སྟག་སྨྱོན།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ངེས་པར་ཛ་དྲག་གིས་བརྗེ་བོ་བརྒྱག་དགོས་ཀྱི་འདུག ང་ཚོར་སྐུ་ཚབ་བོད་གྱི་ལོ་རྒྱུས་ལ་ཡིད་ཆེས་གཏིང་ཟབ་ཡོད་པ་དང་། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་ཆོལ་གསུམ་བོད་མིའི་འཐབ་རྩོད་འདི་ལོ་རྒྱུས་དང་ཁྲིམས་ཐོག་ནས་དྲང་བདེན་ཡིན་པ་གསལ་བོ་ཧ་གོ་མཁན་ཞིག་ཡིན་དགོས་པ་མ་ཟད། མནར་གཅོད་མྱོང་བཞིན་པའི་བོད་མི་ས་ཡ་དྲུག་ལ་སླད་མེད་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཡོད་མཁན་གྱི་སྐུ་ཚབ་གཅིག་ཁ་ཚ་དགོས་གཏུགས་ཆགས་འདུག
རྒྱུ་མཚན་དང་པོ། རྒྱ་རིའི་ལངས་ཕྱོགས་བོད་ཀྱི་ལོ་རྒྱུས་དང་ཁ་གཏད་ཆགས་འདུག དེ་ཡང་རྒྱ་རི་བླ་མས ཉེ་ཆར་ “འགའ་རེ་ཡིས་རང་བཙན་བཤད་མཁན་ལ་ཞེད་ཀྱིན་འདུག་ཟེར་མཁན་ཡོད་མོད། དེ་བདེན་པ་མ་རེད། ངེད་གཉིས་རྒྱ་གཞུང་དང་གདོང་ཐུག་སྐབས་ཀྱང་། བོད་མི་ཚང་མས་སེམས་ནང་ཡོད་པ་རང་བཙན་འདོད་ཀྱིན་ཡོད་པ་རེད་ཅེས་བཤད་པ་ཡིན། རྒྱ་ནག་གིས་བཤད་པ་ལྟར། མཚམས་རེར་བོད་རང་བཙན་གྱི་དར་ཆ་འཁྱེར་ཏེ་བོད་རིགས་གཅིག་གྱུར་གྱི་ནུས་པར་ག་རེ་བྱས་ཡོང་ངམ་སྙམ་པའི་ཐེ་ཚོམ་ཡོང་གིན་འདུག རང་བཙན་བཤད་མཁན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་རང་བཙན་བཤད་ཀྱིན་ཡོད་རྒྱུ་རེད། ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས།” ཞེས་པའི་རྒྱ་རིའི་སྐད་ཆ་འདིས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་དྲང་པོ་བཤད་ན་བོད་དོན་འཐབ་རྩོད་འདི་ལ་བདེན་པ་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད་དྲན་གི་ཡོད།
