Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་འགྲེལ།

Posted on 2015-12-242015-12-24 By རྔ་བ་རྒྱལ་ཁམས་པ 4 Comments on ༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་འགྲེལ།

མགོན་པོ་ཀླུ་སྒྲུབ།
༅༅།། རྒྱ་གར་སྐད་དུ།
ཙིཏྟབཛྲསྟབ།
བོད་སྐད་དུ།
སེམས་ཀྱི་རྡོ་རྗེའི་བསྟོད་པ།
མཛད་པ་པོ།
མགོན་པོ་ཀླུ་སྒྲུབ།
འགྲེལ་མཁན།
རྔ་བ་རྒྱལ་ཁམས་པ།
འདི་དང་ཕྱི་མའི་མགོན་སྐྱབས་མཆོག།
རང་རྒྱུད་སེམས་ཀྱི་རྡོ་རྗེ་ཡིན།།
སེམས་ཀྱི་རྡོ་རྗེར་རྟག་རོལ་བའི།།
རྒྱལ་བ་རྡོ་རྗེ་འཆང་ལ་འདུད།།
དེ་ལ་འདིར་དབུ་མའི་ཤིང་རྟ་ཆེན་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པར་གྲགས་པའི་སེམས་ཀྱི་རྡོ་རྗེའི་བསྟོད་པ་ཚིག་ཉུང་དོན་གསལ་གྱི་ཚུལ་དུ་འགྲེལ་བ་ལ་གསུམ།
ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ།། དང་བོ་ནི། བསྟན་བཅོས་འདིར་རྒྱ་གར་ལེགས་སྦྱར་གྱི་སྐད་དུ། ཙིཏྟབཛྲསྟབ། བོད་སྐད་དུ། སེམས་ཀྱི་རྡོ་རྗེའི་བསྟོད་པ། སྐད་གཉིས་ཤན་སྦྱར་བྱས་ན། ཙིཏྟ་ནི་སེམས་སམ་སྙིང་། བཛྲ་ནི་མི་ཕྱེད་པའམ་མི་འཇིག་པའི་དོན་གྱི་རྡོ་རྗེ། སྟབ་ནི་མཆོག་ཏུ་བསྔགས་པའམ་བསྟོད་པའི་དོན་ནོ།།
གཉིས་པ་གཞུང་གི་དོན་ལ་གཉིས། འགྱུར་ཕྱག་དང་། གཞུང་དངོས་འཆད་པའོ།། དང་བོ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཞེས་བྱུང་། སངས་རྒྱས་ཀྱི་ཐུགས་དག་པ་གཉིས་ལྡན་གྱི་ཡེ་ཤེས་ནི། ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་ལ་ཕར་རྩོལ་བའི་འཇུག་པ་ཞིག་མ་ཡིན་པར། མེ་ལོང་གཟུགས་བརྙན་དང་འཕྲད་ཚེ། མེ་ལོང་གི་ངོས་ནས་གཟུགས་བརྙན་འཆར་བའི་བྱེད་རྩོལ་མི་དགོས་པར་གཟུགས་བརྙན་ངང་གིས་འཆར་བ་ལྟར། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་མཁྱེན་པའི་ངོར་འབད་མེད་ལྷུན་གྲུབ་ཏུ་འཆར་བའམ་རྟོགས་པས་ན་འཇམ། འཆར་ལུགས་དེའང་སྣང་བ་དང་། སྟོང་བ་ཕྱོགས་རེ་བའི་ཆར་ལྷུང་བ་ཞིག་མ་ཡིན་པར། སྣང་སྟོང་ཟུང་འཇུག་གི་ཚུལ་དུ་རྟོགས་པས་ན་དཔལ། དེ་ལྟ་བུའི་འཇམ་དཔལ་གྱི་ཡོན་ཏན་གང་ལ་མངའ་བའི་སངས་རྒྱས་ཀྱི་ཐུགས་ནི། གསལ་སྒྲིབ་དང་། འཕེལ་འགྲིབ། འཕོ་སྟོང་སོགས་ཀྱི་སྐྱོན་ཆ་ཕྲ་མོས་ཀྱང་མ་གོས་པར་འགྲོ་བ་དང་། ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་མཛད་པས་ན། གཞོན་ནུར་གྱུར་པ་སྟེ། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་ཀྱི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་དད་པས་གུས་ཕྱག་མཛད་པའོ།། དགོས་པ་ནི། འགྱུར་ལེགས་ལམ་དུ་འགྲོ་ཞིང་། འགྲོ་དོན་རྒྱ་ཆེར་འབྱུང་བའོ།།
