དེ་རིང་ངེད་ཀྱིས་དྲ་གྲོགས་ཚོར་ཏུན་ཧོང་སྨོན་ལམ་ཡིག་རྙིང་མཆན་འགྲེལ་སྐོར་གྱི་དེབ་ཐེར་རྩ་ཆེན་ཞིག་ངོ་སྤྲོད་བྱེད།
དེབ་ཐེར་འདི་བརྒྱུད་ནས་ང་ཚོས་བོད་བཙན་པོའི་སྐབས་ཀྱི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གནས་ཚུལ་དངོས་དང༌། སྐབས་དེའི་བོད་དང་རྒྱ། བོད་དང་དྲུ་གུ བོད་དང་འཇང་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་བའི་སྐོར་ལ་ཡང་ངེས་ཤེས་གསར་བ་རེ་འདྲོངས་ཐུབ་པར་བདག་འདོད་དོ།།
དེབ་ཐེར་འདི་ཉིད་ཀྱི་རྩོམ་པ་པོ་ནི་ན་གཞོན་བོད་རིག་པ་ཞིབ་འཇུག་མཁས་པ་དགེ་འདུན་རབ་གསལ་ལགས་རེད་ལ། དེབ་ཐེར་འདི་ཉིད་ཀྱི་མིང་ཆ་ཚང་ལ་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྨོན་ལམ་དང་དེའི་མཆན་འགྲེལ་ཟེར། དེབ་ཐེར་འདི་ནི་རྩོམ་པ་པོས་ཕྱི་ལོ༡༩༩༥ལོར་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་ཁོངས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཉམས་ཞིབ་བྱེད་སྐབས་ལས་ཞོར་དུ་བརྩམས་གྲུབ་པ་ཞིག་དང༌། ལོ་དེའི་ཟླ་༧པའི་ནང་ལྡི་ལི་བོད་ཁང་ནས་དཔར་སྐྲུན་གྱིས་འགྲེམས་སྤེལ་གནང་འདུག
ད་ཡོད་བོད་ཀྱི་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་གི་གྲུབ་འབྲས་ལ་ཕྱི་མིག་ཐེངས་གཅིག་བལྟས་ན། ཞིབ་འཇུག་གི་རྣམ་གྲངས་མང་ཤོས་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་ཡིན་པ་ལས། ཏུན་ཧོང་ཡིག་རྙིང་ནང་གི་ཆོས་ལུགས་ཀྱི་གནས་བབ་སྐོར་ལ་དམིགས་སུ་བཀར་ནས་ཞིབ་འཇུག་གནང་འདུག་པ་ནི་མཁས་དབང་རབ་གསལ་ལགས་ཐོག་མར་སྣང༌། འདི་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཁ་སྐོང་གི་ནུས་པ་ཐོན་པའི་དེབ་ཐེར་རྩ་ཆེན་ཞིག་ཀྱང་རེད། ངེད་ཀྱིས་དེབ་ཐེར་འདི་ཉིད་དྲ་གྲོགས་ཚོར་ངོ་སྤྲོད་བྱེད་འདོད་པའི་རྒྱུ་མཚན་ཡང་འདི་རང་ཡིན།
དེ་ལས་མང་བ་། “ཏུན་ཧོང་སྨོན་ལམ་ཡིག་རྙིང་མཆན་འགྲེལ་གྱི་དེབ་ཐེར་ཞིག” »


