དག་མིན་ག་ལ་སྲིད། དེ་བས་ཏག་ཏག་སྙན་རྩོམ་འདིའི་ནང་རྩོམ་པ་པོའི་སེམས་ངོགས་སུ་འཁྱིལ་བ་ནི་སྨྲ་མི་ཤེས་བའི་ཚོར་བ་དྲག་པོས་ལུས་ཡོངས་སྲེག་ཏེ་ཧ་ཅང་བཟོད་བསྲན་བྲལ་བའི་ན་ཟུག་ཕྱི་རུ་མངོན་ཡོད་པ་ཡིན་ལ་སྙན་རྩོམ་འདིའི་ཆེས་ཡི་གར་འོང་བའི་གནས་སམ་ཆེས་གལ་འགངས་ཆེ་བའི་དོན་བྱ་ལེགས་འགྲུབ་བྱུང་བའི་ཆ་ནི་སྙན་ངག་པས་གནའ་བོའི་མི་རིགས་ཤིག་གི་ཤུལ་རྫས་དང་ཡུལ་སྲོལ་གོམས་གཤིས། ལྷད་མེད་དྭངས་གཙང་གི་གཤིས་ཀ་སོགས་ནི་བརྩམས་ཆོས་རྒྱན་སྤྲས་བྱེད་སའི་ལག་ཆ་དང་ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོར་རྨང་གདེང་བསྐྲུན་སའི་ཐོག་མའི་བཟོ་བཀོད་ལྟ་བུར་བསྐྲུན་ཡོད་པས་རེད། དོན་ལ༼གདོད་མའི་མེས་པོ༽ཞེས་པའི་སྙན་རྩོམ་འདི་ཁ་བརྡའི་དྲ་བའི་སྟེང་གི་གང་དྲན་དྲ་ངོས་ལ་གཡུག་པ་ལྟ་བུའི་རྩོམ་ཉོག་དེ་ཚོ་དང་ཡེ་ནས་མི་འདྲ་བར་གསོན་ཉམས་ཀྱིས་ཕྱུག་འདུག
    སྐྱིད་སྲས་ལགས་ཀྱིས་སྙན་ངག་གི་ཁ་བྱང་ལ༼གདོད་མའི་མེས་པོ༽ཞེས་གསོལ་དོན་ཡང་དོན་གྱིས་སྙན་ངག་གི་ལྡོག་ཕྱོགས་ནས་སྐྱི་གཡའ་བར་བྱེད་པའི་དྲི་རྟགས་སྐྱི་གཡའ་བ་ཞིག་བཏོན་ཡོད་པ་ཡིན་ལ། དུས་རབས་ཀྱི་དགོངས་པ་དང་མཐུན་ཞིང་དོན་དངོས་ལ་གདོང་གཏོད་ཐུབ་པའི་མི་བུ་རང་རློམ་ཅན་དང་འགྲེང་ཚུགས་ཅན་གྱི་བསམ་བློ་ཁེར་ཚུགས་ཤིག་གིས་བསྟབས་འདུག་པས། རྗེས་མར་ཡང་སྐྱིད་སྲས་ལགས་ཀྱིས་འདི་ལྟ་བུའི་སྙན་རྩོམ་རེ་ཁ་བརྡའི་དྲ་བར་བཀོད་ཚེ། ཀློག་མཁན་མི་ཉུང་བ་ཅིག་གིས་དགའ་བསུ་དང་རྒྱབ་སྐྱོར་ཐོབ་པ་གདོན་མི་ཟའོ།

  22. BONPO says:
    2013-05-26 at 9:06 pm

    སྐྱིད་སྲས་ལགས། །
    སྐུ་ཉིད་ཀྱིས་ཨོ་བྱང་དང་རྩའུ་ཟེར་བའི་ས་མིང་འདི་གཉིས་ལ་འདྲི་ཚུལ་དང་འབྲེལ་བརྗོད་མི་འདྲ་བ་ཁ་ཤས་ཡོད་པའི་སྐོར་གསལ་བཤད་ལེགས་པར་གནང་བར་ཤིན་ཏུ་བཀའ་དྲིན་ཆེ་ཞུ། མ་འོངས་པར་ས་ཆ་དེ་ཚོར་སླེབས་ན་དོ་སྣང་བྱེད་ངེས་ཡིན། རང་རང་སོ་སོའི་ཕ་ཡུལ་ལུང་པའི་ས་མིང་སྔ་རབས་ནས་གང་ཡོད་པ་ཁག་ཡིག་ཐོག་ལ་ཆ་ཚང་འབྲི་དགོས་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག། བཀའ་དྲིན་ཆེ། །
    དེ་རིང་མཚོ་སྔོན་པོའི་དྲྭ་བར་ཨ་མདོའི་ཁ་སྐད་སློབ་དེབ་ཅེས་པ་ཞིག་བཏོན་འདུག། དགའ་ཚོར་ཆེན་པོ་བྱུང་། ཨ་མདོ་བས་ཨ་མདོའི་ཁ་སྐད་སྔ་རབས་ནས་གང་ཡོད་པ་དེ་ཇི་མ་ཇི་བཞིན་སྲུང་སྐྱོབས་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པ་དྲན་གྱི་ཡོད། དེ་བཞིན་བོད་ཀྱི་ཡུལ་ཕྱོགས་སོ་སོའི་ཁ་སྐད་ཚང་མ་ལ་སློབ་དེབ་རེ་རེ་བཟོ་ཐུབ་ན་ཅི་མ་རུང་སྙམ་མོ། །

  23. ཀརྡོ་གཉེར་ཕྱག་པ་ says:
    2013-05-26 at 9:08 pm

    ་་་ དེ་བཞིན་བོད་ཀྱི་ཡུལ་ཕྱོགས་སོ་སོའི་ཁ་སྐད་ཚང་མ་ལ་སློབ་དེབ་རེ་རེ་བཟོ་ཐུབ་ན་ཅི་མ་རུང་སྙམ་མོ། །་་་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme