རྡེའུ།
གཉིས་པ།
སྤྲིན་པ་སྟུག་པོའི་འོག་ཏུ་ཚེ་སྲོག་ཆད་ལ་ཁད་ཀྱི་ཞོགས་ཁའི་ཉི་མ་དམར་པོ་དེ་ཡང་སྔར་བཞིན་འཆར་ཁའི་རྩེ་རུ་འཕགས་ཤིང་ལན་རེར་མངོན་ཡང་ལན་རེར་བསྒྲིབས་བཞིན་ཤར་ཡོང་། བདེ་ལྷོད་ལྷོད་ངང་གཉིད་དུ་ཡུར་བའི་གྲོང་ཚོ་ཡང་སྤྲིན་འོག་ནས་ཤོར་བའི་ཉི་འོད་ཀྱི་ལག་ཟུང་གིས་རེ་རེ་བཞིན་མལ་ལས་བསླངས་བ་དང་མཚུངས། བྱ་བྱེའི་སྣ་ཚོགས་ཀྱིས་སྒྲོག་བའི་སྐད་ཅོར་ནི་འདུ་འཛི་ཆེ་བའི་ཁྲོམ་ར་ཞིག་གི་ཟང་ཟིང་དྲན་དུ་འཇུག་ནུས་ལ། ཞིང་ཁའི་རྩི་ཏོག་རེ་རེར་འཁྱུད་ཅིང་ཁྲ་རིལ་རིལ་བྱེད་པའི་ཟིལ་བ་དག་གིས་སུ་ཞིག་ལ་མྱ་ངན་གྱི་རྣམ་པ་སྟོན་གྱི་ཨེ་སྙམ་པའི་སྣང་ཚུལ་ཞིག་ཀྱང་ཅིག་ཅར་དུ་སྐྱེས་ཡོང་།