གཉིས་པ་ནི།
གང་གིས་སེམས་བྱུང་དྲ་བ་ནི།།
སེམས་ཉིད་ཀྱིས་ནི་བསལ་མཛད་དེ།།
སེམས་ཀྱི་རྨོངས་པ་བསལ་བ་ཡི།།
རང་སེམས་དེ་ལ་ཕྱག་འཚོལ་ལོ།། ཞེས་བྱུང་།
སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་གང་གིས། སེམས་ཉིད་ལས་བྱུང་བའི་གློ་བུར་བའི་རྣམ་པར་རྟོག་པའི་དྲ་བ་སྟེ། སྐབས་འདིར་སེམས་ཀྱི་རྣམ་རྟོག་ནི་ཤིན་ཏུ་རྙོག་འཛིངས་ཆེ་བས་དྲ་བའི་བསྡུས་གཟུགས་སུ་བཀོད་ཅིང་། སེམས་དེ་སེམས་ཉིད་རང་གི་ངོ་བོར་ལྟ་སྒོམ་གང་གིས་ཀྱང་མ་བསླད་པར་གློད་དེ་བཞག་པས། སྤྲིན་ནམ་མཁའ་དང་། མཚོ་རླབས་རྒྱ་མཚོར་ཐིམ་པ་ལྟར། སེམས་བྱུང་གི་སྤྲོས་པ་མཐའ་དག་སེམས་ཉིད་རང་གི་གཤིས་སུ་ངང་གིས་དག་སྟེ། མ་རིག་པའི་རྨོངས་པ་མཐའ་དག་བསལ་བར་མཛད་པའི་རང་རྒྱུད་ཀྱི་གཉུག་སེམས་དེ་ལ་རང་རྟོན་གྱི་སྤོབས་པའི་ཐོག་ནས་གུས་ཕྱག་མཛད་པ་སྟེ། འཇམ་དཔལ་མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། ཞེས་དང་། རྣམ་སྣང་སྒྱུ་དྲྭ་ལས།། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། ཅེས་དང་། གསང་སྙིང་ལས། སེམས་ཉིད་གཅིག་པུ་ཀུན་ཀྱི་ས་བོན་ཏེ།། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ།། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི།། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ།། ཞེས་པ་ལྟར་རོ།།
སེམས་ཅན་མོས་པ་སྣ་ཚོགས་པ།།
ཐ་དད་ལྷ་ཡི་དམིགས་པ་ལ།།
རིན་ཆེན་སེམས་ནི་རྣམ་གྲོལ་ལས།།
ལྷ་གཞན་སྒྲུབ་ཏུ་ཡོད་མ་ཡིན།། ཞེས་བྱུང་།
སེམས་ཅན་གྱི་ཁམས་དང་དབང་བོའི་ནུས་པ་མི་འདྲ་བ་དང་། མོས་པ་སྣ་ཚོགས་པའི་དབང་ལས་ལྟ་རྒོད་འཁྱུད་བཅངས་སོགས་དང་། ཞལ་ཕྱག་ཞིང་ཁམས་ཀྱི་དཀྱིལ་འཁོར་ཐ་དད་པའི་ལྷ་ཡི་དམིགས་རྣམ་སྐྱོང་བར་བྱེད་པ་ལ། ལྷའི་རྣལ་འབྱོར་སྟོང་ཉིད་རྟོགས་པའི་གཟུང་རྣམ་གྱི་ངོ་བོར་གྲོལ་བ་ལས་ལྷག་པའི་ལྷ་གཞན་པ་ཞིག་བསྒྲུབ་ཏུ་ཡོད་པ་མ་ཡིན་ནོ།། ཞེས་པའི་དོན་ཏེ། སམྦྷུ་ཊ་ལས། རྒོད་དང་བལྟ་དང་ལག་བཅངས་དང་།། གཉིས་གཉིས་འཁྱུད་དང་རྣམ་པ་བཞི།། སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས།། ཞེས་དང་། བླ་མཆོད་བདེ་སྟོང་དབྱེར་མེད་མ་ལས། མཚན་དཔེའི་རྒྱན་ལྡན་འོད་ཟེར་སྟོང་འབར་འཇའ་ཚོན་སྣ་ལྔའི་བསྐོར་བའི་དབུས།། རྡོ་རྗེ་དཀྱིལ་གྲུང་ཚུལ་གྱིས་བཞུགས་པའི་ཕུང་བོ་རྣམ་དག་བདེ་གཤེགས་ལྔ།། ཁམས་བཞི་ཡུམ་བཞི་སྐྱེ་མཆེད་རྩ་རྒྱུས་ཚིགས་རྣམས་བྱང་ཆུབ་སེམས་དཔའ་དངོས།། བ་སྤུ་དགྲ་བཅོམ་ཉི་ཁྲི་ཆིག་སྟོང་ཡན་ལག་ཁྲོ་བོའི་དབང་བོ་ཉིད།། འོད་ཟེར་ཕྱོགས་སྐྱོང་གནོད་སྦྱིན་གསང་བ་འཇིག་རྟེན་པ་རྣམས་ཞབས་ཀྱི་གདན།། ཞེས་པ་ལྟ་བུའོ།།
སེམས་ཐོབ་པ་ནི་བྱང་ཆུབ་སྟེ།།
སེམས་ནི་འགྲོ་བ་ལྔ་བོ་ཡིན།།
བདེ་དང་སྡུག་བསྔལ་མཚན་ཉིད་དག།
སེམས་ལས་མ་གཏོགས་ཅུང་ཟད་མེད།། ཅེས་བྱུང་།
སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ལེགས་པར་རྟོགས་ནས་དེ་ལ་རབ་དབང་ཐོབ་པ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དོན་དམ་བདེན་པའི་གནས་ལུགས་དགོངས་པར་ཆུབ་པས་སངས་རྒྱས་ཞེས་བྱ་ལ། སེམས་ཀྱི་གནས་ལུགས་མ་རྟོགས་ན་ནི། མ་རིག་པའི་སེམས་ཀྱི་བརྒྱུད་རྒྱུ་དང་སེམས་བྱུང་སེམས་པས་དངོས་ཀྱི་ཉེར་ལེན་བྱས་ཏེ། ལས་ཉོན་གྱིས་འཁོར་བ་འགྲུབ་ནས་འགྲོ་བ་རིགས་ལྔའམ། རིགས་དྲུག་གི་སྣང་བ་དང་ཞིང་གི་བཀོད་པ་སོགས་འབྱུང་བ་ཡིན། དེ་བཞིན་ང་ཚོས་འཇོག་བཞིན་པའི་བདེ་སྡུག་གི་རྣམ་བཞག་དང་མཚན་ཉིད་མཐའ་དག སེམས་ཉིད་རང་འོད་ལ་ཡུལ་དུ་བལྟས་པའི་རྣམ་རྟོག་གི་རི་མོ་ལས་བྱུང་བ་མ་གཏོགས། ཡུལ་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་ཅུང་ཟད་ཀྱང་མེད་ཅེས་པའི་དོན་ཏེ། དབུ་མ་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཀྱི་འཇིག་རྟེན་དང་།། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འབྱུང་།། འགྲོ་རྣམས་མ་ལུས་ལས་ལས་སྐྱེས་པར་གསུངས།། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན།། ཞེས་པ་ལྟར་རོ།།
འགྲོ་བ་ཀུན་ཀྱིས་མཐོང་བ་རྣམས།།
ཅུང་ཟད་བསྒོམ་པའི་རྣམ་པ་ཡང་།།
དེ་ཀུན་སེམས་ཀྱི་དྲ་བ་རུ།།
དེ་ཉིད་གསུང་བས་བསྟན་པ་ཡིན།། ཞེས་བྱུང་།
