པདྨ་འབུམ།
ན་ནིང་དབྱར་ཀའི་ཕྱི་དྲོ་ཞིག་ལ། ངའི་ར་སྐོར་གྱི་ནང་གི་རྩྭ་འབྲེག་རན་ནས་ཡུན་ཙམ་འགོར་ཡོད། ཡིན་ན་ཡང་རྩྭ་འབྲེག་འཕྲུལ་འཁོར་མེ་ཁ་སྦར་ཐུབ་ཀྱི་མི་འདུག དེ་ཞིག་གསོ་ཁང་ལ་བསྐྱལ་ན་ཉིན་ཤས་འགོར་འགྲོ་ལ། ར་སྐོར་ནང་གི་རྩྭ་མགོ་མཐོ་ནས་སྒུག་དཀའ་བར་འདུག
ངས་རུ་ཁ་ཁྱིམ་མཚེས་ཀྱི་འཕྲིན་ཚོམ་གྱི་ནང་དུ་འཕྲིན་ཐུང་ཞིག་བཏང་ནས། གླ་ཡོན་སྒོར་མོ་ཅུང་ཙམ་སྤྲད་ན་ངའི་ར་སྐོར་གྱི་རྩྭ་འབྲེག་མི་ཡོད་མེད་རྩད་གཅོད་བྱས་པ་ཡིན། དགུན་ཁ་ཁ་བ་བབས་སྐབས། རང་གིས་ཁ་བ་འཕྱག་མི་ཐུབ་ན། རུ་ཁ་ཁྱིམ་མཚེས་ཀྱི་འཕྲིན་ཚོམ་ལ་བརྡ་སྤྲོད་བྱས་ན། འབྲིང་རིམ་དང་མཐོ་འབྲིང་གི་སློབ་མ་འགའ་རེས་ཁ་བ་ཕྱགས་ནས་སྒོར་འགའ་རེ་བཙལ། ཡིན་ན་ཡང་རྩྭ་འབྲེག་མི་ཡོད་མེད་ངས་ད་བར་དུ་མ་ཤེས།
འཕྲིན་ཚོམ་གྱི་ནང་དུ་ལན་ཞིག་མགྱོགས་པོར་སླེབས་སོང་། “ངའི་བུ་མགྱོགས་པོར་ཡོང་ངེས་ཡིན།”ཞེས་ལན་ཐུང་ཞིག་བརྒྱབ་འདུག ལན་རྒྱག་མཁན་ངས་མི་ཤེས།



