རྔོན་པའི་བུ་ནས་བྲིས།
ལོ་རྒྱུས་ཀྱིས་འཚམས་སྦྱོར།
ལོ་བརྒྱ་ཕྲག་མང་པོར་ཆོས་སྲིད་ཟུང་འབྲེལ་སྒོས་འཛིན་སྐྱོང་གི་བོད་དབུས་གཙང་དང་སྟོད།ཁམས་ཁུལ་གྱི་ཡུལ་གྲུ་བསྐོར་ཅིག་བཅས་ནང་ལོ་རྒྱུས་ཀྱི་དུས་སྐབས་འདྲ་མིན་ནང་མན་ཆིན་དང་མི་སེར་རྒྱལ་ཁབ།ཨིན་ཇི་སོགས་ནས་བཙན་འཛུལ་ཐེངས་འགའ་བྱས་མིན་མ་ལྟོས་པར་ཕྱི་ལོ་༡༩༤༩ཙམ་བར་དུ་རང་བཙན་གཙང་མའི་ངོ་བོར་དོན་དངོས་སུ་རྒྱ་ནག་དང་འབྲེལ་མེད་ངང་གནས་ཐུབ་ཡོད། འོན་ཀྱང་།དེ་སྔ་བཙན་པོའི་རྒྱལ་དུས་སུ་བོད་ཁོངས་དང་བོད་འབངས་བསྙོན་མེད་ཡིན་པ་དང་ས་སྐྱའི་སྐབས་སུའང་སོག་པོའི་དབང་ཤུགས་འོག་གཅིག་གྱུར་བྱས་མྱོང་གི་ས་ཁུལ།མདོ་སྨད་ལྷོ་བྱང་བརྒྱུད་དང་ཁམས་ཤར་བརྒྱུད་ཀྱི་ས་ཁུལ་མང་པོ་ཅིག།དུས་རབས་༡༨ནང་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྦྱིན་བདག་དང་རྒྱབ་རྟེན་སོག་པོ་ཇིང་གར་གྱི་མཚོ་ཁའི་སྡེ་ཚོ་ཁག་མན་ཇུས་གཏོར་ཕམ་བཏང་བ་ནས།བོད་གཞུང་དང་ཧ་ལམ་ཁ་བྲལ་ཏེ་རྒྱ་ནག་གིས་ཆབ་སྲིད་ལག་རྩེད་བྱེད་གཞི་དང་ཚོ་ཁག་ཕན་ཚུན་ཁ་གཏོར་དབང་བསྒྱུར།སྐབས་ལན་རེར་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའང་མི་ཉུང་ཚོད་དུ་སྣང་ལ།མདོ་སྨད་དང་ཁམས་ཤར་ཕྱོགས་སུ་བྱུང་བའི་རྒྱ་ནག་གིས་བཙན་གནོན་སྡུག་སྦྱོང་བཏང་བ་དེ་འདྲ་ཧ་ལམ་བོད་ནུབ་ཕྱོགས་སུ་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་འདྲ།