འགྲོ་བ་ཀུན་ཀྱིས་རང་རང་གི་དག་མ་དག་གི་ལས་ཀྱི་སྣང་ཚུལ་ལས་མཐོང་བ་རྣམས་དང་། མི་རྟག་སྡུག་བསྔལ་སྟོང་བདག་མེད་སོགས་ཐུན་མོང་གི་ལམ་དང་། བསྐྱེད་རྫོགས་རྩོལ་བཅས་དང་། ཁྲེག་ཐོད་རྩོལ་མེད་ཀྱི་ལམ་ཅུང་ཟད་ཅིག་བསྒོམ་པ་ལས་བྱུང་བའི་ཉམས་ཀྱི་རྣམ་པའང་། རང་སེམས་ཀྱི་རྣམ་པར་རྟོག་པའི་དྲ་བའམ། དེ་ལས་ལོགས་སུ་མེད་པར་དེ་ཉིད་གསུང་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ།། ཞེས་པའི་དོན་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །ཅེས་དང་། སམ་བུ་ཊི་ལས། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བཏགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། ། ཞེས་པ་ལྟར་རོ།།
རྣམ་པར་རྟོག་པ་སྤངས་པའི་སེམས།།
རྣམ་པར་རྟོག་པས་བསྡོས་བྱས་པའི།།
འཁོར་བ་རྣམ་རྟོག་ཙམ་ཉིད་དེ།།
རྣམ་རྟོག་མེད་པ་ཐར་བ་ཡིན།། ཞེས་བྱུང་།
ཐ་མལ་བའི་སྣང་ཞེན་གྱི་རྣམ་པར་རྟོག་པ། གདོད་ནས་དག་པའམ་སྤངས་པའི་སེམས་ཉིད་འོད་གསལ་བའི་རང་བཞིན། སེམས་ཉིད་རང་འོད་ལ་ཡུལ་དུ་བཟུང་བའི་གློ་བུར་ཀུན་བཏགས་ཀྱི་རྣམ་པར་རྟོག་པས་བསྡོས་པ་སྟེ་སྒྲིབ་པར་བྱས་པའི་འཁོར་བ་ནི་རྣམ་རྟོག་ཙམ་ཉིད་དེ། དེ་ལྟ་བུའི་རྣམ་རྟོག་ལྡན་པའི་སེམས་མེད་པ་ནི། འཁོར་བ་ལས་ཐར་བའི་ཐར་བ་ཞེས་པ་དེ་ཡིན། ཞེས་པའི་དོན། དེའང་སེམས་ཉིད་རང་འོད་ལ་ཡུལ་དུ་སྣང་བས་མ་རིག་པའི་མགོ་བསླངས། དེ་ནས་རིམ་བཞིན་འདུ་བྱེད་དང་། རྣམ་ཤེས། མིང་གཟུགས་ཀྱི་རྟེནའབྲེལ་སོགས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འཁོར་ནས་སྲིད་པ་འཁོར་བའི་རྣམ་བཞག་འབྱུང་བ་དང་། མགོ་མ་རིག་པས་བརྩམས་པ་དེ། མཇུག་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་བསྡུས་ཏེ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་ཡིན་པས། འཁོར་བ་ནི་སེམས་ཀྱི་རྣམ་རྟོག་ཙམ་ཁོ་ན་ཉིད་དེ། འགོག་བདེན་གྱི་ངོར་སེམས་ཀྱི་རྣམ་རྟོག་གི་དྲི་ཙམ་ཡང་མེད་སྟབས། རྣམ་རྟོག་མེད་པའམ་དེ་དང་བྲལ་བ་ཡིན་ན་ཐར་བ་ཞེས་པའི་གོ་འཕངས་དེ་ཐོབ་པ་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ།། དྲི་མ་རྣམས་ནི་གློ་བུར་བ།། ཞེས་དང་། སམ་བྷོ་ཊ་ལས། རྣམ་རྟོག་གཏི་མུག་ཆེན་པོ་ནི།། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། ཞེས་དང་། འབུམ་ལས། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་ཏྭ་ཏིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་། རྣམ་པར་རྟོག་པ་མེད་པ་སྟེ། དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ལ་ནི་སེམས་མེད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། ཞེས་གསུངས་པ་དང་དོན་གཅིག་གོ།
དེ་བས་ཀུན་ཀྱིས་འབད་པ་ཡིས།།
བྱང་ཆུབ་སེམས་ལ་ཕྱག་བྱའོ།།
སེམས་ཀྱི་རྡོ་རྗེ་བསྒོམ་པའི་ཕྱིར།།
དེ་ནི་བྱང་ཆུབ་མཆོག་ཅེས་བྱ།། ཞེས་བྱུང་།
རྣམ་རྟོག་གི་རྩ་བ་ནི་གཏི་མུག་མ་རིག་པ་ཞེས་པ་དེ་ཡིན་ཞིང་། སྟོང་ཉིད་རྟོགས་པའི་ཤེས་རབ་འཇིག་ལྟའི་གཉེན་པོར་སོང་སྟེ། བདེན་འཛིན་མ་རིག་པ་སྤངས་པས་འཁོར་བ་ལས་གྲོལ་བའི་ཐར་པ་ཞེས་པ་དེ་ཐོབ་པ་ཡིན། རྒྱུ་མཚན་དེ་བས་ན་ཐར་འདོད་ཀྱི་སྐྱེ་བོ་ཀུན་ཀྱིས་གུས་རྟག་སྦྱོར་བས་འབད་པ་བྱས་ཏེ། སྤང་བྱའི་དྲི་མ་རྣམས་སྤངས་ཤིང་། རྟོགས་བྱའི་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་སྟེ། མི་སློབ་པའི་ལམ་ལ་གནས་པ་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་བ་དང་། སེམས་ཀྱི་རྡོ་རྗེ་དེ་དཔྱད་འཇོག་གི་ལམ་ནས་ཡང་ཡང་ཡིད་ལ་བྱས་ཏེ་བསྒོམ་པའི་ཕྱིར་ན། དེ་ནི་དོན་དུ་གཉེར་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྟེ། བྱང་ཆུབ་མཆོག་གི་ལམ་ཞེས་པ་དེ་ཡིན་ནོ།། ཞེས་པའི་དོན་ཏེ། བྱང་ཆུབ་སེམས་འགྲེལ་ལས། སྙིང་རྗེ་རོ་གཅིག་བསོད་ནམས་འགྱུར།། སྟོང་ཉིད་རོ་ནི་མཆོག་གྱུར་པ།། བདག་དང་གཞན་དོན་སྒྲུབ་དོན་དུ།། གང་འཐུང་དེ་དག་རྒྱལ་སྲས་ཡིན།། ཞེས་དང་། བྱང་ཆུབ་སེམས་འདི་ཐེག་ཆེན་པོ།། མཆོག་ནི་ཡིན་པར་བཤད་པ་སྟེ། མཉམ་པར་བཞག་པས་འབད་པ་ཡིས།།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་དང་། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས།། བདག་དང་ཕུང་སོགས་རྣམ་རིག་གི། རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་།། རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད།། སྙིང་རྗེས་བརླན་པའི་སེམས་ཀྱིས་ནི།། འབད་པས་བསྒོམ་པར་བྱ་བ་ཡིན།། ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱིས།། བྱང་ཆུབ་སེམས་ནི་རྟག་ཏུ་བསྒོམ།། ཞེས་པ་ལྟར་རོ།།
ཁམས་བསྐྱེད་སེམས་ནི་ལུས་ཀྱིས་བཅིངས།།
སེམས་མེད་ཁམས་ནི་བདེ་བར་འཇུག།
དེ་ཕྱིར་སེམས་ནི་ཀུན་ཏུ་བསྲུང་།།
བདེ་ལེགས་སེམས་ལས་སངས་རྒྱས་འབྱུང་།།
ཞེས་པའི་དོན་ནི། སྤྱིར་ཁམས་ཞེས་པ་རྒྱུ་དང་རིགས། ས་བོན་སོགས་དོན་མི་འདྲ་བར་འཇུག་པའི་སྐབས་ཡོད་ཀྱང་། འདིར་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ས་བོན་ནམ། ནུས་པ་བསྐྱེད་པའི་སེམས་གསལ་རིག་གི་གཞི་དེ་ལ་གོ་དགོས་ཏེ། རླུང་སེམས་ཙམ་ལས་གྲུབ་པའི་རྣམ་ཤེས་རང་གི་ཆར་ཕྲ་བའི་འབྱུང་བ་རྣམས་རང་ཆས་སུ་ཡོད་སྟབས། བར་དོའི་སེམས་ཅན་མའི་མངལ་དུ་སྙིང་མཚམས་སྦྱོར་དུས་རྣམ་ཤེས་རང་ངོས་ཀྱི་འབྱུང་བ་ཤིན་ཏུ་ཕྲ་མོའི་ནུས་པ་རྣམས། ཕ་མའི་ཁུ་ཁྲག་གི་འབྱུང་བ་རགས་པ་དང་འབྲེལ་ནས། རླུང་སེམས་ཕྲ་མོའི་རྟེན་གཞིར་གྱུར་པའི་རྩ་དབུ་མ་དང་། ཕུང་ཁམས་སྐྱེ་མཆེད་རྣམས་རིམ་གྱིས་ཆགས་ཏེ་ལུས་གྲུབ། དེ་ལྟ་བུའི་ཕུང་ཁམས་སྐྱེ་མཆེད་རྣམས་སྐྱེད་བྱེད་ཀྱི་སེམས་ནི། རང་གི་འབྱུང་བ་ཕྲ་མོ་དང་། གཞན་གྱི་འབྱུང་བ་རགས་པ་གཉིས་འཕྲད་པས། སེམས་ལུས་ཕུང་ལས་གཞན་དུ་མི་འཕོ་བ་དང་། སེམས་ཀྱི་འོད་གསལ་བའི་ཆ་སྒྲིབ་པར་བྱེད་པས་ན་བཅིངས་ཤིང་། སེམས་མེད་པའམ་སེམས་དང་བྲལ་བའི་གཉུག་མའི་ཁམས་ནི། རང་གི་ཡུལ་ལ་གསལ་སྟོང་འཛིན་མེད་ཀྱི་ངང་ནས་བདེ་བར་འཇུག་ནུས་པ་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར་ན་གཏན་བདེ་བླ་མེད་སྒྲུབ་འདོད་ཀྱི་སྐྱེས་བུ་དག་གིས། དཔྱད་འཇོག་རེས་མོས་ཀྱིས་རང་སེམས་རྣམ་རྟོག་གི་གཡོ་བ་ལས་ཀུན་ཏུ་བསྲུང་དགོས་ཏེ། སེམས་དང་སེམས་བྱུང་སེམས་ཉིད་ཀྱི་དབྱིངས་སུ་བདེ་བར་ཞི་ཞིང་ལེགས་པར་དྭངས་པ་ལས། གཏན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འབྱུང་བ་ཡིན་ནོ།། ཞེས་པའི་དོན་ཏེ། རྡོར་རྗེ་གདན་བཞི་ལས། ཆུ་ནི་སེམས་ལས་འབྱུང་བས་ན།། རྣམ་པར་ཤེས་པ་ཆུ་ཡི་ཁམས།། ཞེས་པ་ནས། ལྔར(སེམས)གཅིག་གིས་ངོ་བོས་སྟོན།། གཅིག་ཏུ་འགྱུར་བ་ཤེས་བྱས་ནས།། རྣལ་འབྱོར་བ་ཡི་གནས་བལྟའོ།། ཞེས་དང་། ཡན་ལག་བརྒྱད་པ་ལས། ས་བོན་བདག་ཉིད་འབྱུང་བ་ཆེ།། ཕྲ་མོའི་སེམས་ཀྱི་རྗེས་འགྲོ་དང་།། ཞེས་དང་། ཀློང་ཆེན་པས། ས་ནི་ཆུ་ལ་ཆུ་རླུང་ལ།། རླུང་ནི་མཁའ་ལ་རབ་ཏུ་གནས།། མཁའ་ནི་རླུང་དང་ཆུ་དག་དང་།། ས་ཡི་ཁམས་ལ་གནས་མ་ཡིན།། དེ་བཞིན་ཕུང་པོ་ཁམས་དབང་རྣམས།། ལས་དང་ཉོན་མོངས་དག་ལ་གནས།། ལས་དང་ཉོན་མོངས་ཚུལ་བཞིན་མིན།། ཡིད་ལ་བྱེད་ལ་རྟག་ཏུ་གནས།། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི།། སེམས་ཀྱི་དག་པ་ལ་རབ་གནས།། སེམས་ཀྱི་རང་བཞིན་ཆོས་རྣམས་ནི།། ཐམས་ཅད་ལ་ཡང་གནས་པ་མེད།། ཅེས་གསུངས་པ་ལྟ་བུའོ།།

གསུམ་པ་མཇུག་གི་དོན་ནི། སེམས་ཀྱི་རྡོ་རྗེའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།
སློབ་དཔོན་ཀླུ་སྒྲུབ་ནི། སངས་རྒྱས་འདས་རྗེས་ཀྱི་ནང་བའི་སློབ་དཔོན་གལ་ཆེ་ཤོས་ཤིག་ཡིན་ཞིང་། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ལྟ་བ་བཏོན་པ་ལ་བརྟེན་ནས། ཐེག་པ་ཆེན་པོ་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་ཅིང་། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ཞེས་སྨྲ་བའི་སེང་ཆེན་བརྒྱད་བྱོན་པའི་གྲས་ཀྱི་མཆོག་གི་མཚན་སྙན་ཐོབ་ཡོད། ཁོང་གི་གསུང་རྩོམ་ཐད་དབུ་མ་རིགས་ཚོགས་དྲུག་དང་། བསྟོད་ཚོགས་བཅུ་བདུན་སོགས་མདོ་སྔགས་རིག་གནས་དང་བཅས་པར་དགག་བཞག་སྤོང་གསུམ་མཛད་པའི་གཞུང་ལུགས་རིན་ཐང་དང་བྲལ་བ་མང་དུ་བཞུགས། ཁོང་གི་རྣམ་ཐར་ལོ་རྒྱུས་ཐད་ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་གདན་དྲངས་པ་དང་། གསེར་འགྱུར་གྱི་རྩི་བསྒྲུབས་ནས་དགེ་འདུན་གྱི་སྡེར་བསྙེན་བཀུར་གནང་བ། དབུ་ལུས་སླར་ཡང་འབྱར་ནས་སེམས་ཅན་གྱི་དོན་མཛད་རྒྱུ་ཡིན་ཚུལ་སོགས། བྱིས་པའི་བློ་ངོར་ཤོང་དཀའ་བའི་རྣམ་ཐར་ལ་དོགས་སློང་བྱེད་མཁན་ཡང་མང་བོ་ཞིག་བྱུང་ཡོད། ལོ་རྒྱུས་ལ་ལ་ན་སློབ་དཔོན་འདིའི་རྣམ་ཐར་ལོ་རྒྱུས་ཡིད་རྟོན་རུང་བ་ཞིག་ཤེས་མཁན་ཧ་ལམ་མེད་པར་བཤད་པའང་མཐོང་། མཛད་བྱང་གི་མཇུག་ཏུ་སྒྱུར་པ་པོ་སུ་ཡིན་གྱི་མཚན་མ་གསལ་བས། བདག་གིས་བསྟན་འགྱུར་གྱི་མ་དཔེ་མི་འདྲ
བ་ཁག་གི་ཁྲོད་ན་བཞུགས་པའི་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་རྣམས་ལ་ཆེད་དུ་གཉེར་ནས་ཞིབ་ལྟ་བྱས་པས། བསྟོད་ཚོགས་ཕལ་ཆེར་རྒྱ་གར་གྱི་མཁན་པོ༌པཎྜི་ཏ་ཀྲྀཥྞ་དང་། ལོ༌ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པ་གསལ་ཀྱང་། བསྟོད་པ་འདི་ཉིད་སྒྱུར་མཁན་སུ་ཡིན་མཛད་བྱང་གི་མཇུག་ཏུ་བཀོད་པ་ཞིག་མ་མཐོང་། དེ་ལྟ་ནའང་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་གློག་རྡུལ་དྲྭ་བར་སེམས་བསྟོད་འདིའི་ངོ་སྤྲོད་བསྡུས་བཤད་བྱས་པ་ལྟར་ན། གཞུང་འདི་འགྱུར་མཁན་གོང་གསལ་ལོ་པན་གཉིས་ཡིན་ཚུལ་བཤད་འདུག་པས་དེ་ལྟར་དུ་ཆ་འཇོག་བྱས་ན་འགྲིགས་སམ་སྙམ་མོ།།

བསམ་ཚུལ།

Post navigation

Previous Post: རྒན་པདྨ་འབུམ་ལགས་ཀྱིས་རིག་གནས་སྲུང་སྐྱོབ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད།
Next Post: ༄། །སྔ་འགྱུར་བསྟན་པའི་སྒྲོན་མེ་རྗེས་སུ་དྲན་པ།

Comments (4) on “༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་འགྲེལ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 9:42 pm

    ་་་་་་་་ སེམས་ཅན་གྱི་ཁམས་དང་དབང་བོའི་ནུས་པ་མི་འདྲ་བ་དང་། མོས་པ་སྣ་ཚོགས་པའི་དབང་ལས་ལྟ་རྒོད་འཁྱུད་བཅངས་སོགས་དང་། ཞལ་ཕྱག་ཞིང་ཁམས་ཀྱི་དཀྱིལ་འཁོར་ཐ་དད་པའི་ལྷ་ཡི་དམིགས་རྣམ་སྐྱོང་བར་བྱེད་པ་ལ། ལྷའི་རྣལ་འབྱོར་སྟོང་ཉིད་རྟོགས་པའི་གཟུང་རྣམ་གྱི་ངོ་བོར་གྲོལ་བ་ལས་ལྷག་པའི་ལྷ་གཞན་པ་ཞིག་བསྒྲུབ་ཏུ་ཡོད་པ་མ་ཡིན་ནོ།། ་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 9:58 pm

    ༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་འགྲེལ།
    མགོན་པོ་ཀླུ་སྒྲུབ།
    ༅༅།། རྒྱ་གར་སྐད་དུ། ཙིཏྟབཛྲསྟབ།
    བོད་སྐད་དུ། སེམས་ཀྱི་རྡོ་རྗེའི་བསྟོད་པ།
    མཛད་པ་པོ། མགོན་པོ་ཀླུ་སྒྲུབ།

    གང་གིས་སེམས་བྱུང་དྲ་བ་ནི།།
    སེམས་ཉིད་ཀྱིས་ནི་བསལ་མཛད་དེ།།
    སེམས་ཀྱི་རྨོངས་པ་བསལ་བ་ཡི།།
    རང་སེམས་དེ་ལ་ཕྱག་འཚོལ་ལོ།།

    སེམས་ཅན་མོས་པ་སྣ་ཚོགས་པ།།
    ཐ་དད་ལྷ་ཡི་དམིགས་པ་ལ།།
    རིན་ཆེན་སེམས་ནི་རྣམ་གྲོལ་ལས།།
    ལྷ་གཞན་སྒྲུབ་ཏུ་ཡོད་མ་ཡིན།།

    སེམས་ཐོབ་པ་ནི་བྱང་ཆུབ་སྟེ།།
    སེམས་ནི་འགྲོ་བ་ལྔ་བོ་ཡིན།།
    བདེ་དང་སྡུག་བསྔལ་མཚན་ཉིད་དག།
    སེམས་ལས་མ་གཏོགས་ཅུང་ཟད་མེད།།

    འགྲོ་བ་ཀུན་ཀྱིས་མཐོང་བ་རྣམས།།
    ཅུང་ཟད་བསྒོམ་པའི་རྣམ་པ་ཡང་།།
    དེ་ཀུན་སེམས་ཀྱི་དྲ་བ་རུ།།
    དེ་ཉིད་གསུང་བས་བསྟན་པ་ཡིན།།

    རྣམ་པར་རྟོག་པ་སྤངས་པའི་སེམས།།
    རྣམ་པར་རྟོག་པས་བསྡོས་བྱས་པའི།།
    འཁོར་བ་རྣམ་རྟོག་ཙམ་ཉིད་དེ།།
    རྣམ་རྟོག་མེད་པ་ཐར་བ་ཡིན།།

    དེ་བས་ཀུན་ཀྱིས་འབད་པ་ཡིས།།
    བྱང་ཆུབ་སེམས་ལ་ཕྱག་བྱའོ།།
    སེམས་ཀྱི་རྡོ་རྗེ་བསྒོམ་པའི་ཕྱིར།།
    དེ་ནི་བྱང་ཆུབ་མཆོག་ཅེས་བྱ།།

    ཁམས་བསྐྱེད་སེམས་ནི་ལུས་ཀྱིས་བཅིངས།།
    སེམས་མེད་ཁམས་ནི་བདེ་བར་འཇུག།
    དེ་ཕྱིར་སེམས་ནི་ཀུན་ཏུ་བསྲུང་།།
    བདེ་ལེགས་སེམས་ལས་སངས་རྒྱས་འབྱུང་།།

    སེམས་ཀྱི་རྡོ་རྗེའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-12-24 at 9:59 pm

    ༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་འགྲེལ།
    འདི།
    ༅༅།། སེམས་ཀྱི་རྡོ་རྗེའི་བསྟོད་པ།
    ལ་བཅོས།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 12:37 am

    སེམས་ནི་འགྲོ་བ་ལྔ་བོ་ཡིན།།
    འདི།
    སེམས་ནི་འགྲོ་བ་ལྔ་པོ་ཡིན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme