Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་བསྟན་རིག་མཛོད་འཕྲུལ་དེབ་སྐོར་དྲི་བ་དྲིས་ལན།

Posted on 2013-06-202013-06-20 By ཡེ་ཤེས་ 22 Comments on ནང་བསྟན་རིག་མཛོད་འཕྲུལ་དེབ་སྐོར་དྲི་བ་དྲིས་ལན།


དྲི་བ་འདྲི་མཁན། ཀླུ་སྨྱོན།
དྲིས་ལན་པ། བེ་རི་རིག་པའི་རྡོ་རྗེ།

དྲི་བ། ཁྱེད་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་ཅིག་གནང་རོགས།

ལན། ང་ནི་ཆེས་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ་ངའི་ལོ་རྒྱུས་ཡང་ཆེས་སྤྱིར་བཏང་བ་ཞིག་ཡིན་པས་བཤད་རིན་ཡོད་པ་ཅི་ཡང་མེད། འོན་ཀྱང་ཁྱེད་ཀྱི་དྲི་བར་ལན་ཅིག་མ་བཏབ་ན་མི་འགྲིག་གི ངའི་མིང་ལ་བེ་རི་རིག་པའི་རྡོ་རྗེ་ཟེར་ཞིང་སྐྱེ་ཡུལ་མདོ་སྨད་མགོ་ལོག་ཡིན། ཆུང་དུས་ནས་ཕ་མས་བཀོད་སྒྲིག་ལྟར་དགོན་པར་ཞུགས་ནས་གྲྭ་བ་བྱས། ཕྱི་ལོ་༡༩༩༦ ལོར་རྒྱ་གར་དུ་ཕྱིན་ཅིང་ཕྱི་ལོ་༢༠༠༤ ལོར་ཨ་རིར་སླེབས། ད་ལྟ་ཨ་རིའི་མངའ་སྡེ་བུ་རྒྱས་གནས་ཤར་ལྷོ་བསུ་དཔལ་དུ་ཁ་སོས་ལ་མ་སོས་བྱས་ནས་བསྡད་ཡོད།

དྲི་བ། ཁྱེད་ཀྱིས་རིག་མཛོད་དྲ་བ་འདི་ཐོག་མར་བཟོ་དུས་ཀྱི་ཀུན་སློང་དང་མགོ་བཙུགས་པའི་ལས་རིམ་སྐོར་ཅིག་གསུངས་རོགས།

ལན། ཐོག་མར་བསམ་བློ་འདི་འདྲ་ཞིག་བཏང་ནས་མགོ་བཙུགས་པ་ཡིན། དེང་སྐབས་བོད་ཡིག་དྲ་རྒྱ་དང་དྲ་ཐོག་དཔེ་མཛོད་ཁ་ཤས་ཡོད་མོད། ཁག་གཅིག་ནི་བོད་ཀྱི་རིག་གནས་ཉོ་ཚོང་ལྟེ་གནས་དང་། ལ་ལ་ཞིག་ནི་མིང་རྫིག་དོན་གྱིས་སྟོང་བ། ལ་ལ་ཞིག་ནི་ཕྱོགས་རིས་སུ་སོང་སྟེ་རང་ཕྱོགས་ཁོ་ན་ལས་གྲུབ་མཐའ་གཞན་དང་། ཡུལ་ལུང་གཞན་གྱི་རིག་གནས་མེད་པ། ཡང་ཁག་ཅིག་ནི་བོད་ཡིག་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་རྒྱབ་ཏུ་བཞག་ཡོད་པའི་དབང་གིས། དྲ་རྒྱར་གཟིགས་མཁན་ལ་དབྱིན་ཡིག་གི་ཤེས་ཚད་ངེས་ཅན་ཞིག་མེད་ན། ནང་དོན་འཚོལ་དཀའ་བ་སོགས་བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་འཐུས་སྒོ་ཚང་མེད། དེར་བརྟེན་ངས་བོད་ཡིག་དང་། བོད་ཀྱི་རིག་གནས་དགོན་སྡེའི་སློབ་གསོ་ཙམ་མ་ཡིན་པར་བོད་ཡིག་དང་། བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་ཆེ་རུ་བཏང་ནས་བོད་ཡིག་ཀློག་མཁན་དང་། བོད་ཀྱི་རིག་གནས་ལ་དོ་སྣང་བྱེད་མཁན་སྔར་ལས་ཇེ་མང་དུ་བཏང་ཏེ། བོད་ཡིག་དང་བོད་ཀྱི་རིག་གནས་དེང་རབས་ཅན་དུ་བསྒྱུར་འདོད་པ་དེ་ཡིན། སོང་ཙང་ངས་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༡༨ ཉིན། ནང་བསྟན་རིག་མཛོད་ཅེས་པའི་དྲ་ཚིགས་འདི་གསར་བཟོ་བྱས་ཏེ། www.rigzod.org ཡོངས་ཁྱབ་ཤར་གཏོང་བྱས་པ་ཡིན། དྲ་ཚིགས་འདིའི་ཁོངས་སུ་བོད་ཀྱི་ཆོས་ལུགས་དང་། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་འདུས་ཡོད།

ངས་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་ནི། ཚང་མས་མཁྱེན་གསལ་ལྟར། དེང་སྐབས་བོད་ཀྱི་ཆོས་དང་རིག་གནས་ནི་རླུང་ནང་གི་མར་མེ་ལྟར་ཆེས་ཉེན་ཁའི་རང་བཞིན་ཅན་ཞིག་ཆགས་ཡོད། རིག་གཞུང་འདི་མྱུར་སྐྱོབ་མ་བྱས་ན་དུས་ཡུན་ཐུང་ཐུང་ཞིག་གི་ནང་རྩ་བརླག་ཏུ་འགྲོ་རྒྱུ་ཉག་གཅིག་ཡིན། གལ་ཏེ་བོད་ཀྱི་རིག་གནས་རྩ་བརླག་ཏུ་ཕྱིན་པ་ཡིན་ན། བོད་གཅིག་པོ་མ་ཡིན་པར་འཛམ་གླིང་སྤྱིའི་གྱོང་གུད་ཅིག་ཡིན། དེས་ན་ང་ཚོས་ངེས་པར་དུ་མྱུར་སྐྱོབ་བྱེད་དགོས། མྱུར་སྐྱོབ་བྱེད་སྟངས་ལ་རིགས་ཁ་ཤས་ཡོད་མོད། ངས་བསམས་ན་དེང་རབས་དྲ་རྒྱའི་རིག་གནས་ནི་རིག་གནས་མྱུར་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་ཅིག་རེད། དཔེར་ན་ང་ཚོ་བོད་ཀྱི་ཆོས་དང་རིག་གནས་ཀྱི་དཔེ་ཆ་རྣམས་རྩིས་འཁོར་དུ་བཅུག་སྟེ་དྲ་རྒྱའི་ཐོག་འཇོག་ཐུབ་ན། ཇི་སྲིད་དྲ་བའི་འཇིག་རྟེན་མ་རྫོགས་བར་དུ་བོད་ཀྱི་རིག་གནས་ཡང་ཉམས་མི་སྲིད། དེར་བརྟེན་ངས་བོད་ཀྱི་རིག་གནས་ཡོངས་རྫོགས་དྲ་རྒྱའི་ཐོག་འཇོག་འདོད་ཀྱི་བསམ་བློ་བཏང་བ་ཡིན།
འོན་ཀྱང་སྐབས་དེ་དུས་རིག་མཛོད་དྲ་ཐོག་ཏུ་འཕྲུལ་དེབ་འཇོག་རྒྱུའི་བསམ་བློ་མེད། དེ་ཤེད་ཅིག་ནས་འཕྲུལ་དེབ་དྲ་ཚིགས་ཤིག་མཐོང་ཞིང་། དེའི་ཐོག་གི་འཕྲུལ་དེབ་རྣམས་ཀྱི་བཟོ་རྩལ་དེ་ཙམ་དང་། ལྷག་པར་དུ་དཀར་ཆག་གམ་ས་བཅད་མེད་པར་ནག་བླུགས་བྱས་ཡོད་པས། ཀློག་མཁན་རྣམས་ཀྱི་ཐུགས་འདོད་ཡོངས་སུ་བསྐང་མི་ཐུབ་པས་རྐྱེན་བྱས་ནས་སྔར་རང་གིས་བཟོས་ཟིན་པའི་འཕྲུལ་དེབ་རྣམས་དྲ་ཐོག་ཏུ་བཞག་སྟེ། བོད་དང་བོད་ཡིག་ལ་དགའ་མཁན་རྣམས་པར་ཞབས་ཞུ་གང་ནུས་བསྒྲུབ་རྒྱུའི་བློ་ཐག་བཅད་པ་ཡིན།

དྲི་བ། རིག་མཛོད་དྲ་བའི་ལས་འཆར་གཙོ་བོ་ག་རེ་ག་རེ་ཡིན་ནམ།

ལན། ལས་འཆར་གཙོ་བོ་ནི། བོད་ཀྱི་ནང་པའི་བཀའ་བསྟན་གཉིས་ནས་དབུ་བརྩམས་ཏེ། གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཡོངས་སུ་རྫོགས་པའི་བཀའ་འབུམ་རྣམས་དང་། ད་དུང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྐོར་དང་། དེང་རབས་རྩོམ་རིག་དང་གེ་སར་ལྷ་སྒྲུང་། ཐ་ན་གླུ་གཞས་དང་གཏམ་དཔེ། ཤོ་འབོད་དང་བཞད་གར། རྫིག་གཏམ་དང་གྱོད་བཤད། ཐ་ན་ཕོ་མོའི་བརྩེ་དུང་གི་སྐོར་སོགས་ཀྱང་རྩིས་འཁོར་དུ་གཏག་སྟེ། དྲ་ཐོག་ཏུ་འཇོག་རྒྱུ་མ་ཟད། དེ་ཡང་ཁག་གཉིས་སུ་བགོས་ནས། གཅིག་དྲ་ཐོག་རང་ནས་ལྟ་ཀློག་ཐུབ་པ་དང་། གཉིས་འཕྲུལ་དེབ་ཏུ་བཟོས་ཏེ་སོ་སོའི་རྩིས་འཁོར་ནང་ཕབ་ལེན་ཆོག་པ་བྱེད་རྒྱུ་དེ་ཡིན།

དྲི་བ། རིག་མཛོད་དྲ་བ་འདི་སྒྲིག་སྟངས་ཐད་གློག་དེབ་དྲ་བ་གཞན་དང་མི་འདྲ་བའི་ཁྱད་ཆོས་ག་འདྲ་ཡོད་དམ།

ལན། རིག་མཛོད་དྲ་བར་དྲ་ཚིགས་གཞན་ལ་མེད་པའི་ཁྱད་ཆོས་ཆེན་པོ་བཞི་ཡོད་ཅེས་བཤད་ཆོག
༡༽ བརྗོད་དོན་ཡོངས་སུ་རྫོགས་པ་བོད་ཡིག་ཁོ་ན་ལས་སྐད་ཡིག་གཞན་བཀོལ་སྤྱོད་བྱས་མེད་ཅིང་། དེ་དག་ཀྱང་རིགས་གསུམ་སྟེ། དྲ་ཐོག་ནས་ལྟ་ཀློག་ཐུབ་པ་དང་། PDF ཡིག་ཆ། འཕྲུབ་དེབ་བཅས་སོ།།
༢༽ དྲ་རྒྱ་འདིར་ཆོས་ལུགས་དང་གྲུབ་མཐའི་དབྱེ་མཚམས་མེད་པར་བོད་ཀྱི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་མདོར་ན་བོད་ཡིག་ཐོག་ཡོད་ཚད་འགོད་འཆར་ཡོད་པ།
༣༽ ཡིག་ཆ་ཡོངས་རྫོགས་རྩིས་འཁོར་དུ་བཅུག་པ་ཡིན་སྟབས་གཞན་གྱིས་ཕབ་བཤུས་བྱས་ཏེ་དེབ་གཟུགས་སོགས་དཔེ་གཟུགས་སུ་དཔར་བསྐྲུན་དང་། ཡང་ན་དྲ་ཚིགས་གཞན་དུ་བརྒྱུད་འགོད་བྱེད་རྒྱུར་སྟབས་བདེ་ཡོད་པ་མ་ཟད། དྲ་ཐོག་ནས་དགོས་ངེས་ཀྱི་ཡིག་ཆ་འམ་མིང་ཚིག་འཚོལ་སླ་བ། ཡིག་ཆ་གང་རུང་ཕབ་ལེན་གནང་སྐབས་ཐ་ན་དེབ་སྐྱེལ་ཙམ་ཡང་མི་དགོས་པར་ཐད་ཀར་ལེན་ཆོག
༤༽ དེང་སྐབས་སྤྱོད་སྒོ་ཧ་ཅང་ཆེ་ཞིང་གཞོན་སྐྱེས་ཁྲོད་དགའ་མོས་ཚད་མཐོ་བྱེད་བཞིན་པའི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ཆུང་ཆུང་ iPad, iPhone and ipod touch སོགས་ཀྱི་ནང་རིན་མེད་ཕབ་ལེན་ཆོག་པའི་འཕྲུལ་དེབ་མང་པོ་ཡོད།

དེང་སྐབས་བོད་ཕྱི་ནང་གཉིས་སུ་འཕྲུལ་དེབ་བཟོ་མཁན་ཁག་ཅིག་འབྱུང་བཞིན་ཡོད་མོད། འཕྲུལ་དེབ་ཁག་ཅིག་ལ་དཀར་ཆག་གམ་ས་བཅད་མེད་པར་ནག་བླུགས་བྱས་ཡོད་པས་ཀློག་མི་བདེ་ཞིང་སྐབས་དོན་འཚོལ་དཀའ་བ་དང་། ཁག་གཅིག་འཕྲུལ་དེབ་ཀྱི་རྗིད་ཚད་ཧ་ཅང་ཆེ་བས་ཁ་འབྱེད་དཀའ་བ་སོགས་སྐྱོན་ཆ་མི་ཉུང་བ་རེ་མཆིས། རིག་མཛོད་དྲ་བའི་འཕྲུལ་ཁག་གི་ཕྱི་ནང་བཟོ་རྩལ་ཁྱད་འཕགས་ཡིན་པ་མ་ཟད། རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས་དང་། མཇུག་ཏུ་པར་བྱང་སྨོན་ཚིག ཁྱད་པར་དུ་གཞུང་ལུགས་ཆེ་ཆུང་ཡོངས་རྫོགས་ཀྱི་ས་བཅད་དམ་དཀར་ཆག་གསལ་བོར་བཀོད་ཡོད་ཅིང་། འཕྲུལ་དེབ་ཆེ་ཆུང་ཁྱད་མེད་ཁ་འབྱེད་སླ་བ་སོགས་ནི། དྲ་བ་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན།
སྤྱིར་བཏང་ངས་འཕྲུལ་དེབ་གསར་བཟོའི་ལས་ཀ་ཕྱི་ལོ་༢༠༡༡ ཟླ་བདུན་པའི་ནང་ནས་མགོ་བཙུགས་ཏེ། འཕྲུལ་དེབ་ཁ་ཤས་བཟོས་ནས་རང་གི་རྩིས་འཁོར་དུ་ཉར་ཏེ་ཚོད་ལྟ་བྱས་པ་ཡིན། འདི་ཕལ་ཆེར་སའི་གོ་ལའི་ཐོག་གི་བོད་ཡིག་འཕྲུལ་དེབ་དང་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

དྲི་བ། རིག་མཛོད་དྲ་བའི་ནང་དུ་དཔེ་ཆ་ག་ཚོད་ཅིག་ཡོད་དམ།

ལན། འདས་པའི་ལོ་གཅིག་ལྷག་གི་རིང་རིག་མཛོད་དྲ་བའི་ཐོག་ཏུ་བོད་ཀྱི་རྩ་ཆེའི་དཔེ་རྙིང་འགའ་ཞིག་གིས་གཙོས་ཡིག་ཆ་ཁག་སུམ་བརྒྱ་ལྷག་ཡོད་ཅིང་། དེའི་ནང་དུ་གེ་སར་སྒྲུང་ཡིག་ལྔ་བཅུ་ང་གཉིས་ཡོད། མིག་སྔར་འཕྲུལ་དེབ་བརྒྱ་དང་བརྒྱད་བཅུ་ཐམ་པ་ཡོད། དེ་དག་ཀྱང་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་དབང་རྣམས་ཀྱི་གསུང་རྩོམ་དང་། དེང་རབས་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་ཡོད། དེང་སྐབས་རྩོམ་ཡིག་ཕལ་ཆེ་བ་རྩོམ་པ་པོ་སྐུ་སྒེར་དང་འབྲེལ་བའི་ཐོག་ནས་བཟོས་པ་རྐྱང་རྐྱང་ཡིན།
རིག་མཛོད་དྲ་ཐོག་ཏུ་མིག་སྔར་འཕྲུལ་དེབ་གང་ཡོད་ཕྱོགས་ཙམ་ཞུས་ན། སྔ་འགྱུར་སྙིང་མའི་ཕྱོགས་ནས་ཀློང་ཆེན་མཛོད་བདུན་སོགས་དང་། ས་སྐྱའི་ཕྱོགས་ནས་ལམ་འབྲས། བཀའ་བརྒྱུད་པའི་ཕྱོགས་ནས་རང་བྱུང་རྡོ་རྗེའི་གསུང་སྐོར། ཇོ་ནང་ཕྱོགས་ནས་དོལ་པོ་པའི་རྒྱུད་བླའི་འགྲེལ་བ་དང་། ཡུ་མོའི་གསལ་སྒྲོན་སྐོར་བཞི་སོགས་དང་། དགེ་ལུགས་ཕྱོགས་ནས་རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་སོགས་དང་། ད་དུང་རིག་གནས་ཀྱི་ཕྱོགས་ནས་སྙན་ངག་དང་། སུམ་རྟགས། སྨན་གྱི་རྒྱུད་བཞི། གླིང་སྒྲུང་། རྩིས་རིག་སོགས་སྣ་འཛོམས་རང་བཞིན་ཅན་དུ་བྱས་ཡོད།
འཕྲུལ་དེབ་དེ་དག་ཀྱང་འཕྲུལ་དེབ་ཏུ་ཕབ་པ་ཙམ་མ་ཡིན་པར། འཕྲུལ་དེབ་རེ་རེའི་དབུར་རྩོམ་པ་པོ་ངོ་སྤྲོད་དང་། འཕྲུལ་དེབ་གླེང་བརྗོད། ཡོང་ཁུངས། གཞུང་དོན་ཡོངས་སུ་རྫོགས་པའི་ས་བཅད་དམ་དཀར་ཆག་ཤིན་ཏུ་རྒྱས་པ། མཇུག་པར་བྱང་སྨོན་ཚིག་བཅས་ཡོད་ལ། འཕྲུལ་དེབ་དེ་དག་ཆོས་ཚན་ནམ་སྡེ་ཚན་འགའ་ཞིག་ཏུ་བགོས་ཡོད་པ་ལས། དགེ་ལུགས་རྙིང་མ་ཞེས་གྲུབ་མཐའི་དབྱེ་འབྱེད་བྱས་མེད། དཔེར་ན། ཤམ་བྷ་ལའི་ངེས་གསང་དང་། བློ་གསལ་འཇུག་སྒོ། གངས་ཅན་རིག་མཛོད་ལྟ་བུའོ།། དེ་དག་གི་ནང་དུ་དུས་རབས་བཅུ་གཅིག་བཅུ་གཉིས་སྐབས་ཀྱི་རྩ་ཆེའི་དཔེ་རྙིང་དཀོན་རིགས་ཀྱང་ཧ་ཅང་མང་པོ་ཡོད།

དྲི་བ། ཀློག་མཁན་གྱི་ངོས་ནས་བསམ་ཚུལ་ག་འདྲ་འདུག

ལན། ཀློག་མཁན་རྣམས་ཀྱི་ཕྱོགས་ནས་བཤད་ན། གཙོ་བོ་རིག་མཛོད་དྲ་བའི་རིས་མེད་ལས་འཆར་དང་དྲ་བའི་འཆར་འགོད། ལྷག་པར་དུ་འཕྲུལ་དེབ་ཀྱི་སྤུས་ཚད་སོགས་ལ་བསྔགས་བརྗོད་གནང་མཁན་འདུག དཔེར་ན། ཀློག་མཁན་ཁག་ཅིག་གིས་བཏབ་གནང་བའི་ཞབས་མཆན་ཟུར་ཙམ་བཀོད་ན།

ཀློག་མཁན་ཞིག་གིས།
དེ་ཉིད་ཕྱོགས་སོ་སོར་མ་འདྲེས་པར་གདུལ་བྱའི་ཁམས་དང་བག་ལ་ཉལ་ལ་སོགས་པར་གཟིགས་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཇོ་ནང་བོན་དང་བཅས་པའི་སྐྱེས་ཆེན་དམ་པ་ཚོས་མཛད་པའི་དེ་དག་གི་བཀའ་འགྲེལ་ཆ་ཚང་བ་ཞིག་འཕྲུལ་དེབ་དུ་བསྐྲུན་རོགས་ཞུ་རྒྱུ་དང་། ཞེས་དང་། ངས་འཕྲུལ་དེབ་ཀྱི་དྲ་ལམ་ tibetanebooks ཞེས་པ་ཞིག་མཐོང་བྱུང་ཡང་རིག་མཛོད་དྲ་བ་ལྟར་ཆོས་བརྒྱུད་ཁག་གི་འཕྲུལ་དེབ་དེ་ཙམ་མི་འདུག་པས་ཁྱེད་ཉིད་ཀྱི་དྲ་བ་ལེགས་ཤོས་རེད་འདུག

ཡང་གཞན་ཞིག་གིས།
སྐུ་ཉིད་ནས་བསྐྲུན་པའི་འཕྲུབ་དེབ་ཁག་དཔེ་མི་སྲིད་པའི་དགོས་འཁོ་དང་འཐུས་ཚང་སྤུས་ལེགས་ཧ་ལས་པ་ཞིག་འདུག

ཡང་གཞན་ཞིག་གིས།
དེང་རབས་སྔོན་ཐོན་ཚན་རིག་སྒྱུ་རྩལ་ལས།།
མངོན་པར་གྲུབ་པའི་ཆ་རྐྱེན་དྲ་རྒྱའི་རིགས།།
རྣམ་པར་སྤྱོད་པའི་བློ་ལྡན་མང་ལགས་ཀྱང་།།
རང་འདོད་ཕྱོགས་རེའི་ཕྱོགས་སུ་བཀོལ་བ་ལས།།
འདི་བཞིན་ཐུན་མིན་རིག་པའི་གཞུང་ལུགས་ཀུན།།
རང་རིགས་རྣམས་ཀྱི་སྤྱན་སྔར་འབུལ་བཞིན་དུ།།
ཀུན་ལ་སྨན་པའི་སྲི་ཞུ་རྣམ་དག་ཅིག།།
སྒྲུབ་པར་བྱེད་པའི་ཤེས་ལྡན་ཤིན་ཏུ་ཉུང་།།
དེ་ཕྱིར་རང་རིགས་ཀུན་ཀྱི་ཚབ་ཞུས་ཏེ།།
རིག་མཛོད་དྲ་རྒྱའི་རྒྱུན་ལས་ཡོངས་རྫོགས་ཀྱི།།
རླབས་ཆེན་མཛད་རྗེས་ཀུན་ལ་བཅོས་མིན་ངང།།
སྙིང་ནས་རྗེས་སུ་ཡི་རངས་ལན་བརྒྱར་ཞུ།།
དེ་ལྟར་ཀློག་མཁན་རྣམས་ཀྱིས་ཐུགས་ཚོར་ཆེན་པོས་རྒྱབ་སྐྱོར་གྱི་རྣམ་པ་གསལ་བོར་སྟོན་གྱིན་འདུག

ད་དུང་ཡིག་ཟམ་དང་ཁ་པར་སོགས་བརྒྱུད་ལམ་དུ་མ་ཞིག་ནས་རིག་མཛོད་དྲ་བ་དང་། ལྷག་པར་དུ་འཕྲུལ་དེབ་ཀྱི་སྤུས་ཚད་ལ་བསྟོད་པའི་མཐེ་བོང་སྒྲེང་མཁན་མང་པོ་ཡོང་གིན་འདུག ཡིན་ན་ཡང་། ལྡོག་ཕྱོགས་ནས་འདུག་མཁན་ཀྱང་རེ་ཟུང་བྱུང་། དཔེར་ན། ངས་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་སེང་རྡོར་དང་སྒེར་འབྲེལ་བརྒྱུད། ཁོང་གི་རྩོམ་ཡིག་རྟུལ་ཕོད་དང་། འབྲེལ་ཡོད་གཞན་གྱིས་བརྒྱུད་བསྐུལ་འོག་རྩོམ་པ་པོ་ཚ་བ་མདའ་སྙུག་གི་ལོག་རྟོག་སྙིང་སྟོབས་གཉིས་འཕྲུབ་དེབ་ཏུ་ཕབ་ཏེ་དྲ་ཐོག་ཏུ་བཞག་རྗེས། ཁ་པར་དང་ཡིག་ཟམ་བརྒྱུད། “ནང་བསྟན་རིག་མཛོད་དྲ་བར་ནང་བསྟན་དགག་ཡིག་བཞག་ན་མི་འགྲིག”ཅེས་གསུང་མཁན་བྱུང་སོང་། ཡིན་ན་ཡང་ངའི་ཐོག་མའི་ཀུན་སློང་བོད་ཡིག་དང་བོད་ཡིག་ཀློག་མཁན་གྱི་ཁོར་ཡུག་ཆེ་རུ་གཏོང་འདོད་པ་དེ་ཡིན་ལ། དེ་ལྟར་ལན་འདེབས་ཀྱང་ཞུ་བཞིན་ཡོད།

དྲི་བ། རིག་མཛོད་དྲ་བས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་ཞུ་ག་འདྲ་ཞིག་ཞུ་ཐུབ་ཀིན་འདུག

ལན། བོད་ནང་ནས་དགོན་སྡེ་དུ་མ་ཞིག་དང་། མཐོ་རིམ་སློབ་གྲྭ་ཁག་གཅིག་གིས་རིག་མཛོད་དྲ་བར་རྒྱབ་སྐྱོར་མཚོན་སླད། རྩིས་འཁོར་དུ་གཏག་ཟིན་པའི་ཡིག་ཆ་གང་མང་ཞིག་གསོལ་བསྩལ་གནང་བ་མ་ཟད། མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུའི་ཞལ་བཞེས་ཀྱང་ཐོབ་ཡོད། འབྲེལ་ཡོད་དགོན་སྡེ་ཁ་ཤས་ཀྱི་གྲྭ་བ་སློབ་གཉེར་བ་རེ་རེས་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ཆུང་བ་རེ་ཉོས་ཏེ། རིག་མཛོད་དྲ་བའི་འཕྲུལ་དེབ་དེ་དག་སློབ་རྟེན་དུ་བཀོལ་བཞིན་ཡོད་པ་སོགས་མདོར་ན་བོད་ནང་ནས་གང་ཟག་སྒེར་དང་ཚོགས་སྡེ་མི་ཉུང་བ་ཞིག་གིས་བཀོལ་སྤྱོད་གནང་གིན་འདུག དེ་བཞིན་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སློབ་རྟེན་གནང་དགོས་ཞེས་བསྐུལ་མ་བྱུང་བ་ལྟར། ལེགས་བཤད་གསེར་ཕྲེང་དང་། འདུལ་སྡོམ་སོགས་འཕྲལ་དུ་འཕྲུལ་དེབ་ཏུ་ཕབ་རྒྱུའི་སྐལ་བཟང་ཡང་བྱུང་། དེ་དག་གིས་རིག་མཛོད་དྲ་བས་བོད་ཀྱི་རིག་གནས་ལ་ཞབས་ཞུ་ཇི་འདྲ་ཞུ་ཐུབ་ཀྱིན་ཡོད་པ་གསལ་བོར་མཚོན་ཐུབ་སྙམ།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། ཉེ་དུས་ཤིག་ནས་བཟུང་རིག་མཛོད་དྲ་བ་བོད་ནང་ནས་བཀག་འགོག་བྱས་འདུག དེར་བརྟེན་ང་ཚོས་ཐབས་ལམ་གཞན་ཞིག་བརྒྱུད་འཕྲུལ་དེབ་ཁག་བོད་ནང་དུ་གཏོང་བཞིན་ཡོད།

དྲི་བ། རིག་མཛོད་དྲ་བའི་དཀའ་ཁག་ཆེ་བའི་དུས་ཚོད་དང་མ་འོངས་པར་གདོང་ལེན་བྱེད་དགོས་པའི་སྐོར་ག་འདྲ་ཡོད་དམ།

ལན། དཀའ་ངལ་གྱི་གཙོ་བོ་དཔལ་འབྱོར་རེད། བོད་མི་རིགས་དང་དེའི་རིག་གནས་ལ་དགའ་ཞེན་ཡོད་མཁན་རྣམས་ཀྱིས་རིག་མཛོད་དྲ་བར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད། ད་ལྟའི་ཆར་རིག་མཛོད་དྲ་བར་དཔལ་འབྱོར་གྱི་རོགས་རམ་གནང་མཁན་༧སྐུའི་གསུང་སྒྱུར་དགེ་བཤེས་གླིང་རི་ཐུབ་བསྟན་སྦྱིན་པ་མཆོག་གི་ཐུགས་བརྩེ་གཟིགས་པ་ཆེན་པོས། ཡིག་གཏག་པ་མི་གཉིས་ལ་ལོ་གཅིག་རིང་གླ་ཆ་གནང་བཞིན་ཡོད་པ་ལས། གཞན་རོགས་རམ་གནང་མཁན་གཅིག་ཀྱང་མེད་པས། འགྲོ་སོང་ཆ་ཚང་ང་རང་སྒེར་གྱིས་གཏོང་བཞིན་ཡོད་ལ། དུས་ཚོད་ཀྱང་མང་ཆེ་བ་ལས་གཞི་འདིའི་ཐོག་གཏོང་བཞིན་ཡོད། མ་འོངས་པར་ཡང་དཀའ་ངལ་ཅི་ཙམ་འཕྲད་ཀྱང་དེ་ཙམ་གྱིས་གདོང་མཆོང་བྱས་ཏེ། རིག་མཛོད་དྲ་བའམ་རིག་མཛོད་འཕྲུལ་དེབ་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་ཇི་སྲིད་ཕན་ཐོག་ཡོད་པ་དེ་སྲིད་དུ། རིག་མཛོད་དྲ་བ་བསྐྱེད་བསྲིང་དང་ལྷག་པར་དུ་འཕྲུལ་དེབ་ཀྱི་ལས་གཞི་མཚམས་འཇོག་མི་བྱེད་པའི་དམ་བཅའ་བསྟན་པོར་བཟུང་ཡོད།
གལ་ཏེ་བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་ཕྱག་ལས་གནང་བཞིན་པའི་ཚོགས་སྡེ་འམ། གང་ཟག་སྒེར་གྱིས་མཉམ་འབྲེལ་ལམ། རོགས་རམ་རྒྱབ་སྐྱོར་གནང་རྒྱུའི་ཐུགས་དགོངས་བཞེས་ཚེ། བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། རིག་མཛོད་དྲ་བ་ནམ་གནས་ཀྱི་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཁས་ལེན་ཞུ་བཞིན་ཡོད།
ཐུགས་རྗེ་ཆེ།

བཅར་འདྲི།

Post navigation

Previous Post: བོད།
Next Post: གློ་བུར་བའི་རི་འཛེགས།

Comments (22) on “ནང་བསྟན་རིག་མཛོད་འཕྲུལ་དེབ་སྐོར་དྲི་བ་དྲིས་ལན།”

  1. བློ་བཟང་ཡེ་ཤེས། says:
    2013-06-20 at 3:28 pm

    མངོན་པར་བསྟོད་དོ།།   དེང་སྐབས་འཕྲུལ་དེབ་བཟོ་མཁན་འགའ་ཞིག་ཡོང་གིན་ཡོད་མོད།   དཀར་ཆག་སོགས་གང་ཅིའི་ཐད་ནས་རིག་མཛོད་འཕྲུལ་དེབ་གཞན་ལས་ཕུལ་དུ་བྱུང་བ་རེད་འདུག   ལྷག་པར་དུ་ tibetanebooks ཐོག་གི་འཕྲུལ་དེབ་མང་ཆེ་བར་དཀར་ཆག་མེད་པར་གཡོས་བླུག་མ་བྱས་ཡོད་པས་ཀློག་མི་སྤྲོ་ཞིང་།   སྐབས་བབ་ཀྱི་དགོས་མཁོ་འཚོལ་དཀའ།   བོད་ཡིག་གི་ལས་ཀ་བྱེད་སྐབས་བྱེད་མཁན་ལ་བོད་ཡིག་གི་ཡོན་ཚད་ངེས་ཅན་ཞིག་མེད་ན་ལས་ཀར་སྤུས་ཚད་དེ་ཙམ་མེད་པ་ཧ་ཅང་གསལ་བོ་རེད།   
    ངས་སྔོན་ཆད་ནས་རིག་མཛོད་དྲ་བའི་འཕྲུལ་དེབ་ཕབ་ལེན་བྱེད་བཞིན་ཡོད་ལ།   ཁྱེད་རྣམ་པར་ཁ་སྟོང་བའི་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཞུ་གི་ཡོད།

  2. བོད་ལ་ཞེན། says:
    2013-06-20 at 10:22 pm

    ངོ་ལ་ཕན་ཐོགས་ཆེན་པོ་འདུག འོན་ཀྱང་ངས་ཀློང་ཆེན་མཛོད་བདུན་རྙེད་ཀྱི་མི་འདུག་གང་ཡིན་ནམ། ད་དུང་ཞ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་དཔེ་ཆ་ཞིག་རག་ཐབས་མང་པོ་བྱས་ཀྱང་རག་མ་སོང་། འཕྲུལ་དེབ་ནང་གཅིག་བཞག་རོགས་བྱེད་ན་བསམ་ཡང་བཞག་མཁན་མི་འདུག་སྐུ་ཉིད་ཀྱིས་བཞག་ཐུབ་ན་ཐུགས་རྗེ་ཤིན་ཏུ་ནས་ཀྱང་ཆེ།

  3. བན་དེ་བ། says:
    2013-06-20 at 10:34 pm

    སྐུ་ཞབས་བེ་རི་རིག་པའི་རྡོར་རྗེ་ལགས་ནས་བོད་ཀྱི་རིག་གཞུང་གི་ཆེད་དུ་ལྷག་བསམ་དག་པས་འདི་ལྟར་གནང་བར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཁྱེད་རང་གི་རིག་མཛོད་ཆོས་ལུགས་རིས་སུ་མ་ཕྱེ་བ་གྲུབ་མཐའ་རིས་སུ་མ་བཀར་ནས་དཔེ་ཆ་བཞག་ཡོད་གསུང་འདུག དེས་ན་བོད་གངས་ཅན་གྱི་མེས་པོའི་ཆོས་རིག་བོན་གྱི་དཔེ་ཆ་དེ་འདྲ་བཞག་ཡོད་དམ། ངས་དྲི་བ་ཞུ་བ་ལས་སྐྱོན་བརྗོད་དུ
    མོ་དགོངས་པར་ཞུ། གཅིག་བྱས་ན་ཁྱེད་ཀྱིས་བཞག་ཡོད་མདོག་ཁ་བོ་རེད་་་་ངས་ཁྱེད་དང་ཀླུ་སྨྱོན་དབར་གྱིས་དྲི་བ་དྲིས་ལན་ཡོངས་རྫོགས་ཀློག་ཁོམ་བྱུང་བས་རྗེས་སུ་ཆ་ཚང་བ་ཀློག་རྩིས་ཡོད།

  4. རིག་པའི་རྡོ་རྗེ། says:
    2013-06-20 at 11:15 pm

    བཀུར་འོས་བན་དེ་བ་ལགས།

    ངས་རིང་མོ་ཞིག་ནས་བོད་ནང་གི་བོན་པོ་ཆོས་གྲོགས་སྐོར་ཞིག་ལ་འབྲེལ་བ་ཞུས་ནས་བོན་ཕྱོགས་ཀྱི་དཔེ་ཆ་རྩིས་འཁོར་དུ་གཏག་ཟིན་པ་རེ་བསྐུར་རོགས་ཞེས་ཞུས་ཡོད།  ཆོས་གྲོགས་ཞིག་གིས་ཞལ་བཞེས་གནང་ཡང་ད་དུང་གང་ཡང་འབྱོར་མ་སོང་།   གལ་ཏེ་ཁྱེད་ལ་བོན་ཕྱོགས་ཀྱི་དཔེ་ཆ་རེ་ཡོད་ན་བསྐུར་དང་ངས་འཕྲུལ་དེབ་ཏུ་ཕབ་རྒྱུའི་ཁས་ལེན་ཞུ་བ་ཡིན།   ཡང་ན་སྐུ་ཉིད་ཀྱིས་བོན་གྱི་ཆོས་མཆེད་ཚོར་ཞུས་ནས་ང་ལ་བསྐུར་ཐབས་གནང་ན་ངས་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

  5. བན་དེ་བ། says:
    2013-06-20 at 11:21 pm

    དྲ་གྲོགས་རིག་པའི་རྡོ་རྗེ་ལགས་འཕྲལ་མར་བཀའ་ལན་གནང་བར་ཐུགས་རྗེ་ཆེ། དཔེ་དེབ་བསྐུར་དུས་གང་འདྲ་བྱས་ཏེ་བསྐུར་དགོས་སམ། སི་ཀེན་་་བྱས་པ་དེ་རིགས་རེད་དམ་ཡང་ན་་་གློག་ཀླད་དུ་བཅུག་པའི་རིགས་ཡིན་དགོས་ལན་ཞིག་གསུང་རོགས་ངས་ཐབས་ཤེས་ཞུ་ཆོག

  6. རིག་པའི་རྡོ་རྗེ། says:
    2013-06-20 at 11:33 pm

    བཀུར་འོས་བན་དེ་བ་ལགས།
    ཕྱག་དཔེ་ཡོད་ན་ཡིག་ཟམ་འདིའི་ཐོག་བསྐུར་རོགས་ཞུ།   rpdjt@yahoo.com
    ཕྱག་དཔེ་ངེས་པར་དུ་གློག་ཀླད་དུ་བཅུག་པའི་རིགས་ཡིན་དགོས།   དེ་ཡང་ PDF བཟོས་པ་ཡིན་ན་ཡང་འགྲིག་གི་མ་རེད།  གློག་ཀླད་དུ་བཅུག་པའི་ཡིག་ཆ་དེ་དག་ངེས་པར་དུ་ word doc ཡང་ན་ rtf ནང་བཅུག་ནས་བསྐུར་དགོས།   དེ་མིན་བཤེར་འབེབ་ scan བྱས་པའི་རིགས་ཀྱིས་ཀྱང་འཕྲུལ་དེབ་བཟོ་མི་ཐུབ་ཀི་ལགས།
    དེ་ནས་འཕྲུལ་དེབ་རྒྱབ་ཤ་དམིགས་བསལ་དགོས་ན་དེ་ཡང་བསྐུར་དགོས།   མེད་ན་འདི་ནས་དེབ་ཕྲེང་སྤྱི་མཚུངས་ལྟར་བཟོ་ཆོག་ལགས།  

  7. བན་དེ་བ། says:
    2013-06-21 at 1:16 am

    རིག་པའི་རྡོར་རྗེ་ལགས་ཐུགས་རྗེ་ཆེ་མྱུར་བར་ལན་གནང་བར་ངས་ཐབས་ཞུས་ཡོང།

  8. པདྨ says:
    2013-06-21 at 2:24 am

    དངོས་གནས་ཡག་པོ་འདུག།ངེད་ཀྱང་དེ་ཐོག་ནས་དཔེ་དེབ་འགའ་བླངས་ནས་བལྟས་མྱོང།ཐུགས་རྗེ་ལེགས་གསོ་ཡོད།ལོ་རྗེས་མ་སྐལ་བ་ལྡན་ན་ཞིབ་ཕྲ་འདིའི་སྐོར་ལ་སྐད་ཆ་བཤད་འདོད་བྱུང།རྒྱུ་མཚན་ཅི་ཡིན་མི་ཤེས།དེང་སང་གང་ཐད་ནས་བྱ་བ་དོན་ལྡན་ཞིག་ལས་བཞིན་པ་ནི་དགོན་པ་ནས་ཡོང་བ་ཤ་སྟག་རེད།དེ་མིན་འུར་རྒྱག་པ་ཚོས་ཟླ་ཕོགས་ལེན་བཞིན་དུ་གསར་བརྗེ་སྐད་འབོད་རེ་བྱེད་བཞིན་པ་ལས་གཞན་གཅིག་ཀྱང་འབྱོན་ཀིན་མི་འདུག།དཔེར་མཚོན་ཙམ་བཤད་ན།ར་རྒྱ་འཇིགས་མེད་རྒྱལ་མཚན།ལྷ་སའི་དཔལ་བརྩེགས་ཀྱི་ཀརྨ་བདེ་ལེགས་ལྟ་བུ་རེད།དེ་མིན་ཆེ་ས་ནས་བཤད་མི་དགོས།ཆུང་ས་ནས་ཤོད་ཀྱང།དྲ་ཚིགས་ཡག་པོ་ཡོད་ནའང་དགོན་སྡེ་ལ་མི་འབྲེལ་བ་ཞིག་ཕལ་ཆེར་མི་འདུག།འུར་རྒྱག་པ་ཚོ།ཁྱོད་ཚོ་ལ་ཅི་ཞིག་བྱུང་བ་རེད་དམ།ཁྱོད་ཚན་རིག་དང་ལག་རྩལ་ཟེར་ནས།དུས་རྒྱུན་སྐད་འབོད་བྱེད་བཞིན་ཡོད་པ་མ་རེད་དམ།ཤིག་ཙམ་ཞིག་སྟོན་རྒྱུ་མི་འདུག། ཞོགས་དུང་སོགས་ཀྱིས་ཟླ་ཕོགས་འགའ་བླངས།དེ་ནས་སྔོན་གྱི་ཆོས་དཔེ་དག་འཚོང་རྒྱག་ཞོར་དུ།དེ་ནི་དུག་རེད་ཅེས་དགག་བཞིན་བསྡད་འདུག།འདི་ལ་ལྟོས་ནས།བོད་ཀྱི་མི་སྤུས་ནི་གང་འདྲ་ཞིག་ལ་སླེབས་ཡོད་པ་རྟོགས་ཀིན་མི་འདུག་གམ། མདོར་ན་རིག་པའི་རྡོ་རྗེ་དང་ཀླུ་སྒྲུབ་གཉིས་པར་ལེགས་སོ་ཞུ་བ་དེ་ཡིན་ནོ། །

  9. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 2:38 am

    ་་་་་་་་ དཔེར་མཚོན་ཙམ་བཤད་ན།ར་རྒྱ་འཇིགས་མེད་རྒྱལ་མཚན།ལྷ་སའི་དཔལ་བརྩེགས་ཀྱི་ཀརྨ་བདེ་ལེགས་ལྟ་བུ་རེད།དེ་མིན་ཆེ་ས་ནས་བཤད་མི་དགོས།ཆུང་ས་ནས་ཤོད་ཀྱང།དྲ་ཚིགས་ཡག་པོ་ཡོད་ནའང་དགོན་སྡེ་ལ་མི་འབྲེལ་བ་ཞིག་ཕལ་ཆེར་མི་འདུག།འུར་རྒྱག་པ་ཚོ།ཁྱོད་ཚོ་ལ་ཅི་ཞིག་བྱུང་བ་རེད་དམ།ཁྱོད་ཚན་རིག་དང་ལག་རྩལ་ཟེར་ནས།དུས་རྒྱུན་སྐད་འབོད་བྱེད་བཞིན་ཡོད་པ་མ་རེད་དམ།ཤིག་ཙམ་ཞིག་སྟོན་རྒྱུ་མི་འདུག། ཞོགས་དུང་སོགས་ཀྱིས་ཟླ་ཕོགས་འགའ་བླངས།དེ་ནས་སྔོན་གྱི་ཆོས་དཔེ་དག་འཚོང་རྒྱག་ཞོར་དུ།དེ་ནི་དུག་རེད་ཅེས་དགག་བཞིན་བསྡད་འདུག།འདི་ལ་ལྟོས་ནས།བོད་ཀྱི་མི་སྤུས་ནི་གང་འདྲ་ཞིག་ལ་སླེབས་ཡོད་པ་རྟོགས་ཀིན་མི་འདུག་གམ། ་་་་་་་་ཟེར།

  10. དབྱངས་ཅན་འབངས། says:
    2013-06-21 at 5:52 am

    དེང་རབས་ཀྱི་ཕོ་རྒོད་ཟེར་ན་ཁྱོད་ཡིན།
    དེང་རབས་ཀྱི་འཕྲུལ་ཆས་ཀྱིས་གངས་ཅན་གྱི་གཅེས་ནོར་སྐྱོང་སྟངས་ཁྱོད་ཀྱིས་ཤེས་འདུག།
    ཁྱོད་ཀྱིས།
    “མ་འོངས་པར་ཡང་དཀའ་ངལ་ཅི་ཙམ་འཕྲད་ཀྱང་དེ་ཙམ་གྱིས་གདོང་མཆོང་བྱས་ཏེ། རིག་མཛོད་དྲ་བའམ་རིག་མཛོད་འཕྲུལ་དེབ་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་ཇི་སྲིད་ཕན་ཐོག་ཡོད་པ་དེ་སྲིད་དུ། རིག་མཛོད་དྲ་བ་བསྐྱེད་བསྲིང་དང་ལྷག་པར་དུ་འཕྲུལ་དེབ་ཀྱི་ལས་གཞི་མཚམས་འཇོག་མི་བྱེད་པའི་དམ་བཅའ་བསྟན་པོར་བཟུང་ཡོད།”
    ཅེས་པའི་་ཚིག་དུམ་དེས་ངའི་སེམས་པ་བསྡད་སར་བཞག་མ་སོང་།
    ད་ལྟ་ངའི་མིག་མཐར་རེ་བ་དང་། དགའ་བ། སྐྱོ་བ། སྙིང་སྟོབས་བཅས་གང་ཡིན་ཆ་མ་འཚལ་བའི་མཆི་མའི་ཐིག་ཕྲེང་བཞུར་བཞིན་་་་་་་་་་་་་་་་ངོ་མ་ཁྱོད་ཡག ཁྱོད་ཡག ཞུ་འདོད།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 11:49 am

    ་་་་་་་་ངས་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༡༨ ཉིན། ནང་བསྟན་རིག་མཛོད་ཅེས་པའི་དྲ་ཚིགས་འདི་གསར་བཟོ་བྱས་ཏེ། http://www.rigzod.org ཡོངས་ཁྱབ་ཤར་གཏོང་བྱས་པ་ཡིན། དྲ་ཚིགས་འདིའི་ཁོངས་སུ་བོད་ཀྱི་ཆོས་ལུགས་དང་། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་འདུས་ཡོད། ་་་་་་ཟེར།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 12:03 pm

    ་་་་་ གལ་ཏེ་བོད་ཀྱི་རིག་གནས་མྱུར་སྐྱོབ་ཀྱི་ཕྱག་ལས་གནང་བཞིན་པའི་ཚོགས་སྡེ་འམ། གང་ཟག་སྒེར་གྱིས་མཉམ་འབྲེལ་ལམ། རོགས་རམ་རྒྱབ་སྐྱོར་གནང་རྒྱུའི་ཐུགས་དགོངས་བཞེས་ཚེ། བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། རིག་མཛོད་དྲ་བ་ནམ་གནས་ཀྱི་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཁས་ལེན་ཞུ་བཞིན་ཡོད།
    ཐུགས་རྗེ་ཆེ། ་་་་་ཟེར།

  13. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 12:03 pm

    http://www.rigzod.org

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-06-21 at 12:24 pm

    བེ་རི་རིག་པའི་རྡོ་རྗེ་མཆོག་གིས་ལྷག་བསམ་རྣམ་དག་སྒོ་ནས་བོད་རིག་སྤེལ་བའི་མཛད་བཟང་ལ་རྗེས་སུ་ཡི་རང་དང་། དེ་ལྟ་བུའི་དཔེ་དེབ་དག་ཀྱང་ཀློག་ལོང་འབྱུང་བ་ལ་ཡིད་སྨོན་ཞུའོ།

  15. རྒྱ་མཚོ་ཆེན་པོ་ says:
    2013-06-21 at 12:51 pm

    ངས་we chat བརྒྱུད་ནས་འཕྲུལ་དེབ་མི་ཉུང་བ་ཞིག་ཕབ་ལེན་བྱས་པ་ཡིན། དེ་ཚོ་ཁྱེད་ཀྱིས་བཟོས་གནང་བ་ཡིན་ངེས། སེམས་བསམ་པའི་གཏིང་ནས་བཀྲིན་ཆེ་ཞུ་ཡ་ཡིན།

  16. ཅོ་རི་ཉི་མ། says:
    2013-06-21 at 12:59 pm

    བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ནོ

  17. ཟེ་བ་སྟག་རྩེ says:
    2013-06-21 at 1:10 pm

    རིག་པའི་རྡོ་རྗེ་ལགས་ཀྱིས་་་་་་ཆོས་ལུགས་དང་གྲུབ་མཐའ་རིས་སུ་མ་ཆད་པའི་དཔེ་དེབ་དྲྭ་ཐོག་ཏུ་སྤེལ་རྩིས་འདུག་པས་དེ་ལ་་་ཐུགས་རྗེ་ཆེ་ཞུ་ཡི་ཡོད

  18. ཀརྡོ་གཉེར་ཕྱག་པ་ says:
    2013-06-21 at 2:21 pm

    བེ་རི་རིག་པའི་རྡོ་རྗེ་མཆོག་གིས་ནང་བསྟན་རིག་མཛོད་འཕྲུལ་དེབ་མཛད་རྗེས་ལ། རྗེས་སུ་ཡི་རང་ཞུའོ།།

  19. ཨོ་རྒྱན་ཉི་མ། says:
    2013-06-21 at 2:24 pm

    ཡི་རང་ཡོད།

  20. དགེ་འདུན་རྒྱ་མཚོ། says:
    2013-06-22 at 2:53 am

    ཁྱེད་ཚོའི་རིག་མཛོད་དུ་དཔང་ལོ་ཙཱ་བའི་སྙན་འགྲེལ་དཔང་ཌིཀ་ཟེར་བ་དེ་ཡོད་དམ།

  21. ལུང་རྟོགས། says:
    2013-06-22 at 7:53 am

    མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་དེབ་གསུམ་དེ་དགོས་མཁོ་ཆེ་ཡང་ད་བར་སུས་ཀྱང་འཕྲུལ་དེབ་བཟོས་མི་འདུག ཁྱེད་ཀྱིས་བཟོ་ཐབས་གནང་རྒྱུའི་རེ་བ་ཆེ།

  22. ཏི་སི། says:
    2013-06-23 at 11:56 pm

    འདི་ལྟར་བྱ་བ་དཀར་པོ་ཚོགས་བསགས་ཀྱི་ལམ་ཆེན་མཛད་བཟང་ལ་ཐུགས་རྗེ་ཆེ། ངོས་ནས་གསུང་འབུམ་སོགས་་ iBook འཕྲུལ་དེབ་ནང་དུ་འཛུག་མ་ཤེས་པས་ཅི་འདྲ་བྱས་ནས་འཛུག་དགོས་སམ། ་རྣམ་པ་ལྷན་རྒྱས་སུ་ཡིས་བཀའ་ལན་གནང་ཁོམ་ཡོད་ན་གནང་རོག ཐུགས་རྗེ་ཆེ།བཀྲ་ཤིས་བདེེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (42)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme