ཁ་སང་དེ་རིང་དྲ་རྒྱ་ཁག་ན་འབྱུང་འགྱུར་བཀའ་བློན་ཁྲི་པ་ཞེས་རྩལ་དུ་བཏོན་ནས་བསམ་འཆར་གླེང་གིན་འདུག ངས་ཀྱང་བསམ་བློ་ཞིག་གཏོང་ཁུལ་བྱས། བཀའ་བློན་ཁྲི་པ་ཞེས་པའི་ད་ལྟའི་གོ་གནས་འདི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་འཐབ་་རྩོད་ལ་ཅི་ཙམ་གྱིས་གལ་ཆེན་པོ་ཡིན་པ་དེ་ད་ལྟའང་བཤད་དཀའ་བ་ཞིག་འདུག ད་ལྟའི་བཀའ་བློན་ཁྲི་པ་ཁྲི་ལ་ཕེབས་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་འབྲེལ་བྱེད་ཕྱོགས་ལ་འགྱུར་བ་ཞིག་བཏང་། དེ་ནས་ཤེས་ཡོན་སྲིད་བྱུས་ཤིག་བཟོས། དེ་མིན་གྱི་འགྱུར་བ་ཆེན་པོ་ཞིག་ངས་མཐོང་མ་བྱུང་། ཆབ་སྲིད་ཀྱི་ཆ་ནས། བཀའ་བློན་ཁྲི་པ་ཐོག་མར་བཀའ་ཁྲིར་ཕེབས་དུས། “བོད་རྒྱ་ཞི་མོལ།”ཟེར་བ་འདི་ཡང་དུས་བཅད་ཀྱིས་འདི་ཡན་ལ་བྱུང་ན་རབ་དང་མ་བྱུང་ན་ང་ཚོའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་ཡིན་ཞེས་པའི་འདུན་པ་ཆེན་པོ་ཞིག་ཐུགས་ལ་བཅངས་ནས་ཕེབས། འོན་ཀྱང་། རྡ་རམ་ས་ལའི་སྒྲོག་གིས་བཅིངས་ཏེ་འགྱུར་བ་དེ་འདྲ་ཡང་མ་ཐོན་པ་རེད། འདིའི་སྔོན་གྱི་བཀའ་བློན་ཁྲི་པ་དག་ནི་ཡོད་ནས་ཡོད་གོ་འདི་ཆོད་སོང་བསམས་པ་དང་མེད་ནས་མེད་གོ་འདི་བྱུང་སོང་བསམས་པ་ཞིག་གི་ཧེ་བག་ཆེན་པོ་དེ་འདྲ་ཡང་ཨེ་ཡོད་དྲན། དེ་ལྟར་ན། ཐེངས་འདིའི་བཀའ་བློན་ཁྲི་པ་གལ་ཆེ་དགོས་པའི་རྒྱུ་མཚན་ངོ་མ་དེ་མཐར་གཏུགས་ན། ༧སྐྱབས་མགོན་ཆེན་པོའི་དགུང་ནའི་བབས་ལ་ཐུག་གི་འདུག་ཟེར་རྒྱུ་ལས་གཞན་ཅང་མེད། ༧སྐྱབས་མགོན་ཆེན་པོ་དགུང་ན་བགྲེས་བཞིན་པ་དེ་བདེན་ན་ཡང་། གཅིག་ནས། ཁོང་གིས་ང་ཚོར་སྐུ་ཚེ་རིང་བར་བཞུགས་རྒྱུའི་ཞལ་བཞེས་ཟབ་མོ་བཀའ་དྲིན་དུ་བསྩལ་ཡོད། གཉིས་ནས། བཅའ་ཁྲིམས་ནང་གལ་སྲིད་རྐྱེན་ངན་ཤར་ཚེ་བྱེད་ལུགས་འགྲོ་སྟངས་འདི་ཡིན་ཞེས་ཁ་གསལ་ཐོག་ནས་བཀོད་ཡོད། ད་དུང་རྒྱུ་མཚན་གཞན་དག་ཀྱང་ཡོད་པ་རེད། དེས་ན་བཀའ་བློན་ཁྲི་པ་རྗེས་མ་འོས་འདེམས་ཀྱི་གལ་ཆེ་བའི་རང་བཞིན་དེ་ངས་ད་དུང་ཡང་རྙེད་དཀའ་བ་འདུག་ཅེས་ཞུ་རྒྱུ་ཡིན།
བཀའ་བློན་ཁྲི་པའི་སྐོར་ལ་བསམ་འཆར་ཆུང་ངུ།
ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་མིའི་སྐོར་ལ་ང་རང་གི་བསམ་འཆར་འདི་ཡིན། ལྷན་རྒྱས་ཚོས་དོ་སྣང་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ༡༽ ད་ལྟའི་བཀའ་བློན་ཁྲི་པའི་ལྟ་བ་དང་དགོངས་གཞིའི་རྗེས་བྲངས་པ་མིན་པ་ཞིག་བདམས་ན་ཕན་པ་ཆེ། ངའི་མྱོང་སྣང་ཞིག་ལ། བཀའ་བློན་ཁྲི་་པ་འདི་པའི་སྲིད་འཇུས་དང་ལྟ་བ་རྣམས་ལ་འབྲས་བུ་སྨིན་ཐུབ་མ་སོང་། མི་མང་པོ་ཞིག་གིས་འདི་ལ་མོས་པ་ཡང་མིན་འདུག དེར་བརྟེན་ད་བཀའ་བློན་ཁྲི་པ་གསར་པ་ཞིག་གདམ་དགོས་ན། ལྟ་བ་གསར་པ་ཞིག་དང་། འཆར་གཞི་གསར་པ་ཞིག་སླེབས་ཐུབ་ན་དགེ་མཚན་ཆེ། དེར་བརྟེན་བཀའ་བློན་རྙིང་པ་བློ་བཟང་ལུང་རིགས་ལྟ་བུ་བདམས་ནས། སྔར་གྱི་བཀའ་བློན་ཁྲི་པའི་རྗེས་བྲངས་བྱས་ནས་བཞུགས་ན། བཀའ་ཁྲི་གསར་པ་ཞིག་སླེབས་པར་ཕན་པ་ཨེ་འདུག ༢༽ བོད་མི་དམངས་ལ་ཞབས་འདེགས་ཞུ་འདོད་དང་། དེ་ལྟར་ཞུ་བར་སྙིང་སྟོབས་དང་ལྷག་བསམ་ཡོད་མཁན་ཞིག་འདེམས་རོགས་གནང་། ངས་ད་ལྟའི་བཀའ་བློན་ཁྲི་པ་འདིའི་གསུངས་ལས། ཁོང་ལ་སྤྱི་ཚོགས་ཀྱི་འགན་་འཁུར་དང་ལྷག་བསམ་ཨེ་ཡོད་སྙམ་པའི་འདྲི་བ་ཡོང་གི་འདུག དཔེར་ན། སྤྱི་འཐུས་ཀྱི་ཚོགས་འདུའི་ཐོག། ད་ལྟའི་བཀའ་བློན་ཁྲི་པ་འདིས།…