Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<<རྗེས་ཐ་སྙད་ཚད་གྲུབ་ཇི་ལྟར་བཞེད་ཚུལ་ལ་དཔྱད་པ། >>

Posted on 2014-06-252014-06-25 By ཁ་བརྡ་ 18 Comments on <<རྗེས་ཐ་སྙད་ཚད་གྲུབ་ཇི་ལྟར་བཞེད་ཚུལ་ལ་དཔྱད་པ། >>

གོང་དཀར་ངག་རྣམ།

སྤྱིར་ཐ་སྙད་ཚད་གྲུབ་ཀྱི་སྒྲ་བཤད་དམ་ངེས་ཚིག་གང་ཡིན་སྙམ་ན། ཐ་སྙད་པའི་ཚད་མས་གྲུབ་པའི་ཆོས་ཡོད་མེད་ཙམ་ལ་གོ་སྙམ། ཕྱོགས་སྔ་ཕྱི་གཉིས་ཀས་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་དཔང་པོར་བཞག་སྟེ་བརྒལ་ལན་ལ་འཇུག་པས་གནད་འདི་ནི་ལུང་རིགས་ཕྱོགས་རེ་བས་ཕུག་ཐུབ་པའི་དོན་ཆུང་གཏན་ནས་མིན་པ་དང་། ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ནང་ཐ་སྙད་ཚད་གྲུབ་བཞེད་དང་མི་བཞེད་ཀྱི་སྐོར་སྣ་ཚོགས་འཁོད་པའི་གཞུང་ལུགས་མང་དག་ཡོང་དགོས་པའི་རྒྱུ་མཚན་ཡང་། ནང་པ་སངས་རྒྱས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ནང་བསྟན་པའི་གཞི་བདེན་པ་གཉིས་དང་། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཀྱི་རྣམ་གཞག་ལ་ཐུག་པས་ཡིན་ཏེ། རིགས་པ་དྲུག་ཅུ་པར། དགེ་བ་འདི་ཡིས་སྐྱེ་བོ་ཀུན།། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ།། བསོད་ནམས་ཡེ་ཤེས་ལས་བྱུང་བའི།། དམ་པ་གཉིས་ནི་ཐོབ་པར་ཤོག། ཅེས་འབྲས་དུས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་པ་ནི་ལམ་དུས་སུ་ཐབས་དང་ཤེས་རབ་ཀྱི་ལམ་གཉིས་བསྒོམས་པའི་འབྲས་བུ་ཡིན་པ་དང་། ལམ་དེ་གཉིས་ནི་ལས་རྒྱུ་འབྲས་ཀྱི་ངོ་བོ་དང་། ཕན་ཡོན། ཉེས་དམིགས་ལ་སོགས་པ་ལ་ངེས་པ་རྙེད་པའི་སྒོ་ནས་དང་། ཅིག་ཤོས་ནི་ཆོས་རྣམས་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་རང་བཞིན་ལ་ངེས་པ་གཏིང་ནས་རྙེད་པ་ལས་འོང་དགོས་པས་སོ།།

སངས་རྒྱས་ཀྱི་རྗེས་འཇུག་རྣམས་ཀྱིས་ལམ་ཉམས་སུ་ལེན་པའི་ཚེ་ཇི་ལྟར་འཚོ་དགོས་པའི་ཚུལ་ཡང་། ངལ་དུབ་ཀྱི་མཐའ་དང་། འདོད་པ་བསོད་ཉམས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མར་གནས་དགོས་པ་བཞིན། ལམ་ཉམས་སུ་ལེན་པའི་ཚེ་ཡང་ནང་གི་ལྟ་བ་དེ་རྟག་མཐའ་དང་ཆད་མཐའ་གཉིས་ལས་བྲལ་དགོས་སྟེ། ཇི་སྐད་དུ། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ།། སྒོམ་པ་རྣམ་དག་བྱིངས་རྨུགས་མུན་པ་སངས།། སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས།། ཞེས་རྟག་མཐའ་དང་ཆད་གཉིས་ཀ་ལས་གྲོལ་དགོས་པར་གསུང་གི་ཡོད། ནང་པའི་གྲུབ་མཐའ་སྨྲ་བ་བཞི་པོ་ཐམས་ཅད་ཀྱིས་རང་རང་གི་ལུགས་ཀྱི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་རྩལ་དུ་འདོན་པར་ཁྱད་པར་གཏན་ནས་མེད་ཅིང་། ནང་པའི་དངོས་སྨྲ་བའི་གྲུབ་མཐའ་སྨྲ་བ་དག་གིས་ཀྱང་དབུ་མ་པའི་གྲུབ་མཐའ་སྨྲ་བ་ངོ་བོ་ཉིད་མེད་པར་སྨྲ་བ་ལས་དབུ་མ་པ་ཞེས་མི་བརྗོད་པའི་རྒྱུ་མཚན་ཡང་འདི་ལ་ཐུག་པ་གསལ་པོ་རེད།

ནང་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཐ་སྙད་ཚད་གྲུབ་བཞེད་མིན་གྱི་གནད་འགའ་ཤས་ཡོད་པའི་ནང་ནས་གཅིག་ནི་གཞི་དངོས་པའི་གནས་ཚུལ་དུ་མྱུ་གུ་ལྟ་བུ་གཅིག་གི་སྟེང་བདེན་པ་གཉིས་ཀྱི་ངོ་བོ་མི་འདྲ་བ་གཉིས་ཡོད་མེད་དེ་ཡིན་སྙམ་སྟེ། དཔེར་ན། རྗེ་བདག་ཉིད་ཆེན་པོ་ལྟ་བུས་འདི་ལྟར་དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས་ཞེས་སོགས་ཀྱི་འགྲེལ་བཤད་མཛད་སྐབས་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དུ། (འདིས་ནི་མྱུ་གུ་ལྟ་བུ་གཅིག་གི་ངོ་བོ་ལ་ཡང་ཕྱེ་ན་ཀུན་རྫོབ་ཡིན་པ་དང་། དོན་དམ་ཡིན་པའི་ངོ་བོ་གཉིས་ཡོད་པར་སྟོན་གྱི་མྱུ་གུའི་ངོ་བོ་གཅིག་ཉིད་སོ་སྐྱེ་དང་འཕགས་པ་ལ་ལྟོས་ནས་བདེན་པ་གཉིས་སུ་བསྟན་པ་མིན་ནོ།།) ཞེས་གསུངས།
ཡང་ཀུན་མཁྱེན་གོ་རམས་པ་ལྟ་བུས་འདི་ལྟར་འཇུག་འགྲེལ་ལྟ་བ་ངན་སེལ་དུ། (དབུ་མ་ཐལ་འགྱུར་བས་ཕན་ཚུན་ལྟོས་ནས་གྲུབ་པའི་ཆོས་ལ་ངོ་བོ་གཅིག་དང་ཐ་དད་གཉིས་ཀ་ཁས་མི་ལེན་པའི་ཕྱིར།) ཞེས་བདེན་པ་གཉིས་ནི་ངོ་བོ་སོ་སོར་མི་བཞེད་པར་ངོ་བོ་གཅིག་ཉིད་འཕགས་པའི་མཉམ་གཞག་གིས་རང་སྟོང་དུ་གཟིགས་ཤིང་། རྫུན་པ་མཐོང་བའི་ཡུལ་ཅན་སོ་སྐྱེའི་བློས་མཇལ་བའི་ཚེ་རང་གི་ངོ་བོར་ཡོད་པར་རྙེད་པ་ལ་བདེན་གཉིས་ཀྱི་རྣམ་གཞག་མཛད་པའི་ཕྱིར། ཞེས་གསུངས་པས། མྱུ་གུའི་ངོ་བོ་གཅིག་ཉིད་སོ་སྐྱེ་དང་འཕགས་པ་ལ་ལྟོས་ནས་བདེན་པ་གཉིས་སུ་བསྟན་པར་བཞེད་མཁན་དེ་ཀུན་མཁྱེན་གོ་རམས་པའི་དགོངས་པར་སོང་འདུག་སྙམ་མོ།།

ཡང་ཐ་སྙད་ཚད་གྲུབ་ཀྱི་གནད་གཞན་ཞིག་ཡོད་པ་དེ་ནི་སྟོང་ཉིད་ཀྱི་དགག་བྱ་ངོས་འཛིན་གྱི་ཐོག་ནས་ཡིན། གྲུབ་མཐའ་གོང་འོག་དབར་གྱི་སྟོང་པ་ཉིད་དང་འབྲེལ་བའི་བརྒལ་ལན་གྱི་རྣམ་གཞག་ནི་དགག་བྱ་ངོས་འཛིན་སྟངས་མི་འདྲ་བ་དང་། ལྷག་པར་དབུ་མ་ཐལ་རང་གི་ཁྱད་པར་མངོན་གསལ་དོད་ཤོས་ནི་འདི་ལ་ཐུག་པས་རྗེས་བདག་ཉིད་ཆེན་པོས་ཀྱང་དགག་བྱ་ངོས་འཛིན་ཁྱབ་ཆེ་ཆུང་གཉིས་ཀ་དགག་པའི་གཞུང་ཚན་ལོགས་སུ་མཛད་སྙམ། ཐ་སྙད་ཚད་གྲུབ་མི་བཞེད་པ་དག་གིས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན།། ལྕེ་དང་དེ་བཞིན་ཡིད་ཀྱང་ཚད་མ་མིན།། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། ཞེས་མདོ་ཏིང་ངེ་འཛིན་རྒྱལ་པོ་ཁུངས་སུ་བྱས་ནས་ཕུང་སོགས་ཀྱི་ཆོས་ཀུན་དེ་ཁོ་ན་ཉིད་དུ་གྲུབ་མིན་དཔྱོད་པའི་ཚེ་རིགས་པ་དེས་ཐམས་ཅད་ཁེགས་དགོས་ཏེ། དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཀྱིས་ནི་སྐྱེ་བ་མེད་པར་གཟིགས་ཤིང་། མིག་གི་ཤེས་པ་ལ་སོགས་པས་གྲུབ་པར་འདོད་ན་ནི་དེ་དག་ཚད་མ་ཡིན་པ་བཀག་པའི་ཕྱིར། ཞེས་བཞེད་པར་དེ་ནི་སྟོང་ཉིད་ཀྱི་དགག་བྱ་ཁྱབ་ཆེ་དྲགས་པའི་སྐྱོན་ཡིན་པར་གསུངས།

དེ་ཁོ་ན་ཉིད་ལ་དཔྱོད་པའི་མཚམས་ངོས་མ་ཟིན་པར་ཐམས་ཅད་འགོག་པ་འདི་ནི་ཧ་ཤང་གི་དཀའ་པོ་ཆིག་ཐུབ་ཀྱི་སྲོལ་སླར་འོངས་པ་དང་། ཡང་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིིགས་པས་ཐ་སྙད་ཚད་གྲུབ་ལ་མི་གནོད་པའི་ལུགས་འདི་ནི་ཐལ་འགྱུར་པར་ཁས་འཆེ་ཡང་དོན་ལ་རང་རྒྱུད་པའི་ལྟ་བ་ལས་མ་འདས་ཞེས་པའི་སྐྱོན་སྤོང་མཛད་ཚུལ་ནི་ཕྱོགས་འདི་གཉིས་ཀྱི་ཞེ་ཕུགས་ཀྱི་དགོངས་པར་རྟོགས་དགོས་སོ།། རྗེས་ཆོས་དེ་ལ་ཚད་མ་ཡིན་པ་དང་ཆོས་དེ་ལ་འཁྲུལ་པ་གཉིས་ཀ་ཡིན་པ་དེ་དབུ་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་གཅིག་ཏུ་བཞེད་པ་དང་། འདི་ལ་བོད་ཀྱི་དབུ་སྨྲའི་ལྟ་གྲུབ་སྨྲ་བ་གཞན་ཕལ་ཆེ་བ་དང་ལྷག་པར་ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་སྟག་ཚང་ལོ་ཙཱ་བ་ལྟ་བུས་དགག་པ་ནན་གྱིས་མཛད་ཡོད་པ་ནི། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ཀྱི་རྩ་བར། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས།། མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ།། རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ།། འདི་ལ་འགལ་བའི་འཁུར་ཆེན་འདི་ལྟར་ཡོད།། ཡུལ་ཀུན་རྫུན་དང་ཡུན་ཅན་བསླུ་མེད་འགལ།། ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ།། ཞེས་གསུངས།
འོ་ན། རྗེས་ཆོས་ཅན་ཀུན་རྫོབ་པ་རྣམས་ཐ་སྙད་ཚད་མས་ཇི་ལྟར་གྲུབ་པར་བཞེད་ཅེ་ན། འདི་ལ་རྗེས་ལམ་རིམ་ལྷག་མཐོང་ཆེན་མོའི་ནང་། (དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང་། དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་དག་ལས་ལྡོག་པ་ནི་མེད་པར་འདོད་དོ།།) ཞེས་ཆོས་དེ་དང་དེ་ཐ་སྙད་དུ་ཡོད་པ་ལ་ཁྱད་ཆོས་གསུམ་པོ་འདི་དག་ཚང་དགོས་པར་བཞེད།

ཀུན་མཁྱེན་གོ་རམས་པ་ལྟ་བུས་དེ་ལྟར་མི་བཞེད་པའི་རྒྱུ་མཚན་ནི། མདོ་ལས། གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་མི་སྤྱོད་དོ་ཞེས་སོགས་དང་། ཀུན་རྫོབ་པའི་ཆོས་རྣམས་རིགས་པས་དཔྱད་ན་རང་རང་གི་ངོ་བོས་སྟོང་པའི་ཚུལ་ལ་བརྟེན་ནས་ཡིན་ཏེ། དེ་ཉིད་ཀྱིས་མཛད་པའི་ངེས་དོན་རབ་གསལ་ལས། དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཚེ་རང་རྒྱུད་ཀྱི་རྟགས་མི་འཐད་པར་ཐལ་བ་ཙམ་འབའ་ཞིག་བྱ་བར་རིགས་ཏེ། དབུ་མ་པ་རང་ཉིད་ལ་ཞེ་འདོད་ཀྱི་ཁས་ལེན་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཡང་། གཟིགས་པ་དག་པའི་ཡེ་ཤེས་ཀྱི་གཟིགས་ངོའམ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ཡོད་པའམ་མེད་པ། དགག་པའམ་སྒྲུབ་པ། བདེན་པའམ་མི་བདེན་པ་རང་བཞིན་པ་བདེན་པ་གཉིས་ཆར་དུའང་མ་གྲུབ་པ་སྟེ ། ཞེས་པ་ལས་ཤེས་ནུས་སོ།། མདོར་ན་ཀུན་རྫོབ་པའི་ཆོས་གང་འདྲ་ཞིག་ཡིན་ནའང་རིགས་པས་གཏན་ནས་འགྲུབ་རྒྱུ་མེད་པའི་རྒྱུ་མཚན་གྱིས་ཡིན་སྙམ།

ཀུན་རྫོབ་རིགས་པས་མི་འགྲུབ་པའི་ཚུལ་ཡང་ཆོས་དེའི་ངོ་བོ་ལ་རིགས་པས་དཔྱད་ན་རང་ཉིད་རང་གིས་སྟོང་པའི་དོན་ཡིན་པས་རང་སྟོང་གི་གོ་བ་ཡང་སྐབས་ཁྱད་པར་བ་ཞིག་ཏུ་སྦྱོར་བ་ལས་དཔྱད་པའི་སྐབས་མ་བཟུང་བར་རང་དགར་ཐམས་ཅད་རང་སྟོང་དང་། དེ་དག་ལ་དགག་སྒྲུབ་དང་ཡོད་མེད་ཀྱི་རྣམ་གཞག་གཞག་ཏུ་མེད་པ་དེ་འདྲ་གཏན་ནས་མིན་སྙམ་སྟེ། དེ་ལྟ་ན་རྗེས་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དུ་གསུངས་པའི་སྐྱོན་རྣམས་སུ་ཐལ་ཏེ། གཞུང་དེ་ཉིད་དུ། བུམ་པ་བུམ་པས་སྟོང་བུམ་པ་ལ་བུམ་པ་མེད་དགོས་ན། རང་ལ་རང་མེད་ན་གཞན་སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་རོ།། དེའི་ཚེ་དངོས་པོ་གཞན་ཐམས་ཅད་ཀྱང་དེ་དང་འདྲ་བས། དེ་ལྟར་སྨྲ་མཁན་ཡང་མེད་པར་འགྱུར་ཞིང་། འདིས་སྟོང་བ་དང་། འདིས་མི་སྟོང་ཞེས་པའི་རྣམ་གཞག་གང་ཡང་མི་སྲིད་པར་འགྱུར་རོ།། ཞེས་གསུངས་པའི་ཕྱིར།

རྗེ་ཉིད་ཀྱིས་དབུ་མའི་གཞུང་ལུགས་ནང་རང་སྟོང་གཞན་སྟོང་གི་བརྡ་ཆད་ཟུར་དུ་མི་མཛད་པ་འདྲ་སྟེ། གཞུང་དེ་ཉིད་དུ། བུམ་པ་བུམ་པས་མི་སྟོང་བར་བདེན་པས་སྟོང་པ་ནི། གཞན་སྟོང་ཡིན་པས་བུམ་པ་བུམ་པས་སྟོང་བ་ནི་རང་སྟོང་ཡིན་ནོ་ཞེས་སྨྲ་བ་ནི་གཏན་ནས་མི་རིགས་ཏེ། ཞེས་གསུངས་པས་སོ།། སྤྱིར་བརྡ་ཆད་འདི་དག་གི་སྐོར་ལ་དཔྱོད་དུས་དེ་དག་མདོ་སྔགས་གང་གི་སྐབས་ལ་གཞིགས་ཏེ་གསུངས་མིན་ལ་དཔྱད་དགོས་རྒྱུ་གལ་ཆེ་བར་སྙམ་སྟེ། ༸གོང་ས་མཆོག་གིས་ཉིས་སྟོང་བཅུ་ལོར་གཞིས་བྱེས་ཇོ་ནང་པ་ཡོངས་ལ་བསྩལ་བའི་བཀའ་སློབ་དེབ་ཆུང་ཞིག་གི་ནང་། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་ཞེས་གསུངས་ཡོད་པའི་དགོངས་པ་དེ་གང་འདྲ་བཞེད་ཀྱི་འདུག དེ་གཙོ་བོ་སྦྱོར་དྲུག་དང་འདྲེས་ཡོང་གི་ཡོད་པ་རེད། གསང་སྔགས་བླ་མེད་དང་འདྲེས་ཡོང་གི་ཡོད་པ་རེད།

དེ་འདྲ་ཡིན་དུས་རྗེ་རིན་པོ་ཆེས་གསང་བ་འདུས་པའི་རིམ་ལྔའི་ནང་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་རྣམ་གཞག་གསུངས་ཡོད་པ་དེ་དང་འདྲེས་ནས། གཉུག་མའི་འོད་གསལ་གློ་བུར་བའི་ཆོས་ཀྱིས་སྟོང་པའི་སྒང་ལ་བསམ་བློ་བཏང་ན། གཞན་སྟོང་ལ་གོ་བ་བསླེབ་ཐུབ་ཀྱི་ཡོད་པ་རེད། གསང་བ་འདུས་པའི་ཆོས་སྐད་ནང་ལ་ཆ་བཞག་པ་ཡིན་ནའང་། གཞན་སྟོང་གི་གོ་བའི་སྟེང་ནས་སྟོང་པ་དང་པོ། སྟོང་པ་གཉིས་པ། སྟོང་པ་གསུམ་པ་བྱས་ཏེ་སྟོང་པ་བཞིའི་རྣམ་གཞག་གསུངས་ཡོད་པ་དེ་དག་གོ་བ་གཞན་སྟོང་སྒང་ལ་སླེབས་ཀྱི་འདུག དེ་འདྲ་ཡིན་དུས་སྔོན་གྱི་བླ་མ་ཚོས་ཐ་སྙད་གསུང་སྟངས་དེ་དགོངས་པ་གང་འདྲ་ཞིག་བཞེས་འདུག དེ་གཉིས་གཅིག་བསྡུར་ན་གང་འདྲ་ཞིག་གི་སྒང་ལ་སླེབས་ཀྱི་འདུག བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་པ་ལྟ་བུ་རེད།
 

<<དབུ་མ་པ་གཞན་རྣམས་ཀྱིས་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཚུལ་ལ་དཔྱད་པ།>>

ཁོ་བོས་བརྟགས་ནས་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་ཀྱིས་གསུང་སྟངས་ལ་སྐབས་མི་འདྲ་བ་གཉིས་འདུག་སྙམ་སྟེ། གཅིག་ནི་མྱུ་གུ་ལ་སོགས་པ་དེ་ཁོ་ན་ཉིད་དུ་གྲུབ་མིན་དཔྱོད་པའི་རིགས་པས་མ་ཁེགས་པའི་ཆོས་གང་ཡང་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཐ་སྙད་ཚད་གྲུབ་མི་བཞེད་པ་དང་། ཅིག་ཤོས་ནི་དེ་ལྟ་བུའི་སྐབས་མ་་ཕྱེད་པར་ལུགས་འདིར་ཐ་སྙད་ཚད་མས་གྲུབ་པའི་ཆོས་གཏན་ནས་མེད་པར་འདོད་པ་གཉིས་འདུག་སྙམ་ཞིང་། སྔ་མའི་དབང་དུ་བྱས་ནས་ཐ་སྙད་ཚད་གྲུབ་བཞེད་མཁན་དང་ཁྱད་པར་དེ་ཙམ་མེད་པར་མངོན་པ་སྟེ། རྗེ་བདག་ཉིད་ཆེན་པོས་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དུ། དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པ་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་དང་། མི་ཕམ་རིན་པོ་ཆེའི་ཤེར་འགྲེལ་ཀེ་ཏ་ཀར། འོ་ན། རྣལ་འབྱོར་པ་དང་ཕལ་པ་གཉིས་ཀ་ལ་ཐུན་མོང་དུ་སྣང་བའི་དངོས་པོ་འདི་ལ་ཅི་ཞིག་རྩོད་སྙམ་ན། སྣང་བའི་དངོས་པོ་ཙམ་ལ་ཡོད་མེད་དུ་རྩོད་པ་མིན་ཏེ། སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུ་ཡང་མེད་དོ། ཞེས་དང་།
མི་ལའི་ལྟ་མགུར་དུ་ཡང་། ཁྱེད་བློ་དམན་རྣམས་ཀྱི་བློ་ངོ་དང་།། བསྟུན་ན་ཀུན་མཁྱེན་སངས་རྒྱས་ཀྱིས།། ཐམས་ཅད་ཡོད་ཅེས་གསུངས་པ་ཡིན།། དོན་དམ་བདེན་པའི་དབང་དུ་ནི།། བགེགས་པས་སངས་རྒྱས་ཉིད་ཀྱང་མེད།། ཞེས་དང་། ཚད་མ་རིགས་གཏེར་གྱི་བར་སྐབས་ཚིགས་བཅད་ལས། རིགས་པས་བརྟགས་ན་མེད་བཞིན་དུ།། ད་དུང་ཕལ་ཆེར་ཡུལ་དུ་ཞེན།། སོར་མོའི་རྩེ་མོས་བསྟན་པ་ན།། ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ།། ཞེས་གསུངས་པའི་ཕྱིར་རོ།། འོན་ཏེ། རྗེས་ལམ་རིམ་ལྷག་མཐོང་ཆེན་མོར། དེ་བཞིན་དུ་འཕགས་པའི་མཉམ་གཞག་གིས་ཀྱང་གཟུགས་སོགས་ཀྱི་སྐྱེ་འགག་མ་གཟིགས་པ་ཡིན་གྱི། དེས་སྐྱེ་འགག་མེད་པར་གཟིགས་པ་ག་ལ་ཡིན། རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་ཀྱང་སྐྱེ་བ་ལ་སོགས་པ་མ་རྙེད་པ་ཡིན་གྱི། སྐྱེ་འགག་སོགས་མེད་པར་མཇལ་བ་མིན་ནོ།།

དེའི་ཕྱིར་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་དང་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཀྱིས་སྐྱེ་འགག་མ་གཟིགས་པ་དང་མེད་པར་གཟིགས་པ་གཉིས་དང་། རང་བཞིན་ཡོད་མེད་དཔྱོད་པའི་རིགས་ཤེས་ཀྱིས་སྐྱེ་འགག་མ་རྙེད་པ་དང་སྐྱེ་འགག་མེད་པ་རྙེད་པ་གཉིས་མ་ཕྱེད་པར་གཅིག་ཏུ་བཟུང་བ་འདིས་ད་ལྟ་བ་རྣམས་ལྟ་ཅི་སྨོས་ཏེ། སྔོན་གྱི་མཁས་པ་འགའ་རེ་ལའང་འཁྲུལ་པ་བསྐྱེད་སྣང་བས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཞིབ་ཏུ་དཔྱོད་ལ་དེ་དག་ཕྱེད་པར་གྱིས་ཤིག། ཅེས་གསུངས་པས་མྱུ་གུ་ལ་སོགས་པ་ཆོས་ཅན་ཀུན་རྫོབ་པ་རྣམས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་བཙལ་བའི་ཚེ་མ་རྙེད་པ་ཡིན་པར་བཞེད་ཀྱང་། རིགས་པ་དེས་མྱུ་གུ་སོགས་ལ་མི་གནོད་པའི་ཁྱད་པར་བཞེད་པ་འདི་ཡང་ཤེས་དགོས་སྙམ་སྟེ། གང་ལྟར་ཆོས་ཅན་མྱུག་སོགས་རྣམས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་བཙལ་བའི་ཚེ་མ་རྙེད་པ་དང་ཐ་སྙད་པའི་ཚད་མས་མ་གྲུབ་པ་ཙམ་ལ་་ནི་ཁྱད་པར་མེད་དོ།། ཕྱི་མ་ནི་དེ་ལྟ་བུའི་སྐབས་གང་ཡང་མ་ཕྱེད་པར་ཐད་ཀར་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཐམས་ཅད་སྟོང་པ་ཉིད་དང་། སྤྲོས་བྲལ། དེའི་ལུགས་ལ་དངོས་འགལ་གྱི་རྣམ་གཞག་སོགས་མི་བཞེད་པ་འདི་རེད།

འདི་ལ་ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ངེས་ཤེས་སྒྲོན་མེར། ལྟ་བའི་དངོས་གཞི་སྐྱོང་བའི་དུས།། ཁ་ཅིག་ཅི་ཡང་མི་འཛིན་ཟེར།། ཅིར་ཡང་མི་འཛིན་ཞེས་པའི་དོན།། ལེགས་པར་རྟོགས་དང་ལོག་རྟོག་གཉིས།། དང་པོ་མཐའ་བཞིའི་སྤྲོས་བྲལ་ཏེ།། འཕགས་པའི་ཡེ་ཤེས་ཀྱི་མདུན་ན།། གང་ཡང་གནས་པ་མེད་མཐོང་ནས།། འཛིན་སྟངས་ངང་གིས་ཞིག་པ་སྟེ།། སྟོང་གསལ་མཁའ་ལ་ལྟ་དང་མཚུངས།། གཉིས་པ་དྲན་མེད་ཧྭ་ཤང་ལུགས།། མ་དཔྱད་ཙེ་ནེར་བཞག་པ་ཡིས།། ལྷག་མཐོང་གསལ་བའི་ཆ་མེད་པར།། མཚོ་གཏིང་རྡོ་བཞིན་ཐ་མལ་གནས།། དཔེར་ན་ཅི་ཡང་མེད་ཅེས་པ།། དབུ་མས་མེད་པར་མཐོང་བ་དང་།། གཟུགས་མེད་མེད་པར་མོས་པ་ལྟར།། ཚིག་ཙམ་མཚུངས་པ་འདི་དག་ཀྱང་།། དོན་ལ་མི་མཚུངས་གནམ་ས་བཞིན།།
རྒྱ་ནག་ཧྭ་ཤང་གིས་ནི་དེ་ཁོ་ན་ཉིད་ལ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་ད་གཟོད་སྤྲོས་བྲལ་དང་ཅི་ཡང་མེད་ཀྱི་རྣམ་གཞག་མི་བྱེད་པར་དྲན་མེད་འཐོམ་མེར་མི་རྟོག་པ་ཙམ་སྐྱོང་བས་རྗེའི་གསུང་དུ་དགག་བཞག་གནང་སྐབས་འདི་ལྟར་ཕྱོགས་སྔ་སྨྲ་བ་པོའི་འདོད་ཚུལ་ལ་སྔ་ཕྱི་གཉིས་འདུག་སྙམ་པ་ནི། ལམ་རིམ་ལྷག་མཐོང་ཆེན་མོ་མཇལ་སྐབས་སུ་འཆར་བའི་སྣང་ཚུལ་ཙམ་ལས་མཐའ་ཆོད་པའི་མཁས་པའི་བཞེད་རྒྱུན་དེ་འདྲ་མེད་པས་མུ་མཐུད་དེ་དཔྱད་དགོས་པར་འདུག་གོ།

འོག་ཏུ་ཁོ་བོས་ཐ་སྙད་ཚད་གྲུབ་མི་བཞེད་མཁན་གྱི་བཞེད་པ་འགའ་ཁུངས་སུ་དྲངས་པ་དག་ཀྱང་འདིར་བཀོད་པའི་བཞེད་པ་སྔ་མ་ལས་ཕྱི་མ་ནི་འོང་དོན་མེད་ལ་རྗེས་ཧྭ་ཤང་གི་ལྟ་བ་དང་ཁྱད་མེད་དུ་ཐལ་བའི་སྐྱོན་བརྗོད་ཡུལ་ནི་མཐའ་བྲལ་དབུ་མའི་ཚུལ་འཛིན་པ་དག་ཀྱང་བར་བར་དུ་འོངས་པའི་ཧྭ་ཤང་གི་རྗེས་འབྲང་པ་དག་ཡིན་པར་སེམས། སྤྱིར་ན་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་རྗེས་སུ་དེའི་སྲོལ་ལུགས་གཏན་མེད་དུ་ཟད་པ་ལྟ་བུར་མངོན་ཡང་། འགའ་ཞིག་སུལ་དུ་ལྷག་སྟེ་དེའི་སྲོལ་ལུགས་སྨྲ་བའི་སྐབས་ཡོད་ཆོག་པར་རྒྱུ་མཚན་མེད་པ་ག་ལ་ཡིན་སྙམ།

འོ་ན་བོད་སྔ་མ་རྣམས་ཀྱིས་ཐལ་འགྱུར་བའི་ལུགས་ལ་མཐར་ཐུག་གི་དགོངས་པ་ཇི་ལྟར་བཞེད་མིན་རགས་ཙམ་གླེང་ན། དེ་ཡང་ཀུན་མཁྱེན་མི་ཕམ་རིན་པོ་ཆེས། འོན་ཀྱང་གནས་ལུགས་མཐར་ཐུག་པའི་དབང་དུ་ན་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མེད་པ་ཞེས་ཡོད་པ་དང་མེད་པའི་མཚན་ཉིད་གཉིས་སོ་སོར་ཕྱོགས་སུ་ཆད་དེ་གནས་པ་མ་ཡིན་ཏེ། གང་སྣང་བའི་གཟུགས་ལ་སོགས་པ་འདི་ཉིད་སྟོང་ཞིང་། གང་སྟོང་བཞིན་པ་དེ་ཉིད་གཟུགས་སོགས་སུ་སྣང་བ་ཡིན་པས་ན་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་མ་བྱས་པ་དེ་སྲིད་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་པས། དཔལ་ལྡན་ཟླ་བ་དང་ཞི་བ་ལྷ་ལ་སོགས་པ་ནི། དང་པོ་ནས་མཐའ་བཞི་བྲལ་བའི་ཡེ་ཤེས་སོ་སོ་རང་རིག་པ་ཉིད་རྩལ་དུ་འདོན་པར་མཛད་དེ། འདི་ལྟར་ཀུན་རྫོབ་ཏུ་རང་མཚན་གྱིས་གྲུབ་པ་དེའང་བཀག་པས་བདེན་གཉིས་སོ་སོར་འཛིན་པ་ཁེགས་ཏེ་སྣང་སྟོང་ཟུང་དུ་འཇུག་པར་འགྱུར་བས་དོན་དམ་པའི་གནས་ཚུལ་ལ་རྗེས་སུ་སོན་པའི་ལྟ་བ་ཁས་ལེན་ཀུན་བྲལ་དུ་སོང་བའི་གནད་ཀྱིས་ཡོད་པ་དང་མེད་པའི་ཕྱོགས་ཐམས་ཅད་ཐལ་འགྱུར་གྱིས་འཇིལ་བར་མཛད་པ་དེའི་ཕྱིར་ཐལ་འགྱུར་བ་ཞེས་མཚན་དུ་ཆགས་སོ།།

ཞེས་གནས་ལུགས་མཐར་ཐུག་གི་དབང་དུ་བྱས་པའམ་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་ངོར་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཀུན་དང་བྲལ་དགོས་པར་གསུངས། སྔར་བཤད་པ་ལྟར་འདིར་མི་ཕམ་རིན་པོ་ཆེས་ཀྱང་གང་སྣང་བའི་གཟུགས་ལ་སོགས་པ་འདི་ཉིད་སྟོང་ཞིང་། གང་སྟོང་བཞིན་པ་དེ་ཉིད་གཟུགས་སོགས་སུ་སྣང་བ་ཡིན་པས་ན་ཞེས་གསུངས་པས་གཞི་གཟུགས་ལྟ་བུ་ཆོས་ཅན་ཇི་སྙེད་པ་གཅིག་གི་སྟེང་དུ་བདེན་པ་གཉིས་སོ་སོར་མ་གྲུབ་པར་བཞེད་པ་གསལ་པོ་རེད། དེ་བས་བདེན་གཉིས་འཇོག་ཚུལ་མི་འདྲ་བ་འདི་ནི་ཐ་སྙད་ཚད་གྲུབ་ཀྱི་དགག་བཞག་ཀུན་གྱི་གཞི་ཡིན་པར་རྟོགས་རྒྱུ་གལ་ཆེ། འདི་ནི་མཉམ་མེད་བཀའ་བརྒྱུད་ཀྱི་མཁས་པ་དག་གིས་ཀྱང་བཞེད་ཀྱི་འདུག་སྙམ་པ་སྟེ། དྭགས་བརྒྱུད་སྒྲུབ་པའི་ཤིང་རྟར། དབུ་མ་ཐལ་འགྱུར་བ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་རྣམས་དོན་ལ་མི་སྟོང་པ་ལ་བློས་སྟོང་པར་བསྒོམ་པ་ལྟ་བུ་རྣམ་རྟོག་གིས་བཟོས་པའི་སྟོང་ཉིད་ཀྱང་མ་ཡིན། ཐོ་བས་བུམ་པ་བཅོམ་པ་ལྟར་མ་དཔྱད་ན་མི་སྟོང་པ་ལ་རིགས་པས་དཔྱད་ན་སྟོང་པར་སོང་བ་ཡང་མ་ཡིན།

དེ་བཞིན་དུ་འཕགས་པའི་ཡེ་ཤེས་མ་སྐྱེས་པའི་ཚེ་ན་མི་སྟོང་ལ། སྐྱེས་ན་སྟོང་པར་སོང་བ་ལྟ་བུ་ཡང་མ་ཡིན། མར་མེ་ཤི་བ་ལྟ་བུའི་སྔར་ཡོད་པ་ཕྱིས་མེད་པར་འགྱུར་བ་ཡང་མ་ཡིན། བུམ་པ་ཆུས་སྟོང་པ་ལྟ་བུ་དགག་བྱ་དོན་གཞན་གྱིས་སྟོང་པ་ཡང་མ་ཡིན། རིང་བོང་གི་རྭ་ལྟ་བུ་གཏན་ནས་མེད་པ་ཡང་མ་ཡིན་ཏེ། དེ་དག་ནི་རང་གི་ངོ་བོས་མི་སྟོང་ཞིང་། བློས་དཔྱད་པའི་སྟོང་ཉིད་དང་། ཆད་པའི་སྟོང་ཉིད་དང་། ཉི་ཚེ་བའི་སྟོང་ཉིད་ཡིན་པས་ཐར་ལམ་གྱི་རྟེན་དང་སྒྲིབ་གཉིས་ཀྱི་གཉེན་པོར་མི་རུང་བའི་ཕྱིར་རོ།། འོ་ན་ཅི་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་འདི་དག་ཐམས་ཅད་གདོད་མ་ནས་ཡོད་མེད་ལ་སོགས་པའི་མཐའ་བཞི་དང་། སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་དང་། རྟག་མི་རྟག་ལ་སོགས་པའི་མཐའ་བཅུ་བཞི་དང་། སྟོང་མི་སྟོང་དང་བདེན་རྫུན་ལ་སོགས་སྤྲོས་པའི་མཐའ་གང་དུ་ཡང་མ་གྲུབ་པས་སྟོང་པ་ཉིད་དང་། དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་ལ་སོགས་པར་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ།། དེ་ནི་ཐར་ལམ་གྱི་རྟེན་དང་སྒྲིབ་པའི་གཉེན་པོར་རུང་སྟེ། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་རྣམས་ནི་དངོས་པོ་ལ་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ལ། རྣལ་འབྱོར་པས་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པ་ན་དངོས་པོ་ལ་མངོན་པར་ཞེན་པ་མཐའ་དག་བཟློག་པའི་ཕྱིར་རོ།། ཞེས་གསུངས།

འདི་དང་འདྲ་བ་དཔལ་ས་སྐྱ་པས་ཀྱང་བཞེད་པ་འདྲ་སྟེ། ཀུན་མཁྱེན་གོ་རམས་པའི་ལྟ་བའི་ཤན་འབྱེད་དུ། དབུ་མའི་དོན་ནི། ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། མཐར་འཛིན་པ་དང་མཚན་མར་འཛིན་པ་ཐམས་ཅད་སྤོང་དགོས་ལ། དེ་ལ་ཐོག་མ་མར་བདེན་པར་འཛིན་པའི་ཡུལ་གྱི་བདེན་པ་མ་བཀག་ན་མཐར་འཛིན་ཕྱི་མ་རྣམས་དགག་ཏུ་མེད་པས། གཅིག་དུ་བྲལ་ལ་སོགས་པའི་རིགས་པ་རྣམས་ཀྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་མེད་དུ་གཏན་ལ་དབབ་པར་བྱ་དགོས། ཞེས་གསུངས་པའི་ཕྱིར།

དཔྱད་རྩོམ།

Post navigation

Previous Post: ཕ་སྐད། འབོར་གྱིན་པའི་ངའི་བླ་སྲོག
Next Post: ལོ་ངོ་ཉི་ཤུའི་རྗེས་ཀྱི་ངའི་ཕ་ཡུལ་ཁ་སྒང་།

Comments (18) on “<>”

  1. བསམ་ཤེས། says:
    2014-06-25 at 11:52 am

    བགྲོ་གླེང་ལྕི་པོ་དང་། ཀླད་པ་ཟབ་མོ་གཏོང་དགོས་པའི་ནང་དོན་རེད། ག་ལེར་ཀློག་བཞིན་ཡོད། ལན་རྗེས་མ་སྟེར་གྱི་ཡིན།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-06-25 at 10:01 pm

    ཐ་སྙད་ཚད་གྲུབ་འཇིག་རྟེན་གྲགས་པར་བསྟུན། །
    ཐ་སྙད་བདེན་གྲུབ་གྲུབ་མཐའ་གོང་མར་བཀག །

    ཐ་སྙད་ཚད་མར་གྲུབ་པས་རྒྱུ་འབྲས་ཐད། །
    ཐ་སྙད་བདེན་སྟོང་ཡིན་པས་བདེན་འཛིན་བཀག །

  3. བསམ་ཤེས། says:
    2014-06-26 at 11:57 am

    ཞིབ་པར་བཀླགས་པ་ཡིན། དཔྱད་པ་འདི་འདྲའི་ཟབ་མོ་ཞིག་རེད་མིན་འདུག གཟུ་བོར་གནས་ཐུབ་མིན་འདུག རྗེ་རིན་པོ་ཆེ་སྔ་མའི་ནམ་མ་ལངས་གོང་ནས་ཕྱི་མའི་གོ་རམས་པ་དང་། སྟག་ཚང་ལོ་ཙ་བ་དང་། མི་ཕམ་པ་སོགས་ཀྱི་ཉི་མ་ཤར་འདུག དགོད་བྲོ་པོ་འདུག

    སྐྱོན་ཆེན་པོ་གསུམ་ཏེ།

    དང་པོ། རྗེ་རིན་པོ་ཆེའི་ཐ་སྙད་ཚད་གྲུབ་ཀྱི་གོ་བ་གཏིང་ཟབ་པོ་མི་ལོན་པའི་དབང་གིས། འགྲེལ་བཤད་གསལ་པོ་བརྒྱབ་ཐུབ་མིན་འདུག དེར་བརྟེན་ནས་ཕྱི་མའི་རྒོལ་བ་རྣམས་རྒྱས་བཤད་རྒྱས་འགྲེལ་གྱིས་སྔ་མའི་འདོད་ཚུལ་ཆ་ཚང་བ་བཏོན་མིན་འདུག

    གཉིས་པ། ཕྱི་མའི་ཐ་སྙད་ཚད་གྲུབ་མི་བཞེད་མཁན་ཚོའི་སྐྱོན་ཇི་ཡོད་དང་མཁས་པ་དེ་དག་གི་ལྟ་བའི་བཞེད་པར་སྐྱོན་ཇི་ཡོད་སྦས་པ་ལྟ་བུ་འདུག དཔེར་ན། སློབ་དཔོན་སངས་རྒྱས་སྐྱངས་ཀྱི་བུ་ཏ་པ་ལི་ཏའི་གཞུང་ལ་གཟིགས་ན། གོ་རམས་པའི་རྩོད་པ་རྣམས་རང་བཞིན་གྱིས་ཁེགས་ཡོད།

    གསུམ་པ། གོ་རམས་པ་དང་ཕྱི་མའི་མཁས་དབང་རྣམས་ཀྱི་དྭོགས་དཔྱོད་ལ་སེར་ར་རྗེ་བཙུན་དང་། པན་ཆེན་ཆོས་རྒྱན། རོང་ཐ། དེ་བཞིན་དཔའ་རིས་རབ་གསལ་སོགས་ཀྱིས་རིགས་པ་ཕྲ་མོ་བཏང་ནས་མཁས་དབང་དེ་དག་གི་དགོངས་པའི་སྐྱོན་གསལ་བར་བཏོན་པ་རྣམས་བཤད་མིན་འདུག གོང་གི་སྐྱོན་ཆ་དེ་དག་གི་དབང་གིས། ལྟ་བའི་གནད་གསལ་པོ་དང་གཏིང་ཚུགས་པོ་ཞིག་ལོན་མིན་འདུག

    ཞིབ་ཕྲའི་ལན་ཞིག་དུས་ཚོད་བྱུང་ན་འབུལ་བར་བྱའོ།

  4. བཀྲ་ཤིས། says:
    2014-06-26 at 1:13 pm

    གཟུ་བོར་གནས་ཐུབ་མིན་འདུག རྗེ་རིན་པོ་ཆེ་སྔ་མའི་ནམ་མ་ལངས་གོང་ནས་ཕྱི་མའི་གོ་རམས་པ་དང་། སྟག་ཚང་ལོ་ཙ་བ་དང་། མི་ཕམ་པ་སོགས་ཀྱི་ཉི་མ་ཤར་འདུག དགོད་བྲོ་པོ་འདུག། ཅེས་བརྗོད་སྟངས་འདི་ལ་བལྟས་ན་བསམ་ཤེས་ཟེར་བ་ཁོ་རང་བློ་གཟུ་བོར་གནས་རྒྱུ་ཕར་ཞོག། ཆོས་ལུགས་ཀྱི་ཕྱོགས་ཞེན་ནམ་ཆགས་སྡང་ཆེན་པོ་ཡོད་པའི་རྟགས་གསལ་པོ་རེད། མཁས་མཆོག་མི་ཕམ་རིན་པོ་ཆེའི་མཛད་པའི་གཞུང་རྣམས་མཇལ་དང་ཉི་མ་ཤར་ཤར་པ་རེད། དེ་ལ་དགོད་བྲོ་པོ་འདུག་ཟེར་བ་དེ་དགོད་བྲོ་པོ་རེད།

  5. དོན་འགྲུབ says:
    2014-06-26 at 6:32 pm

    གོང་དཀར་ངག་རྣམ་པས་དཔྱད་པ་ཡག་པོ་གནང་འདུག ཐུགས་རྗེ་ཆེ། ལུང་དོན་རྣམས་སླར་ཡང་དཔྱད་ཞིབ་གནང་སྟེ་སྐབས་སོ་སོའི་དོན་མ་འཕྱུག་པའམ་ཡོ་གཟུར་མེད་པ་གནང་གལ་ཆེ་སྟེ། དཔེར་ན། རྗེའི་བདེན་གཉིས་ངོ་བོ་འཇོག་ཚུལ་དང་གོ་རིམས་པ་དང་ཀུན་མཁྱེན་མི་ཕམ་པ་སོགས་ཀྱི་གཞི་གཅིག་བློ་མི་འདྲ་བ་གཉིས་ལ་ལྟོས་ཏེ་བདེན་གཉིས་གསུངས་བ་མཉམ་སྦྱར་བྱེད་པ་ལྟ་བུའོ། རྗེས་ཀྱང་གོ་རིམས་པ་སོགས་ཀྱི་འདོད་པ་དེ་ཙམ་འདོད་དེ། ཐལ་འགྱུར་བའི་ངོ་བོ་ཉིད་གསུམ་ཐུན་མོང་མ་ཡིན་པའི་ཐད་ནས་ཀྱང་གསལ་བས་སོ།། སྤྱིར་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་སྔ་ཕྱི་ཀུན་མཐུན་པས་མང་བོ་ཞིག་བཤད་པ་ཚིག་ཚོགས་ཆེ་བ་ཙམ་དུ་ཟད། ཐ་སྙད་ཚད་མ་འཇོག་ཚུལ་ནི། སྨྱུ་གུ་སོགས་ཀུན་རྫོབ་པའི་དངོས་པོ་རྣམས་ཀུན་རྫོབ་ཀྱི་བློ་ཞིག་གིས་རྟོགས་ཏེ་འཇོག་པ་རང་འོས་ཏེ། དཔེར་ན།ཁ་དོག་དང་དབྱིབས་ནི་མིག་ཤེས་ཀྱིས་ངོས་འཛིན་བྱ་བ་རང་འཐད་ཀྱང་། སྣ་དང་རྣ་ལུས་ཀྱི་ཤེས་པས་འཇོག་ནུས་དང་མི་ནུས་འབྲེལ་བ་མེད། དེ་བཞིན་དུ་ཐ་སྙད་པའི་ཆོས་རྣམས་ཐ་སྙད་ཀྱི་ཤེས་པ་རང་གིས་འཇོག་པ་དེ་ག་ལས། དེ་ལ་བདེན་རྫུན་བརྟག་པའི་བློ་ཞིག་མི་དགོས་ལ། དགོས་དབང་དུ་བཏང་ན་སྨྱུ་གུ་སོགས་ཐ་སྙད་ཙམ་ལས་བརྒལ་ཟིན་པ་དང་། གནས་ལུགས་གཞན་ཞིག་གི་སྟེང་དུ་ཤོར་བ་ཡིན་པས་ཐ་སྙདཚད་མ་ཡོད་ཟེར་བའི་ས་མཚམས་ཏག་ཏག་ཟིན་དགོས། མེད་པའི་དོན་ནི་ཉམས་བཞག་གི་ངོར་ཡིན་པས་དེ་ཐམས་ཅད་ལ་ཁྱབ་པའི་སྐབས་ཡོད་ཀྱང་། ཐད་ཀ་ཐད་སོའི་འཇོག་ཚུལ་ལྟར་བྱས་ན་ཁྱབ་ཆེ་བའི་སྐྱོན་ཡོང་བར་བཤད་ཡོད། འོན་ཀྱང་ཉམས་བཞག་གམ་དོན་དཔྱོད་ཀྱི་ངོ་ན་གང་ཡང་མེད་པ་ནི་ཐ་སྙད་ཚད་མ་འདོད་མི་འདོད་གཉིས་ཀ་ཁྱད་པར་མེད་དོ། ལམ་རིམ་ལས་ཐ་སྙད་འཇོག་པ་དེ་ལ་ཀུན་མཁྱེན་གོ་རམས་པས་ཞེས་དོན་དཔྱོད་ཀྱིས་དཔྱད་པའི་དབང་དུ་བྱས་ནས་མི་འདོད་ཚུལ་བྱེ་བྲག་ཏུ་བགར་ཡང་ཐ་སྙད་མི་འདོད་པ་ཐམས་ཅད་མཚུངས་པས་སོ།། རང་རྒྱུད་ཀྱི་རྟགས་དང་དབུ་མར་ཁས་ལེན་མེད་པ་གཉིས་རྗེ་ལྟར་ན་དོན་གཅིག་ཏུ་སོང་ཡོད་དེ། རང་རྒྱུད་ཀྱི་རྟགས་ནི་རང་མཚན་གྱིས་གྲུབ་པ་ལ་ཐུག་ཅིང་། རང་མཚན་གྱིས་གྲུབ་པའི་རྣམ་གཞག་དེ་འདྲའི་ཁས་ལེན་དབུ་མ་བར་མེད་ཅེས་པའོ།། ཞིབ་པར་རྩོད་བཟློག་སོགས་ན་གསལ་བ་དེ་ལྟར་ནའང་། ཐ་སྙད་ཁས་མ་བླངས་པའི་དབང་གིས་ཡོད་ཚད་ལ་ཁས་ལེན་མེད་ཟེར་དགོས་ཐུག་པར་རྗེའི་རྗེས་འབྲང་རྣམས་ཟེར། གང་ལྟར་དགོངས་གསལ་གྱི་བུམ་པ་བུམ་པ་ཡིན་ལ། དེ་ལ་དེ་ཡོད་གསུངས་པ་དེ་ལ། ཀུན་མཁྱེན་མི་ཕམ་པས་འཇུག་འགྲེལ་སོགས་སུ་རྩོད་པ་ཞིབ་མོར་གནང་འདུག་པ་དེ་རེད། ཚིག་སྟེང་ནས་དཔྱད་པ་ཙམ་ཡང་དཀའ་བས་དོན་ལྟ་ཅི། ཐ་སྙད་ཚད་མ་འདོད་མི་འདོད་པའི་གནད་ནི་བདེན་འཛིན་གྱི་དབང་གིས་སྣང་བ་དང་བདེན་འཛིན་ལ་སྣང་བ་གཉིས་ཀྱི་ཁྱད་པ་ལས་བྱུང་བ་དང་། དེ་ཡང་གཉིས་ཀས་འཇིག་རྟེན་རྣམ་ཀུན་ཚད་མིན་ཞེས་སོགས་གསུངས་པར་གཏུགས་པ་ཞིག་གོ།

  6. གནམ says:
    2014-06-26 at 9:42 pm

    སྟག་པ་སེར་པོ། གནས་ཚུལ་འདི་འདྲ་ཡོད་ན། མཆན་ཆག་ཞིག་གིས་ཅི་ཡོང་ནི་མ་རེད། རྟོག་ཞིབ་ནན་པོ་ཡོད་པའི་རྩེད་གཅོད་ཀྱི་བདེན་དཔང་དགོས་བ་རེད། དེ་མེད་ན། འཆལ་གཏམ་རེད། ཡ་བྱེད་འདོད་རུང་། མཐའ་དོན་གསལ་ཡ་མེད་པའི་གྱོད་ཁ་རེད།
    རང་ལ་འབབ་རྒྱུ་མེད། གཞན་གྱི་མཚན་ལ་གནོད་པའི་ལས་མ་བརྩམ་ན་དགའ། དེ་འདྲ་ཡིན་གཅིག་བྱེད་ན། རྒྱལ་ཁ་ཡོད་པའི་མཐའ་ཁ་ཞིག་ཡོད་དགོས་བ་རེད། དེ་ནི། རྒྱ་རི་དང་གདོང་གཏུག་དགོས་བ་རེད། དེ་མིན་ན། རྒྱ་རི་ལ་ཕྱག་འཚལ་དགོས་རེད། དེ་ཙམ་ཡིན།

  7. བསམ་ཤེས། says:
    2014-06-27 at 11:09 am

    བཀྲ་ཤིས་ལགས་ཀྱི་མཆན་༤པར་གླེང་བ། ཁྱེད་མི་རིག་པ་སྤྱང་པོ་མི་ཕམ་གྱི་གསུང་གོ་བ་ལེན་ཐུབ་མཁན་ཞིག་གིས་ངའི་རྒྱུད་མི་རྟོག་པ་འདི་ཅུང་ཐབས་སྐྱོ་པོ་བྱུང་། ང་བསམ་ཤེས་ཕྱོགས་བཞེན་དང་ཆོས་ལུགས་ཀྱི་ཆགས་སྡང་མེ་ལྟར་འབར་བ་ཚང་མས་ཤེས་ཀྱི་ཡོད་ལ། ཚང་མས་དམའ་འབེབ་གཏང་ཡུལ་གྱི་མི་ཞིག་ཡིན་པར་ཁྱེད་དེ་ལ་ཧ་ལས་དོག་བྱེད་པ་འདི་ཅུང་སྐྱོ་པོ་བྱུང་།

    གཞན་གླེང་རྒྱུ་ཞིག་ལ།

    སྔ་མའི་ནམ་མི་ལང་བར་ཕྱི་མའི་ཉི་མ་ཤར་སྟངས་འདི་འདྲ་རེད། རྗེ་རིན་པོ་ཆེའི་ཐ་སྙད་ཚད་གྲུབ་ཀྱི་མཚན་ཉིད་དང་། འགྲེལ་བཤད། གཞན་ལུགས་འགག་སྟངས། རྩོད་པ་སྤོང་སྟངས། དེ་བཞིན་རང་ལུགས་བཅས་ཆ་ཚང་ཞིབ་ཕྲ་བ་ཞིག་བྲིས། དེ་ནས་མཁས་པ་གཞན་གྱི་རྩོད་པ་དང་རྒོལ་བ་བྲིས་ན་ལུགས་མཐུན་རེད། ད་དུང་འདི་ལས་གཏིང་ཟབ་པར་འགྲོ་འདོད་ན། རྒོལ་རྩོམ་འདི་དག་ལ་མཁས་པ་རྗེས་མ་རྣམས་ཀྱི་རྩོད་པ་ཇི་ཡོད་འབྲི་ཐུབ་ན། དེ་བས་བགྲོ་གླེང་སྤུས་དག་ཡོང་ཐུབ་སྙམ།

    དེ་མིན་པར་སྔ་མའི་འདོད་པ་མཚན་དགུང་གི་གློག་ལྟ་བུ་འམ། ཡང་ན་ཐག་མཁན་གྱི་རེས་འཇོག་བཞིན། ཐན་ཐུན་ཞིག་བྲིས། དེའི་ལན་ལ་ཕྱི་མའི་རྒོལ་བ་ཐ་དག་ཐང་མ་བཞིན་སྤུངས་ན། རྗེས་འཇུག་རྣམས་ལ་འདིས་ཅི་ཕན། བསམ་བློ་འདི་ནས་ཐོངས་དང་།

    ང་ཚོ་བོད་རྒྱུད་ཀྱི་ནང་པ་རྣམས་ཕུང་སྟངས་འདི་འཐེན་ཁྱེར་དང་ཆགས་སྡང་ཡིན་གྱི་མཁས་པའི་ལྟ་བས་མིན། འདི་ཡང་ཆགས་ཡུལ་འདི་རང་གི་འདོད་པར་ཆགས། སྡང་ཡུལ་དེ་གཞན་གྱི་འདོད་པར་སྡང་བས་ཡིན།

    ང་རང་ལ་མཚོན་ན། ང་ཆགས་ཡུལ་འདི་རང་གི་འདོད་པ་སྟེ། རང་བདེ་རང་གྲགས་རང་ནོར་རང་རྒྱལ་རང་མཆོག་རང་འདོད་རང་གཤེད་དེ་དག་རེད། ང་རང་རྗེ་བླ་མ་ཙོང་ཁ་བར་ཆགས་པ་བསླེབས་པ་བྱུང་ན་ཤིན་དུ་ནས་དགའ་བ་སྐྱེས་མོད་ཀྱང་། བསོད་ནམས་དང་བསླབ་པ་དམན་པས་རྗེ་རིན་པོ་ཆེར་ཆགས་པ་དེ་ལྟར་མི་བསླེབས། རྗེ་རིན་པོ་ཆེར་ཆགས་པ་བསླེབས་ཚེ། ཁོང་གིས་སྲོག་ལྟར་བརྩི་བའི་བསླབ་པ་གསུམ་དང་། ངེད་བྱུང་བྱང་སེམས་ཡང་དག་ལྟ་བར་ཆགས་པ་བསླེབས་དགོས། འདི་བདག་ལ་མིན་འདུག་པས་རྗེ་རིན་པོར་ད་དུང་སེམས་གཏིང་ནས་ཆགས་པ་ཞིག་སླེབས་མེད་པ་བདེན་པ་རེད།

    ང་རང་ཀུན་མཁྱེན་གོ་རམས་པ་དང་དེ་བཞིན་ཀུན་མཁྱེན་མི་ཕམ་པ་རྣམས་ལ་སྡང་བ་ཞིག་སླེབས་ཡོད་མིན་བརྟག་པས་ན། ཁོང་རྣམས་ལ་སྡང་བ་ཞིག་མེད་ཚོད། རྒྱུ་མཚན་ནི། ང་རང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སྙིང་ཁོངས་རུས་པའི་གཏིང་ནས་མི་དགའ་མཁན་ཞིག་དང་སྐྲག་མཁན་གྱི་སྡར་མ་ཞིག་ཡིན། ཀུན་མཁྱེན་རྣམས་པས་སྐྱེ་རྒ་ན་འཆིའི་རྒྱུ་ལས་དང་དེའི་རྩ་བ་མ་རིག་པར་བཟློག་པའི་ལམ་སྟོན་དེ་སྐྱེ་རྒ་ན་འཆིའི་གཉེན་པོ་ངོ་མ་ཞིག་ཡིན་སྟབས། ཀུན་མཁྱེན་རྣམ་པར་སྡང་བའི་སྤོབས་པ་ལྟ་ཅི། གང་གི་གསུང་རེ་རེ་བཞིན་སྨན་ལྟ་བུར་བསྟེན་དགོས་པས། ཁོང་རྣམས་ལ་དད་པ་ཉིན་མོའི་སྐར་མ་ལྟ་བུ་ཞིག་འདུག

  8. བསམ་ཤེས། says:
    2014-06-27 at 11:17 am

    ངེད་བྱུང་བྱང་སེམས་་་་་་ངེས་འབྱུང་ལ་བཅོས་རོགས།

  9. གོང་དཀར་ངག་རྣམ། says:
    2014-06-27 at 1:24 pm

    ཐ་སྙད་ཚད་གྲུབ་ཀྱི་གནད་ལ་དཔྱོད་དུ་གཟུ་བོར་གནས་པ་གཅིག་པུས་མི་ཆོག་པར་མཐོང་རྒྱ་དང་བསམ་རྒྱ་ཡང་གང་འཚམ་ཡོད་དགོས་སྙམ། གཞན་གཞུང་ཆེན་མོའི་ནང་གསུངས་པའི་ཇོ་བཟང་ཞེས་པ་དེ་ཆགས་རྒྱུའི་ཉེན་ཁ་ཡོད་རེད།

  10. གོང་དཀར་ངག་རྣམ། says:
    2014-06-27 at 1:28 pm

    དཔྱོད་དུས་་་་ཞེས་བཅོས་རོགས།

  11. གོང་དཀར་ངག་རྣམ། says:
    2014-06-27 at 1:35 pm

    འོ་ན་འདི་ལ་གཅིག་གཟིགས་ན་གང་འདྲ་འདུག་གམ། ༥ <>
    གོང་དུ་ཐ་སྙད་ཚད་གྲུབ་བཞེད་མིན་གྱི་ཕྱོགས་གཉིས་སོ་སོར་གླེང་ཁུལ་ཡིིན་ནའང་དེ་ནི་དེ་དག་གི་བཞེད་པ་རྣམས་འགལ་ལྟག་སྤྲོད་ཀྱི་ཚུལ་དུ་གནས་པའི་ཚུལ་ལྟ་བུ་མིན་པར། མཐར་ཐུག་གི་དོན་ལ་ཇི་ལྟར་འཁྲིད་པའི་ཚུལ་མི་འདྲ་བ་ཡོད་པ་དེ་དག་ལས་བརྩམས་པའི་རྣམ་གཞག་རྣམས་རང་བློས་དཔགས་ཏེ་ཞུས་པ་ཙམ་ཡིན།
    དེ་དག་བཞེད་པ་གཅིག་པའི་རྒྱུ་མཚན་གཅིག་ནི། འོག་ཏུ་ཁུངས་འགོད་རྒྱུ་ལྟར་གངས་རིའི་ལྗོངས་ཀྱི་མཐའ་བྲལ་དབུ་མར་སྨྲ་བ་ཀུན་གྱིས་དོན་དམ་བདེན་པ་དངོས་པོ་རྣམས་ཀྱི་གནས་ལུགས་སུ་སྨྲ་བའི་ཚེ་རིགས་པས་དཔྱད་པའི་ཚེ་དང་འཕགས་པའི་མཉམ་གཞག་གི་གཟིགས་ངོ་ན་ཡོད་མེད་ཀྱི་སྤྲོས་པ་ཀུན་བྲལ་ཡིན་པའི་རྣམ་གཞག་བཞེད་ཚུལ་ལ་ཚིག་གི་ཁྱད་པར་ཙམ་མིན་པར་དོན་ལའང་བཞེད་པ་གཅིག་ཏུ་སྣང་བ་དང་། རྗེ་རིན་པོ་ཆེའི་ལྟ་བའི་གཞུང་རྣམས་ལས་དགག་གཞག་མཛད་པའི་ཕྱོགས་སྔ་སྨྲ་བ་པོ་དག་ནི་ཁོ་བོ་ལྟར་ན་ད་ལྟ་ང་ཚོའི་མིག་ལམ་དུ་ཡོད་པའི་རིས་མེད་ཀྱི་ཡིག་ཆ་མཛད་མཁན་དང་། མཁས་པའི་དབང་པོ་དག་འོང་དོན་གཏན་ནས་མེད་སྙམ་སྟེ། འདི་ཐམས་ཅད་ཀྱིས་སྤྲོས་བྲལ་ཀྱི་གནས་སྐབས་སམ་སྤྲོས་བྲལ་གྱི་ངོ་ན་སྨྲ་བསམ་བརྗོད་བྲལ་དང་། རྗེས་ཐོབ་ཀྱི་སྐབས་སམ་ཡང་ན་འཇིག་རྟེན་གྱི་ཐ་སྙད་དུ་ནི་འཕགས་པའི་བདེན་པ་བཞི་དང་ལས་འབྲས་ལ་སོགས་པ་བཞེད་པ་ཤིན་ཏུ་གསལ་བའི་ཕྱིར་རོ།

    དེ་ལྟར་ཡིན་པའི་ཁུངས་ཅུང་ཟད་ཞུས་ན་ནི། དེ་ཡང་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་གྱི་སྤྱི་དོན་ལས། དེས་ན་འཁོར་འདས་འཆིང་གྲོལ་གྱི་ཚུལ་རྣམས་མཉམ་བཞག་གི་ཡེ་ཤེས་ཀྱི་ངོ་ན་མི་གནས་ཀྱང་། རྗེས་ཐོབ་ཤེས་རབ་ཀྱི་གཞལ་བྱར་ཡོད་པ་དེས་ན་ཟླ་བའི་ཞབས་ཀྱང་ལམ་ལ་སློབ་ཚུལ་དང་འབྲས་བུ་སངས་རྒྱས་ཚུལ་རྣམས་བཞེད་ཀྱི་འཇིག་རྟེན་ཐ་མལ་པའི་སྣང་ངོ་ན་སྣང་བ་ཁོ་ན་ལས་དེར་མ་གྲགས་པ་ཐམས་ཅད་ཁས་མི་ལེན་ཏོ་ཞེས་མ་གསུངས་སོ་ཞེས་གསུངས་པའི་ཕྱིར་དང་། ཞེས་དང་། རྗེ་བཙུན་མི་ལའི་དབུ་མའི་ལྟ་མགུར་ལས་ཀྱང་། ཀུན་རྫོབ་བདེན་པའི་དབང་དུ་ནི།། འཁོར་བ་དང་ནི་མྱ་ངན་འདས།། ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས།། དེ་བཞིན་ཀུན་མཁྱེན་གོ་རམས་པས། ཀུན་རྫོབ་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་འཇོག་པའི་དོན་ཡང་གློ་བུར་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་རང་དགའ་བའི་བློ་ལ་སྣང་ཞིང་། སྣང་བ་ལྟར་རྗེས་ཀྱི་ཐ་སྙད་འདི་འདི་ཡིན་ནོ།། འདི་འདི་མིན་ནོ་ཞེས་ཐ་སྙད་ཇི་ལྟར་བྱེད་པ་ཙམ་ཞིག་ཁས་ལེན་པ་ཡིན་གྱི། དེ་ལས་གཞན་པའི་སྒྲུབ་བྱེད་མི་འཚོལ་བའོ།། ཞེས་གསུངས་སོ།།

    འོ་ན་འཁྲིད་ཚུལ་ལམ་གསུང་སྟངས་མི་འདྲ་བ་ཇི་ལྟར་ཡིན་སྙམ་ན་ནི། དེ་ཡང་དངོས་པོའི་གནས་ལུགས་སམ་དེ་ཁོ་ན་ཉིད་དཔྱོད་པའི་མཚམས་སམ་ཚད་་མི་འདྲ་བ་ཁོ་ནའི་དབང་གིས་ཡིན་སྙམ་སྟེ། རྗེ་བདག་ཉིད་ཆེན་པོས་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀྱང་ཐ་སྙད་པའི་ཆོས་ལ་མི་གནོད་པར་བཞེད་པའི་རྒྱུ་མཚན་གྱིས་དེ་ཁ་ཉིད་ལ་དཔྱོད་པའི་ཚད་དམ་མཚམས་ཀྱང་འདི་ལྟར་གཞི་མྱུ་གུ་ལྟ་བུ་བདག་ལས་མ་ཡིན་གཞན་ལས་མིན་ཞེས་སོགས་ཀྱིས་བསྟན་པའི་མཐའ་བཞི་པོ་གང་རུང་སྐྱེ་མི་སྐྱེ་དཔྱོད་པ་ནས་འཇོག་སྟེ། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན།། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ།། གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི།། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ།། ཞེས་སོགས་འགྲེལ་པའི་ཐད་དུ། འདིར་དཔྱད་མ་དཔྱད་ནི་དེ་ཁོ་ན་ཉིད་ལ་དཔྱད་མ་དཔྱད་ཡིན་ལ། དེ་ཡང་དཔྱོད་ལུགས་ཇི་ཙམ་ཞིག་ནས་དེ་ཁོ་ན་ཉིད་ལ་དཔྱད་པར་འགྲོ་བ་ཤེས་པ་གལ་ཆེ་བས་ཅུང་ཟད་བཤད་ན་ཐལ་འགྱུར་བའི་ལུགས་ཀྱིས་ནི། ཐ་སྙད་གདགས་པས་མ་ཚིམ་པར་མྱུ་གུ་སྐྱེ་ཞེས་པ་ལྟ་བུ་ལ། དེ་ལྟར་བཏགས་པའི་བཏགས་དོན་བདག་གམ་གཞན་ལས་སྐྱེ་ཞེས་ཚོལ་བ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ་ཞེས་གསུངས་པའི་ཕྱིར། རྩ་ཤེའི་རྣམ་བཤད་དུའང་འདི་དང་ཕྱོགས་འདྲ་བར་གསུངས་འདུག་གོ།

    འདིར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀྱང་ཐ་སྙད་པའི་ཆོས་ལ་མི་གནོད་པའི་རྒྱུ་མཚན་ཞལ་གྱིས་བཞེད་པ་ལ་བརྟེན་ནས་གནས་ལུགས་དཔྱོད་པའི་མཚམས་གཞན་དང་མི་འདྲ་བ་འདི་ལྟར་འོང་བ་ལ་རྒྱུ་མཚན་ཆེན་པོ་ཡོད་དེ། བཀྲ་ཤིས་གང་ནས་འོངས་གང་དུ་འགྲོ་ཞེས་སོགས་དཔྱོད་པ་ནི་དབུ་ཚད་གང་གི་ཡང་དེ་ཁོ་ན་ཉིད་ལ་དཔྱོད་ཚུལ་མིན་ཏེ། དེ་གཉིས་ཀས་མ་བརྟགས་མ་དཔྱད་པའི་རྣམ་གཞག་ཚད་མས་གྲུབ་པ་དུ་མ་འཇོག་དགོས་པས་སོ།། རྗེས་འཇུག་པའི་རྣམ་བཤད་དུ་(དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་ཀུན་རྫོབ་པ་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་གསུངས་པའི་གནད་ཀྱང་འདི་ལ་ཐུག་པ་གསལ་བར་མངོན་ནོ།།

    འདིར་ངེས་པར་མཁྱེན་དགོས་པ་ཞིག་ཡོད་པ་ནི། ཐལ་འགྱུར་བ་རང་ལུགས་ལ་དངོས་འགལ་གྱི་རྣམ་གཞག་དང་ཁས་ལེན་མེད་པར་གསལ་བའི་གཞུང་ཚིག་དུ་མ་ཡོད་པ་དག་གི་གོ་དོན་ལ་བསམ་སྐབས་དེ་དག་བདེན་གཉིས་ཀྱི་སྐབས་གང་ལ་གཞིར་བཞག་ནས་གསུངས་མིན་ཤེས་ཏེ་རྟོག་དཔྱོད་ལ་ཞུགས་པ་ལས་གཞན་པ་ཟེར་འདྲོགས་འབའ་ཞིག་ལ་འཕྱན་ན་ནི། དབུ་མ་ལྟ་བ་འཚོལ་བའི་བགེགས་ཆེན་པོ་འཁུར་དུ་བླངས་པ་རང་ཡིན་ནོ།། ད་བར་ཁོ་བོས་བལྟས་པའི་དབུ་མའི་གཞུང་མང་པོ་ཞིག་ནས་ཡོད་མེད་ཁས་ལེན་ཀུན་བྲལ་དང་། ཡང་ཐ་སྙད་ཀྱི་འཇུག་པ་ཀུན་བསྙོན་མེད་འཇོག་པའི་གནད་འགག་མང་པོ་ཞིིག་གླེང་བའི་ཚེ། དེ་དག་ལས་གནས་སྐབས་མི་འདྲ་བ་གསུམ་ཞལ་གྱིས་བཞེད་པ་འདི་ནི་གཅིག་ཤེས་ཀུན་གྲོལ་གྱི་གནད་དུ་འཁུམས།
    དེ་ཡང་དཔེ་མཚོན་གཅིག་ཞུས་ན། ངེས་པ་དོན་གྱི་མཧཱ་པཎྞི་ཏ་སྟག་ཚང་ལོ་ཙཱ་བ་ལྟ་བུས་གྲུབ་མཐའ་ཀུན་ཤེས་སུ་འདི་ལྟར་གསུངས་ཏེ། དེ་ཕྱིར་ཀླུ་སྒྲུབ་ཡབ་སྲས་སངས་རྒྱས་བསྐྱངས།། ཟླ་གྲགས་ཞི་བ་ལྷ་ཡི་གཞུང་མཆོག་ཀུན།། མ་དཔྱད་ཅུང་ཟད་དཔྱད་དང་ལེགས་པར་དཔྱད།། གནས་སྐབས་གསུམ་ལ་སྦྱོར་བར་ཁོ་བོས་རྟོགས།། ཐ་སྙད་མ་དཔྱད་འཇིག་རྟེན་ལྷན་སྐྱེས་ངོར།། དོན་དམ་ཅུང་ཟད་དཔྱད་པའི་རིག་ཤེས་ངོར།། སྤྲོས་བྲལ་ལེགས་པར་དཔྱད་པའི་བརྗོད་མེད་ངོར།། འདི་གསུམ་ལེགས་པར་ཤེས་དེ་དབུ་མ་ཆེ།། ཞེས་གསུངས་པའི་ཕྱིར།།

    དབུ་མ་པ་གཞན་རྣམས་ཀྱི་ལུགས་ལ་ནི་ཀུན་རྫོབ་རིགས་པས་མི་འགྲུབ་པ་དང་། དོན་དམ་སྨྲ་བསམ་བརྗོད་བྲལ་ཞེས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་མི་གནོད་པའི་ཐ་སྙད་པའི་ཆོས་ཤིག་གཏན་ནས་མེད་པར་བཞེད་པས་དེ་ཁོ་ན་ཉིད་ལ་དཔྱོད་པའི་མཚམས་འདི་དང་མི་འདྲ་བར་བཞེད་པར་མངོན་ཏེ། དཔེར་ན། མི་ཕམ་རིན་པོ་ཆེའི་ཤེར་འགྲེལ་ཀེ་ཏ་ཀ་ལས། དེས་ན་ཇི་སྲིད་ཡོད་མེད་ལ་སོགས་པའི་མཐའ་ཁས་ལེན་པ་དེ་སྲིད་དུ་གནོད་པ་དང་བཅས་ཤིང་། གང་མཐར་འཛིན་ཐམས་ཅད་ཞིག་པ་དེ་ལ་སྐྱོན་མེད་པས་ཇི་ལྟར་གནོད་དེ་ནམ་མཁའ་མཚོན་གྱིས་མི་ཕྱེད་པ་བཞིན་ནོ།། ཞེས་དང་། རྗེ་མི་བསྐྱོད་རྡོ་རྗེའི་དྭགས་བརྒྱུད་སྒྲུབ་པའི་ཤིང་རྟར། དེས་ན་ཁོ་བོ་ཅག་ཟླ་བ་གྲགས་པས་ཐ་སྙད་དུ་ཡང་གཏན་ཚིགས་ལ་སོགས་པ་ལ་རང་ལུགས་ཚད་མས་གྲུབ་པ་མི་སྲིད་ཀྱང་། ཞེས་བུམ་པ་འཇིག་རྟེན་གྱི་བློ་ངོར་ཡོད་མེད་འཚོལ་བ་ཙམ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ་སྙམ་མོ།། དེ་བཞིན་ཀུན་མཁྱེན་གོ་རམས་པས་ཀྱང་ངེས་དོན་རབ་གསལ་དུ། འཇིག་རྟེན་གྱི་ངོར་ཚད་མ་ཡིན་གྱི་དབུ་མ་པ་རང་ལུགས་ལ་ཚད་མ་ནི་མ་ཡིན་ཏེ། ཡུལ་བརྫུན་པ་དང་ཡུལ་ཅན་ཚད་མ་འགལ་བའི་ཕྱིར། ཞེས་དེ་ཁོ་ན་ཉིད་ཀྱི་དཔྱོད་པའི་མཚམས་ནི་དངོས་པོ་རྣམས་ཡོད་མེད་དང་ཡིན་མིན་གྱི་དཔྱོད་པ་ཙམ་ནས་བཞེད་པར་མངོན་ནོ།།

    དེ་དག་གིས་ང་ལྟ་བུའི་སྟེང་དུ་དཔྱད་ན་ནི་ངའི་སྙམ་པའི་བློ་ཙམ་བདག་འཛིན་དུ་བཞེད་པ་དང་། དེས་འཁོར་བའི་རྩ་བ་བྱེད་པ་དང་། ལྟ་བ་མ་རྙེད་པའི་རྒྱུད་ཀྱི་མྱུ་གུ་འཛིན་པའི་རྟོག་པ་ཡིན་ན་མྱུ་གུ་བདེན་འཛིན་ཡིན་པས་ཁྱབ་པར་བཞེད་པ་སྟེ། ཀུན་མཁྱེན་གོ་རམས་པའི་ངེས་དོན་རབ་གསལ་དུ། ལྟ་བ་མ་རྙེད་པའི་རྒྱུད་ལ་མྱུ་གུ་ལྟ་བུ་རང་གི་ངོ་བོས་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་འཛིན་པ་ཡོད་པའང་དབུ་མའི་གཞུང་དང་འགལ་ཏེ། ལུས་དང་དང་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། ཞེས་པའི་དོན། ལྟ་བ་མ་རྙེད་པའི་རྒྱུད་ཀྱི་མྱུ་གུ་འཛིན་པའི་རྟོག་པ་ཡིན་ན། མྱུ་གུ་བདེན་པར་འཛིན་པའི་བློ་ཡིན་པས་ཁྱབ་པའི་དོན་ཡིན་པའི་ཕྱིར་རོ།། ཞེས་གསུངས། གཞན་མི་ཕམ་རིན་པོ་དང་། རྗེ་མི་བསྐྱོད་རྡོ་རྗེ། ས་པཎ་སོགས་ཀྱིས་ཀྱང་འདི་ལྟར་བཞེད་པ་འདྲ་བར་མངོན་པ་དང་། འདིའི་ཐད་ནས་དེ་དག་གི་དགེ་ལྡན་པའི་དབར་དེ་ཁོ་ན་ཉིད་ལ་དཔྱོད་མཚམས་ལོགས་སུ་ཡོད་པ་གསལ་བར་སྣང་བའོ།།

    གོང་དུ་བཤད་པ་ལྟར་དེ་ཁོ་ན་ཉིད་ཀྱི་དཔྱོད་མཚམས་མི་འདྲ་ཡོད་ཀྱང་མཐར་ཐུག་གི་དོན་ལ་བཞེད་པ་གཅིག་པའི་ཕྱིར་དང་། དེ་ཡང་དེ་ཐམས་ཅད་ཀྱིས་རིགས་པས་དཔྱད་པའམ་མཉམ་གཞག་གི་གཟིགས་ངོ་ན་ཡོད་མེད་དང་ཡིན་མིན་གྱི་ཁས་ལེན་ཀུན་དང་བྲལ་བར་སོང་བར་ཞལ་གྱིས་བཞེད་པས་སོ།། དེའི་ཚུལ་ཡང་དཔེར་ན་དགེ་ལྡན་པའི་ལུགས་ལ་མྱུ་གུའི་གནས་ལུགས་ལ་དཔྱོད་པའི་རིགས་ཤེས་རྗེས་དཔག་གིས་མྱུ་གུ་བཙལ་ནས་མ་རྙེད་ཀྱང་རིགས་ཤེས་དེས་མྱུ་གུར་མི་གནོད་པའི་ཁྱད་པར་ཕྱེ་བས་དེ་འདྲ་བའི་རིགས་ངོར་མྱུ་གུ་མེད་པ་དེ་གསལ་པོ་རེད། འདིའི་རྒྱུ་མཚན་ནི། གལ་ཏེ་སྟོང་ཉིད་ལ་དམིགས་པའི་རིགས་ཤེས་རྗེས་དཔག་གིས་ཀུན་རྫོབ་པའི་ཆོས་ཅན་གཟིགས་ན་ཡུན་ཅན་དེ་མ་ཡིན་དགག་ཏུ་ཐལ་བའི་སྐྱོན་ཡོད་པ་དང་། རྗེ་རང་ལུགས་སྟོང་ཉིད་ཀྱི་ལྟ་བ་མེད་དགག་ཏུ་བཞེད་པའི་ཕྱིར།

    འོ་ན་བདེན་གྲུབ་བཀག་ཙམ་གྱི་མེད་དགག་དམ་མཐའ་དང་པོ་བཀག་ཙམ་གྱི་སྟོང་ཉིད་དེ་ཐ་སྙད་དུ་ཚད་མས་གྲུབ་པར་ཇི་ལྟར་འདོད་རིགས་སྙན་ན། དེ་ལ་ཆོས་ཉིད་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ལ་སྣང་བའི་དབང་གིས་ཡོད་པར་འཇོག་ཀྱང་ཡེ་ཤེས་དེས་ཆོས་ཉིད་ཡོད་པ་མི་འཇོག་པས་སོ།། དེ་ཡང་མཁས་གྲུབ་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། ཆོས་ཉིད་རང་གང་ལ་སྣང་བའི་བློའི་དབང་གིས་ཡོད་པར་འཇོག་ལ། ཆོས་ཉིད་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ལ་སྣང་བའི་དབང་གིས་ཡོད་པར་འཇོག་ཀྱང་། ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཀྱིས་ཆོས་ཉིད་ཡོད་པར་འཇོག་པ་མིན་གྱི། ཆོས་ཉིད་འཕགས་པའི་ཡེ་ཤེས་ལ་སྣང་བའི་དབང་གིས་ཡོད་པ་ཡིན་ནོ་ཞེས་ཐ་སྙད་པའི་བློ་གཞན་གྱིས་འཇོག་པ་ཡིན་ནོ།། ཞེས་གསུངས། ལུང་འདིའི་གོང་སྨོས་མཁས་པ་རྣམས་ཀྱི་མཐར་ཐུག་གི་ལྟ་བའི་གནད་ལ་མི་མཐུན་པ་མེད་པའི་གནད་སྟོན་པའི་གདེང་ཆེན་པོ་རྙེད་པས་དཔྱད་གཞིའི་གཞུང་འདི་འདྲ་བ་ལ་ལེགས་པར་བལྟས་ཏེ་ཟེར་ལོ་གྲག་ལོའི་འཇུག་པ་ལས་རིང་དུ་བརྒལ་ཏེ་བློའི་ནུས་པས་བདེན་དོན་འཚོལ་བར་རིགས་སོོ།།

  12. གོང་དཀར་ངག་རྣམ། says:
    2014-06-27 at 1:37 pm

    མཆན་འགོད་དང་སོ་སོའི་ལྟ་ཚུལ་གླེང་བར་དགའ་བསུ་ཞུ།

  13. དོན་འགྲུབ says:
    2014-06-28 at 1:02 pm

    ཡག་པོ་འདུག བསམ་ཚུལ་ཙམ་ཞུ་ཆོག་པའི་རེ་བ་ཡོད། བསམ་ཚུལ་ནི་བསམ་ཚུལ་ཡིན་པས་ཉིད་ལྟ་བུ་མཁྱེན་རྒྱ་ཡངས་པའི་མདུན་ནས་གོ་རིགས་རེ་ཐོབ་ན་སྙམ་པའོ།།

    (དེ་དག་བཞེད་པ་གཅིག་པའི་རྒྱུ་མཚན་གཅིག་ནི། ནས། རྗེ་རིན་པོ་ཆེའི་ལྟ་བའི་གཞུང་རྣམས་ལས་དགག་གཞག་མཛད་པའི་ཕྱོགས་སྔ་སྨྲ་བ་པོ་དག་ནི་ཁོ་བོ་ལྟར་ན་ད་ལྟ་ང་ཚོའི་མིག་ལམ་དུ་ཡོད་པའི་རིས་མེད་ཀྱི་ཡིག་ཆ་མཛད་མཁན་དང་། མཁས་པའི་དབང་པོ་དག་འོང་དོན་གཏན་ནས་མེད་སྙམ་སྟེ། འདི་ཐམས་ཅད་ཀྱིས་སྤྲོས་བྲལ་ཀྱི་གནས་སྐབས་སམ་སྤྲོས་བྲལ་གྱི་ངོ་ན་སྨྲ་བསམ་བརྗོད་བྲལ་དང་། རྗེས་ཐོབ་ཀྱི་སྐབས་སམ་ཡང་ན་འཇིག་རྟེན་གྱི་ཐ་སྙད་དུ་ནི་འཕགས་པའི་བདེན་པ་བཞི་དང་ལས་འབྲས་ལ་སོགས་པ་བཞེད་པ་ཤིན་ཏུ་གསལ་བའི་ཕྱིར་རོ།)
    ཞེས་པ་བདེན་དེ། དོན་དཔྱོད་ཀྱི་དཔྱད་ཡུལ་དོན་དམ་དུ་མེད་པ་ཙམ་སྟོང་ཉིད་དུ་འདོད་པ་ཀུན་མཐུན་ལ། དོན་དཔྱོད་ཀྱིས་དཔྱད་པའི་ཚེ་དེ་འགོག་རྒྱུ་འདི་དང་མི་འགོག་རྒྱུ་འདི་ཡིན་མིན་གྱི་ཁྱད་པར་མེད་པཙམ་ཡང་མཐུན། འོན་ཏེ་བཀག་ནས་གཟོད་འཕགས་པའི་བདེན་པ་བཞི་སོགས་ཡོད་པར་འདོད་ན། དེ་དག་འཛིན་པའི་བློ་བདེན་འཛིན་དང་ཡུལ་བདེན་པར་གྲུབ་པ་དཔྱོད་ཤེས་ཀྱིས་འགོག་རྒྱུའི་དགག་བྱ་དེ་མ་ཡིན་ནམ། ཡིན་ན། མཁས་པ་སྔ་ཕྱི་མཐུན་པའི་གནད་དཀའ་སྙམ། གལ་ཏེ་རིགས་ཤེས་ཀྱི་དགག་བྱ་ཡོད་ལ།རྟགས་ཀྱི་དགག་བྱ་མེད་པས་ཁྱད་པར་ཡོད་གསུངས་ན། ངེས་དོན་རབ་གསལ་དུ། ལྟ་བ་མ་རྙེད་པའི་རྒྱུད་ལ་མྱུ་གུ་ལྟ་བུ་རང་གི་ངོ་བོས་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་འཛིན་པ་ཡོད་པའང་དབུ་མའི་གཞུང་དང་འགལ་ཏེ། ལུས་དང་དང་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། ཞེས་པའི་དོན། ལྟ་བ་མ་རྙེད་པའི་རྒྱུད་ཀྱི་མྱུ་གུ་འཛིན་པའི་རྟོག་པ་ཡིན་ན། མྱུ་གུ་བདེན་པར་འཛིན་པའི་བློ་ཡིན་པས་ཁྱབ་པའི་དོན་ཡིན་པའི་ཕྱིར་རོ།། ཞེས་གསུངས་པ་དང་ཇི་ལྟར་མཐུན། དཔེར་ན། ལྟ་བ་མ་རྟོགས་པའི་བདེན་བཞི་འཛིན་པའི་རྟོག་པ་དང་དེའི་ཡུལ་གྱི་བདེན་བཞི་གཉིས་རིགས་ཤེས་དང་རྟགས་ཀྱི་དགག་བྱར་ཀུན་མཁྱེན་གོ་ཤཀྱ་སྟག་གསུམ་གྱིས་དངོས་ཤུགས་གང་རུང་ནས་བཞེད་ལ། རྗེས་མི་འདོད་པས་སོ།། གོང་གི་བཞི་བརྒྱ་བའི་ལུང་འདིའི་དོན་ནི། རྗེས་འདོད་ཆགས་ལ་སོགས་པ་ཉོན་རྨོངས་གཞན་རྣམས་ཀྱང་བདེན་འཛིན་གྱི་གཏི་མུག་ལས་འཇུག་ཚུལ་ཙམ་བསྟན་པ་མ་གཏོགས། ལྟ་བ་མ་རྟོགས་པའི་བུམ་འཛིན་བདེན་འཛིན་དུ་བསྟན་པ་མིན་པར་དགོངས་གསལ་དུ་རྩ་འགྲེལ་གཉིས་དྲངས་ནས་སྒྲུབ་པ་དེ་ལྟར་རོ།། ལྷག་པར་དུ་ལུས་དང་ལུས་དབང་གི་དཔེ་ནི། དགོངས་གསལ་ལས། ལུས་ལ་ལུས་དབང་ཞེས་པའི་དཔེ་ནི། དབང་བོ་གཞན་བཞི་ལ་ལུས་དབང་ཟུར་དུ་བཞག་པའི་རྟེན་མེད་པ་བཞིན་དུ། ཉོན་རྨོངས་གཞན་རྣམས་ཀྱང་གཏི་མུག་ལ་བརྟེན་ནས་འཇུག་ཅིང་། དེ་དང་མི་འབྲེལ་བའི་དོན་ནོ།།་ཞེས་འཇུག་ཚུལ་བསྟན་པར་འགྲེལ་བའོ།།
    ཡང་ཀུན་མཁྱེན་གོ་རམས་པས་ངེས་དོན་རབ་གསལ་དུ། འཇིག་རྟེན་གྱི་ངོར་ཚད་མ་ཡིན་གྱི་དབུ་མ་པ་རང་ལུགས་ལ་ཚད་མ་ནི་མ་ཡིན་ཏེ། ཡུལ་བརྫུན་པ་དང་ཡུལ་ཅན་ཚད་མ་འགལ་བའི་ཕྱིར། ཞེས་པ་ལོ་ཙ་བ་ཆེན་པོས་ཀྱང་འདི་ལྟར་འདོད་པ་དེའི་ཕྱིར། རྗེས་འཁྲུལ་ཡང་ཚད་མར་མི་འགལ་མི་བསླུ་བར་འཇོག་པ་ཐལ་འགྱུར་བའི་ཁྱད་ཆོས་སུ་གསུངས་པས་ཇི་ལྟར་མཐུན་གསོམ་དང་། འདིའི་གནད་ཀྱི་ཞིབ་ཆ་ཕྲ་མོ་ནི། རང་འགྲེལ་ལས། རེ་ཞིག་སྲིད་པའི་ཡན་ལག་གིས་བསྡུས་པས་ཉོན་རྨོངས་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ། ཞེས་པའི་དབང་གིས་འཇོག་ཚུལ་ཐད་མ་འདྲ་བ་བྱུང་བ་དང་། རྗེས་དགོངས་གསལ་དུ། མ་རིག་པ་ཀུན་རྫོབ་དེའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་འཇོག་ཅེས་པ་ནི། བདེན་པ་ཀུན་རྫོབ་པ་གང་གི་ངོར་འཇོག་པའི་འཇོག་ཚུལ་སྟོན་པ་ཡིན་གྱི། ཀུན་རྫོབ་བདེན་པ་ཡིན་པའི་བུམ་སྣམ་སོགས་བདེན་འཛིན་དེས་འཇོག་ཅེས་པ་མིན་ཏེ། བདེན་འཛིན་དེས་བཞག་པ་ནི་རང་གིས་ཐ་སྙད་དུའང་མི་སྲིད་པར་བཞེད་པའི་ཕྱིར་རོ།། ཞེས་གསལ་བར་གསུངས་པས། སྤྱིར་རྟོག་པ་ཐམས་ཅད་དམ། ཡང་ན་ལྟ་བ་མ་རྟོགས་པའི་བུམ་འཛིན་རྟོག་པ་ལྟ་བུ་བདེན་འཛིན་ནམ་ཡང་ན་ཚད་མ་ཡིན་མིན་བཞེད་པའི་གནད་མི་འདྲ་བ་ཤེས་པར་ཡོད་དོ།།
    (དེ་ལྟར་ཡིན་པའི་ཁུངས་ཅུང་ཟད་ཞུས་ན་ནི། དེ་ཡང་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་གྱི་སྤྱི་དོན་ལས། དེས་ན་འཁོར་འདས་འཆིང་གྲོལ་གྱི་ཚུལ་རྣམས་མཉམ་བཞག་གི་ཡེ་ཤེས་ཀྱི་ངོ་ན་མི་གནས་ཀྱང་། རྗེས་ཐོབ་ཤེས་རབ་ཀྱི་གཞལ་བྱར་ཡོད་པ་དེས་ན་ཟླ་བའི་ཞབས་ཀྱང་ལམ་ལ་སློབ་ཚུལ་དང་འབྲས་བུ་སངས་རྒྱས་ཚུལ་རྣམས་བཞེད་ཀྱི་འཇིག་རྟེན་ཐ་མལ་པའི་སྣང་ངོ་ན་སྣང་བ་ཁོ་ན་ལས་དེར་མ་གྲགས་པ་ཐམས་ཅད་ཁས་མི་ལེན་ཏོ་ཞེས་མ་གསུངས་སོ་ཞེས་གསུངས་པའི་ཕྱིར་དང་། ཞེས་དང་། རྗེ་བཙུན་མི་ལའི་དབུ་མའི་ལྟ་མགུར་ལས་ཀྱང་། ཀུན་རྫོབ་བདེན་པའི་དབང་དུ་ནི།། འཁོར་བ་དང་ནི་མྱ་ངན་འདས།། ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས།། དེ་བཞིན་ཀུན་མཁྱེན་གོ་རམས་པས། ཀུན་རྫོབ་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་འཇོག་པའི་དོན་ཡང་གློ་བུར་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་རང་དགའ་བའི་བློ་ལ་སྣང་ཞིང་། སྣང་བ་ལྟར་རྗེས་ཀྱི་ཐ་སྙད་འདི་འདི་ཡིན་ནོ།། འདི་འདི་མིན་ནོ་ཞེས་ཐ་སྙད་ཇི་ལྟར་བྱེད་པ་ཙམ་ཞིག་ཁས་ལེན་པ་ཡིན་གྱི། དེ་ལས་གཞན་པའི་སྒྲུབ་བྱེད་མི་འཚོལ་བའོ།། ཞེས་གསུངས་སོ།།)
    ཞེས་པ་དང་། རྗེ་མི་བསྐྱོད་རྡོ་རྗེའི་དྭགས་བརྒྱུད་སྒྲུབ་པའི་ཤིང་རྟར། དེས་ན་ཁོ་བོ་ཅག་ཟླ་བ་གྲགས་པས་ཐ་སྙད་དུ་ཡང་གཏན་ཚིགས་ལ་སོགས་པ་ལ་རང་ལུགས་ཚད་མས་གྲུབ་པ་མི་སྲིད་ཀྱང་། ཞེས་བུམ་པ་འཇིག་རྟེན་གྱི་བློ་ངོར་ཡོད་མེད་འཚོལ་བ་ཙམ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ་སྙམ་མོ།།
    ཞེས་དང་། དེ་བཞིན་ཀུན་མཁྱེན་གོ་རམས་པས་ཀྱང་ངེས་དོན་རབ་གསལ་དུ། འཇིག་རྟེན་གྱི་ངོར་ཚད་མ་ཡིན་གྱི་དབུ་མ་པ་རང་ལུགས་ལ་ཚད་མ་ནི་མ་ཡིན་ཏེ། ཡུལ་བརྫུན་པ་དང་ཡུལ་ཅན་ཚད་མ་འགལ་བའི་ཕྱིར། ཞེས་དེ་ཁོ་ན་ཉིད་ཀྱི་དཔྱོད་པའི་མཚམས་ནི་དངོས་པོ་རྣམས་ཡོད་མེད་དང་ཡིན་མིན་གྱི་དཔྱོད་པ་ཙམ་ནས་བཞེད་པར་མངོན་ནོ།)
    ཞེས་པ་དག་གི་དོན་མཐུན་པ་ཡིན་ན། རྗེ་མི་བསྐྱོད་པ་ལྟར། བུམ་པ་འཇིག་རྟེན་གྱི་བློ་ངོར་ཡོད་མེད་འཚོལ་བ་ཙམ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པ་ཡིན་གསུངས་པ་དང་། ཀུན་མཁྱེན་གོ་རམས་པས་འཇིག་རྟེན་གྱི་ངོར་ཚད་མ་ཡིན་གྱི་དབུ་མ་པ་རང་ལུགས་ལ་ཚད་མ་ནི་མ་ཡིན་ཟེར་བ་གཉིས་མཐུན་པ་དཀའ་སྟེ། རྟ་འཚོལ་བའི་འཇིག་རྟེན་གྱི་བློ་ངོར་གཞི་དེར་རྟ་ཡོད་མེད་འཚོལ་ཙམ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་སོང་ངམ། མ་སོང་། མ་སོང་ན། མི་བསྐྱོད་པ་དང་འགལ། སོང་ན། འཇིག་རྟེན་པའི་བུམ་འཛིན་ལྟ་བུ་ནི། ཚད་མ་ཡིན་ཏེ། དེ་ཁོ་ཉིད་ལ་དཔྱོད་པས་སོ། དེ་ཁོ་ན་ཉིད་ལ་དཔྱོད་པར་སོང་བ་ཞིག་ཡིན་ན། དེ་ནི་དབུ་མ་བའི་ལུགས་ལ་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། གོ་བའི་ལུང་དོན་དེས་སོ།། ཡང་ན་འཇིག་རྟེན་གྱི་བློས་བུམ་པ་ནི་འདིའོ་སྙམ་པ་དེ་ལས་ཡོད་མེད་དང་། རྟག་མི་རྟག སྐྱེས་མ་སྐྱེས་སོགས་ཀྱི་སྟེང་ལ་ཕར་བརྒལ་ན་ཁྱད་ཡོད་དགོངས་ཚེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་དེ་ཁོ་ན་ཉིད་ལ་དཔྱོད་པར་ཨེ་སོང་། སོང་ན། ལེགས་ལྡན་གྱིས་དཔེ་བཀོད་པ་དཔེ་རུ་མི་འགྱུར་བའི་སྐྱོན་སྟོན་དཀའ་སྙམ་མོ།།
    ཡང་( རྗེ་བདག་ཉིད་ཆེན་པོས་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀྱང་ཐ་སྙད་པའི་ཆོས་ལ་མི་གནོད་པར་བཞེད་པའི་རྒྱུ་མཚན་གྱིས་དེ་ཁ་ཉིད་ལ་དཔྱོད་པའི་ཚད་དམ་མཚམས་ཀྱང་འདི་ལྟར་གཞི་མྱུ་གུ་ལྟ་བུ་བདག་ལས་མ་ཡིན་གཞན་ལས་མིན་ཞེས་སོགས་ཀྱིས་བསྟན་པའི་མཐའ་བཞི་པོ་གང་རུང་སྐྱེ་མི་སྐྱེ་དཔྱོད་པ་ནས་འཇོག་སྟེ། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན།། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ།། གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི།། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ།། ཞེས་སོགས་འགྲེལ་པའི་ཐད་དུ། འདིར་དཔྱད་མ་དཔྱད་ནི་དེ་ཁོ་ན་ཉིད་ལ་དཔྱད་མ་དཔྱད་ཡིན་ལ། དེ་ཡང་དཔྱོད་ལུགས་ཇི་ཙམ་ཞིག་ནས་དེ་ཁོ་ན་ཉིད་ལ་དཔྱད་པར་འགྲོ་བ་ཤེས་པ་གལ་ཆེ་བས་ཅུང་ཟད་བཤད་ན་ཐལ་འགྱུར་བའི་ལུགས་ཀྱིས་ནི། ཐ་སྙད་གདགས་པས་མ་ཚིམ་པར་མྱུ་གུ་སྐྱེ་ཞེས་པ་ལྟ་བུ་ལ། དེ་ལྟར་བཏགས་པའི་བཏགས་དོན་བདག་གམ་གཞན་ལས་སྐྱེ་ཞེས་ཚོལ་བ་ནས་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ་ཞེས་གསུངས་པའི་ཕྱིར། རྩ་ཤེའི་རྣམ་བཤད་དུའང་འདི་དང་ཕྱོགས་འདྲ་བར་གསུངས་འདུག་གོ།)
    ཞེས་པ་འདིས་སྨྱུ་གུ་སོགས་ཐ་སྙད་བཏགས་ཙམགྱིས་ཡོད་པར་འཇོག་མ་ཤེས་པར། སྨྱུག་སོགས་ཀྱི་སྐྱེས་པ་རང་མཚན་གྱིས་གྲུབ་མ་གྲུབ་དཔྱོད་པ་ནས་དེ་ཁོ་ཉིད་ལ་དཔྱོད་པའི་མཚམས་གསལ་བོར་གསུངས་ཡོད་པས་འཇིག་རྟེན་པས་བུམ་པ་ཡོད་མེད་དཔྱོད་པ་ཙམ་ནས་དཔྱད་མཚམས་འཛིན་པ་དང་འདྲ་བའི་སྐབས་ཡོད་དམ། གོང་དུ་མི་བསྐྱོད་པའི་ལུང་དང་དངོས་སུ་མི་མཐུན་པ་ཆགས་ཡོད་བཞིན་དུ་མཐུན་པར་སྒྲུབ་དོན་མེད་སྙམ།
    (འདིར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀྱང་ཐ་སྙད་པའི་ཆོས་ལ་མི་གནོད་པའི་རྒྱུ་མཚན་ཞལ་གྱིས་བཞེད་པ་ལ་བརྟེན་ནས་གནས་ལུགས་དཔྱོད་པའི་མཚམས་གཞན་དང་མི་འདྲ་བ་འདི་ལྟར་འོང་བ་ལ་རྒྱུ་མཚན་ཆེན་པོ་ཡོད་དེ། བཀྲ་ཤིས་གང་ནས་འོངས་གང་དུ་འགྲོ་ཞེས་སོགས་དཔྱོད་པ་ནི་དབུ་ཚད་གང་གི་ཡང་དེ་ཁོ་ན་ཉིད་ལ་དཔྱོད་ཚུལ་མིན་ཏེ། དེ་གཉིས་ཀས་མ་བརྟགས་མ་དཔྱད་པའི་རྣམ་གཞག་ཚད་མས་གྲུབ་པ་དུ་མ་འཇོག་དགོས་པས་སོ།།)
    འདི་ཡང་མི་བསྐྱོད་པའི་དགོངས་པ་དང་མཐུན་ནམ། འཇུག་པའི་རྣམ་བཤད་དུ། དེ་ལྟར་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཀུན་རྫོབ་པ་རྣམས་ལ་དཔྱོད་ན་ནི། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་བར་ཤེས་པར་བྱའོ།། ཞེས་པ་ནི། བདེན་གཉིས་སྤྱིར་འཇོག་པའི་སྐབས་ལས་འཕྲོས་ཏེ་གཅིག་འཇོག་བྱེད་ཀྱིས་གཅིག་ལ་དཔྱད་པ་བྱ་མི་རིགས་པའི་དོན་ཡིན་ལ། གཞི་བདེན་པ་གཉིས་པོ་རང་རང་འཇོག་བྱེད་བློའི་དབང་དུ་བྱས་ན། དོན་དམ་དཔྱོད་ཤེས་ཀྱིས་ཀུན་རྫོབ་ཐམས་ཅད་འགོག་པ་ཡིན་ཏེ། དེའི་ངོར་ཆོས་གང་ཡང་མེད་པ་སྟོང་ཉིད་ཡིན་པས་སོ།། འདི་ཐམས་ཅད་ཀྱིས་བཞེད་ཀྱང་། ཀུན་རྫོབ་འཇོག་བྱེད་དང་དོན་དམ་འཇོག་བྱེད་མ་བསྲེས་པ་ཞིག་ཡོང་བ་ལ་ངེས་པར་དུ་གཞི་དགག་བྱ་དང་རིགས་ངོའི་དགག་བྱ་གཉིས་འདོད་དགོས་ལ།དེ་གཉིས་སོ་སོའི་བྱེད་ལས་ནུས་པ་ངོ་བོ་སོགས་སོ་སོར་ཡོད་མཉམ་དུ་འཇོག་ཐུབ་དགོས་པ་ནི་རྗེའི་བཞེད་པའོ།། ཡང་གཅིག་བཤད་ན། ངོ་ཕྱོགས་སམ་ཚིག་ཟིན་ཙམ་ནི་མཐུན་པའི་བཟོར་སྣང་ཡང་དེ་ཙམ་གྱིས་མཐུན་ན་ཐལ་རང་མཐུན་པར་སྨྲ་བ་དང་མཚུངས་སོ།། ལར་གནོད་མི་གནོད་ཀྱི་དོན་དུ་མ་ཡོད་ཀྱང་འདིར་ནི། ཇི་སྐད་དུ། གནོད་པ་མེད་པའི་དབང་བོ་དྲུག་རྣམས་ཀྱི།། ཞེས་དང་། གང་ལ་རྒྱབ་རྟེན་ཚད་མ་ཡོད།། དེ་ནི་དེ་ལ་གནོད་བྱེད་འགྱུར།། ཞེས་གསུངས་པའི་གནོད་ཚུལ་ལ་གོ་བ་ཡིན་ལ། གནོད་ཚུལ་འདིའི་ཐད་ནས་ཁྱད་པར་ཆེན་པོ་ཡོད་ཅིང་། ཁྱད་པར་ཤོར་ས་ནི་རྩ་ཤེས་མཆོད་བརྗོད་སྐབས་སྐྱེས་མེད་བརྒྱད་རིགས་ངོའི་དགག་བྱར་སྦྱར་ནས་བསྟན་པ་ལྟར་བདེན་གཉིས་འཆད་པའི་སྐབས་གང་དུའང་། གོ་མི་ཤཀྱ་སོགས་ཀྱིས་ཀྱང་དོན་དམ་བདེན་པའམ་སྟོང་ཉིད་ནི་རིགས་ཤེས་ཀྱིས་དཔྱད་པའི་ངོར་སྦྱར་གནང་བས། ཀུན་རྫོབ་འཇོག་པའི་སྐབས་སུ་དབུ་མ་བར་ཁས་ལེན་མེད་པ་དང་། ཡོད་ཀྱང་ཡོད་གོ་མི་ཆོད་སོགས་ཟེར་དགོས་བྱུང་བཡིན་པར་བཤད་སྲོལ་ཡོད། རྗེས་གཞི་དགག་བྱ་བཀག་པའི་སྟོང་བ་ཉིད་གཏན་ལ་འབེབས་པའི་མདོ་བསྟན་གྱི་ལུང་གང་ཡོད་ཐམས་ཅད། ཀུན་རྫོབ་བདེན་པ་འཇོག་པའམ་ཐ་སྙད་ཚད་གྲུབ་འཇོག་པའི་ཡན་ལག་ཏུ་འགྱུར་བ་ཡིན་ལ། ཉིད་ཀྱིས་མཐུན་པར་སྨྲ་བའི་ལུང་གཞན་དག་ལ་ལྡོག་པའོ།།
    (འདིར་ངེས་པར་མཁྱེན་དགོས་པ་ཞིག་ཡོད་པ་ནི། ཐལ་འགྱུར་བ་རང་ལུགས་ལ་དངོས་འགལ་གྱི་རྣམ་གཞག་དང་ཁས་ལེན་མེད་པར་གསལ་བའི་གཞུང་ཚིག་དུ་མ་ཡོད་པ་དག་གི་གོ་དོན་ལ་བསམ་སྐབས་དེ་དག་བདེན་གཉིས་ཀྱི་སྐབས་གང་ལ་གཞིར་བཞག་ནས་གསུངས་མིན་ཤེས་ཏེ་རྟོག་དཔྱོད་ལ་ཞུགས་པ་ལས་གཞན་པ་ཟེར་འདྲོགས་འབའ་ཞིག་ལ་འཕྱན་ན་ནི། དབུ་མ་ལྟ་བ་འཚོལ་བའི་བགེགས་ཆེན་པོ་འཁུར་དུ་བླངས་པ་རང་ཡིན་ནོ།། ད་བར་ཁོ་བོས་བལྟས་པའི་དབུ་མའི་གཞུང་མང་པོ་ཞིག་ནས་ཡོད་མེད་ཁས་ལེན་ཀུན་བྲལ་དང་། ཡང་ཐ་སྙད་ཀྱི་འཇུག་པ་ཀུན་བསྙོན་མེད་འཇོག་པའི་གནད་འགག་མང་པོ་ཞིིག་གླེང་བའི་ཚེ། དེ་དག་ལས་གནས་སྐབས་མི་འདྲ་བ་གསུམ་ཞལ་གྱིས་བཞེད་པ་འདི་ནི་གཅིག་ཤེས་ཀུན་གྲོལ་གྱི་གནད་དུ་འཁུམས།)
    དབུ་མའི་རང་ལུགས་ལ་ཁས་ལེན་ཀུན་དང་བྲལ་བ་དང་། ཡང་ན་ཆོས་རྣམས་མཐའ་བཞི་དང་བྲལ་བའི་སྟོང་པ་ཉིད་ཁས་ལེན་པ་གང་ལྟར་ཡང་རུང་གི ཁས་ལེན་པ་དང་ཁས་ལེན་མེད་པ་གཉིས་འགལ་བས་ན། ཉིད་ཀྱིས་ལུང་མང་མཉམ་སྤུངས་གནང་སྟེ་དགོངས་པ་གཅིག་ཏུ་འབྲེལ་མཐར། ཁས་ལེན་ཡོད་མེད་ཀྱི་ཁྱད་པར་ཡོད་པ་གསལབོར་བསྟན་པར་མ་ཟད། དངོས་འགལ་མི་འདོད་བཞིན་དུ་རྗེས་ནི་དབུ་མ་བའི་ཁས་ལན་མེད་གསུངས་པ། ཆོས་གང་ལའང་རང་མཚན་གྱིས་གྲུབ་པའི་ཁྱད་པར་འདོར་མི་ཐུབ་པའི་ཁས་ལེན་དེ་ལྟ་བུ་ཐལ་འགྱུར་བ་ལ་མེད་པར་འགྲེལ་ཏེ། སྤྱིར་དབུ་མ་བར་བདེན་གཉིས་འཇོག་མཉམ་གྱི་ཁས་ལེན་ཡོད་པར་འདོད་པ་དང་། གཞན་རྣམས་ཀྱིས་དབུ་མ་བ་ལ་ཁས་མེད་པར་བཞེད་པ་གཉིས་མཐུན་པར་འགྲེལ་བའང་ཁས་ལེན་མེད་པའི་གནད་ཡིན་དུ་སྲིད།
    (དེ་ཡང་དཔེ་མཚོན་གཅིག་ཞུས་ན། ངེས་པ་དོན་གྱི་མཧཱ་པཎྞི་ཏ་སྟག་ཚང་ལོ་ཙཱ་བ་ལྟ་བུས་གྲུབ་མཐའ་ཀུན་ཤེས་སུ་འདི་ལྟར་གསུངས་ཏེ། དེ་ཕྱིར་ཀླུ་སྒྲུབ་ཡབ་སྲས་སངས་རྒྱས་བསྐྱངས།། ཟླ་གྲགས་ཞི་བ་ལྷ་ཡི་གཞུང་མཆོག་ཀུན།། མ་དཔྱད་ཅུང་ཟད་དཔྱད་དང་ལེགས་པར་དཔྱད།། གནས་སྐབས་གསུམ་ལ་སྦྱོར་བར་ཁོ་བོས་རྟོགས།། ཐ་སྙད་མ་དཔྱད་འཇིག་རྟེན་ལྷན་སྐྱེས་ངོར།། དོན་དམ་ཅུང་ཟད་དཔྱད་པའི་རིག་ཤེས་ངོར།། སྤྲོས་བྲལ་ལེགས་པར་དཔྱད་པའི་བརྗོད་མེད་ངོར།། འདི་གསུམ་ལེགས་པར་ཤེས་དེ་དབུ་མ་ཆེ།། ཞེས་གསུངས་པའི་ཕྱིར།།)
    འདི་སྣང་ཞེན་གཉིས་ག་ལྡན་པ་དང་། སྣང་བ་ཡོད་ལ་ཞེན་པ་མེད་པ། གཉིས་ཀ་དང་བྲལ་བའི་མིང་མ་འདྲ་ཙམ་ལས་དོན་ལ་གཅིག་ཏུ་སོང་འདུག་པས་དཔེ་མཚོན་འདིས་མཚོན་བྱ་མ་རྙེད།

    དབུ་མ་པ་གཞན་རྣམས་ཀྱི་ལུགས་ལ་ནི་ཀུན་རྫོབ་རིགས་པས་མི་འགྲུབ་པ་དང་། དོན་དམ་སྨྲ་བསམ་བརྗོད་བྲལ་ཞེས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་མི་གནོད་པའི་ཐ་སྙད་པའི་ཆོས་ཤིག་གཏན་ནས་མེད་པར་བཞེད་པས་དེ་ཁོ་ན་ཉིད་ལ་དཔྱོད་པའི་མཚམས་འདི་དང་མི་འདྲ་བར་བཞེད་པར་མངོན་ཏེ། དཔེར་ན། མི་ཕམ་རིན་པོ་ཆེའི་ཤེར་འགྲེལ་ཀེ་ཏ་ཀ་ལས། དེས་ན་ཇི་སྲིད་ཡོད་མེད་ལ་སོགས་པའི་མཐའ་ཁས་ལེན་པ་དེ་སྲིད་དུ་གནོད་པ་དང་བཅས་ཤིང་། གང་མཐར་འཛིན་ཐམས་ཅད་ཞིག་པ་དེ་ལ་སྐྱོན་མེད་པས་ཇི་ལྟར་གནོད་དེ་ནམ་མཁའ་མཚོན་གྱིས་མི་ཕྱེད་པ་བཞིན་ནོ།། ཞེས་དང་།

    དེ་དག་གིས་ང་ལྟ་བུའི་སྟེང་དུ་དཔྱད་ན་ནི་ངའི་སྙམ་པའི་བློ་ཙམ་བདག་འཛིན་དུ་བཞེད་པ་དང་། དེས་འཁོར་བའི་རྩ་བ་བྱེད་པ་དང་། ལྟ་བ་མ་རྙེད་པའི་རྒྱུད་ཀྱི་མྱུ་གུ་འཛིན་པའི་རྟོག་པ་ཡིན་ན་མྱུ་གུ་བདེན་འཛིན་ཡིན་པས་ཁྱབ་པར་བཞེད་པ་སྟེ། ཀུན་མཁྱེན་གོ་རམས་པའི་གཞན་མི་ཕམ་རིན་པོ་དང་། རྗེ་མི་བསྐྱོད་རྡོ་རྗེ། ས་པཎ་སོགས་ཀྱིས་ཀྱང་འདི་ལྟར་བཞེད་པ་འདྲ་བར་མངོན་པ་དང་། འདིའི་ཐད་ནས་དེ་དག་གི་དགེ་ལྡན་པའི་དབར་དེ་ཁོ་ན་ཉིད་ལ་དཔྱོད་མཚམས་ལོགས་སུ་ཡོད་པ་གསལ་བར་སྣང་བའོ།།
    ( དེའི་ཚུལ་ཡང་དཔེར་ན་དགེ་ལྡན་པའི་ལུགས་ལ་མྱུ་གུའི་གནས་ལུགས་ལ་དཔྱོད་པའི་རིགས་ཤེས་རྗེས་དཔག་གིས་མྱུ་གུ་བཙལ་ནས་མ་རྙེད་ཀྱང་རིགས་ཤེས་དེས་མྱུ་གུར་མི་གནོད་པའི་ཁྱད་པར་ཕྱེ་བས་དེ་འདྲ་བའི་རིགས་ངོར་མྱུ་གུ་མེད་པ་དེ་གསལ་པོ་རེད། འདིའི་རྒྱུ་མཚན་ནི། གལ་ཏེ་སྟོང་ཉིད་ལ་དམིགས་པའི་རིགས་ཤེས་རྗེས་དཔག་གིས་ཀུན་རྫོབ་པའི་ཆོས་ཅན་གཟིགས་ན་ཡུན་ཅན་དེ་མ་ཡིན་དགག་ཏུ་ཐལ་བའི་སྐྱོན་ཡོད་པ་དང་། རྗེ་རང་ལུགས་སྟོང་ཉིད་ཀྱི་ལྟ་བ་མེད་དགག་ཏུ་བཞེད་པའི་ཕྱིར།)
    གལ་ཏེ་སྟོང་ཉིད་ལ་དམིགས་པའི་རིགས་ཤེས་རྗེས་དཔག་གིས་ཀུན་རྫོབ་པའི་ཆོས་ཅན་གཟིགས་ན་བདེན་པར་གྲུབ་པར་འགྱུར་བ་འདིའི་གནད་ཡིན་ལ། དགེ་ལྡན་པའི་ཡུལ་སྟོང་བ་ཉིད་མེད་དགག་ཏུ་བཞེད་པ་ལས། ཡུན་ཅན་དཔྱོད་ཤེས་དེ་མེད་དགག་ཏུ་བཞེད་པ་མི་སྲིད་པས། ཐུགས་ཉམས་པ་ལས་གཞན་དུ་ཅི། ལར་ཤེས་པ་ལ་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡོད་པས་མ་ཡིན་དགག་ཏུ་འགྱུར་ཡང་མི་སྐྱོན་ནོ།།
    (འོ་ན་བདེན་གྲུབ་བཀག་ཙམ་གྱི་མེད་དགག་དམ་མཐའ་དང་པོ་བཀག་ཙམ་གྱི་སྟོང་ཉིད་དེ་ཐ་སྙད་དུ་ཚད་མས་གྲུབ་པར་ཇི་ལྟར་འདོད་རིགས་སྙན་ན།)
    ཞེས་པ་འདི་ཡང་ཡ་མཚར་ཞིག་འདུག ༡ མཐའ་དང་པོ་བཀག་པ་ཙམ་ནི་བདག་ལས་མ་ཡིན་ཞེས་པའི་བདག་སྐྱེས་མེད་པ་དེ་ལ་ཟེར་བ་ཡིན་ཚོད་དུ་འདུག་པས། དེ་སྟོང་ཉིད་ཡིན་ན་ནང་བའི་གྲབ་མཐའ་སྨྲ་བ་ཡིན་ཚད་ཀྱིས་སྟོང་ཉིད་རྟོགས་པས་ཁྱབ་པར་ཐལ་ཏེ། འདིའི་བདག་སྐྱེས་མེད་པ་རྟོགས་པས་སོ།། དེ་ལྟར་རྟོགས་ཏེ། འདིའི་བདག་སྐྱེས་ཞེས་པ་རང་གི་ངོ་བོ་ལས་རང་ཉིད་སྐྱེས་པ་ལ་ཟེར་བ་གང་ཞིག རྒྱུ་འབྲས་རྫས་ཐ་དད་དུ་མི་འདོད་པའི་ནང་བའི་གྲུབ་མཐའ་སྨྲ་བ་མི་སྲིད་པས་སོ།།
    ༢ བདེན་མེད་ཐ་སྙད་དུ་གྲུབ་ཀྱང་ཐ་སྙད་བདེན་པའམ་ཀུན་རྫོབ་བདེན་པ་མ་ཡིན་པའི་བློ་ཞིབ་དགོས། དེ་ཡང་བདེན་མེད་ཐ་སྙད་དུ་གྲུབ་སྟེ། ཁྱོད་རྟོགས་པའི་བློ་ཐ་སྙད་པ་ཡོད་པའི་ཕྱིར། དེར་ཐལ། རིགས་ཤེས་རྗེས་དཔག་ཐ་སྙད་པའི་བློ་ཡིན་པས་སོ།། འོ་ན་དེ་ཐ་སྙད་བདེན་པ་ཡིན་པར་ཐལ། འདོད་པས་སོ་ཞེ་ན། ཁྱབ་པ་མེད་དེ། སྤྱིར་ཐ་སྙད་བདེན་པའམ་ཀུན་རྫོབ་བདེན་པ་ཞེས་པའི་ཐ་སྙད་དང་ཀུན་རྫོབ་ལ་ཤེས་བྱ་ཤེས་བྱེད་དང་ཡུལ་ཡུལ་ཅན་སོགས་ཡོད་པ་འཇུག་པའི་རང་འགྲེལ་ལྟར་ཡང་། ཀུན་རྫོབ་གང་གི་ངོར་བདེན་པ་ཡིན་མིན་དཔྱོད་སྐབས་དོན་དམ་བདེན་པའི་ཟླས་དྲངས་པའི་ཀུན་རྫོབ་འཇོག་དགོས་པས། དེ་ལ་བདེན་འཛིན་ལས་གཞན་མེད་པས་སོ།། འོན་ཀྱང་བདེན་འཛིན་གྱི་དབང་གིས་བུམ་སོགས་བཟུང་བ་དང་བདེན་འཛིན་གྱིས་བུམ་སོགས་བཟུང་དང་མ་བཟུང་གི་ཞེས་སོ་མཚམས་མ་ནོར་གལ་ཆེའོ།།
    འདིར་བསམ་ཚུལ་འབུལ་མཚམས་འདི་ནས་འཇོག ཉིད་ཀྱི་མཁྱེན་རྒྱ་མཁའ་ལྡང་དབང་བོས་མཁའ་དབྱིངས་ནས་མར་གཞུང་ལུགས་ཀུན་ལ་རིས་མེད་གཟིགས་ཚུལ་མཐོང་བས་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ། མ་ཤེས་པ་དང་ནོར་ཆད་ལྷག་གསུམ་མཆིས་ཚེ་དགོངས་དག་ཞུ་རྒྱུ་ཡིན།

  14. བཀྲ་ཤིས། says:
    2014-06-28 at 5:50 pm

    གོང་དུ་བསམ་ཤེས་ལགས་ཀྱི་མཆན་གྲངས་༧པའི་གཏམ་ལན་མདོར་བསྡུས་ཞིག་ཞུ་ན། ཉིད་ནས་རང་རྒྱུད་ལ་བརྟག་དཔྱད་གནང་རབས་སྐོར་ལ་རྩོད་པ་གང་ཡང་མིན་འདུག། གང་ཡིན་ཟེར་ན་རྟག་ཏུ་རང་སེམས་བསྲུངས་ནས་རང་རྒྱུད་འདུལ་ཐུབ་པ་ཡིན་ན་ཡང་དག་ལམ་དུ་སོང་བར་རྒྱ་བོད་མཁས་པ་ཀུན་གྱི་ཞལ་གདམས་རེད། གང་ཟག་གི་ཚོད་གང་ཟག་གི་མི་ལོན་གསུངས་བ་བཞིན་ཁྱོད་ཀྱི་ཤེས་རྒྱུད་རྟོགས་པའི་ཡོན་ཏན་མེད་ཀྱང། གོང་དཀར་ངག་རྣམ་ནས་བོད་ཀྱི་མཁས་པའི་ཐ་སྙད་ཚད་གྲུབ་ཀྱི་བཞེད་ཚུལ་རྣམས་བཀོད་པ་ལ་སྔ་རྒོལ་དང་ཕྱི་རྒོལ། ནམ་མ་ལངས་གོང་ནས་ཉི་མ་ཤར་འདུག་ཅེས་ཚིག་བོད་སྤྱོད་སྟངས་དེས་ཆོས་ལུགས་འཐེན་འཁྱེར་གྱི་རྣམ་པ་གསལ་པོ་ཞིག་མཐོང། ཡང་ངས་གོ་ལོག་ཐེབས་ཡོད་ན་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན།

  15. གོང་དཀར་ངག་རྣམ། says:
    2014-06-29 at 10:31 am

    དོན་འགྲུབ་ལགས་ཀྱི་གལ་ཆེའི་དགོངས་འཆར་དང་དོགས་སློང་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།

  16. གོང་དཀར་ངག་རྣམ། says:
    2016-07-28 at 1:24 pm

    བཀྲིས་ལགས་ཁྱེད་རང་ལ་ཐུགས་ཁག་ཡོད་མ་རེད།
    མི་མང་པོར་དེ་འདྲ་བའི་མཐོང་ཚུལ་ཡོང་གི་ཡོད་རེད

  17. པདྨ་བསྟན་འཛིན་ says:
    2017-08-01 at 3:58 am

    ཐས་སྙད་བྱེ་བྲག་སྨྲ་བ་ལྟར་འདོད་མཁན་དབུ་མ་པ་ཡོད་དམ་་་་་་ཡོད་ན་སློབ་དཔོན་སུ་ལགས་

  18. སྨྲ་ཆུང་། says:
    2018-11-06 at 7:59 pm

    ལན་མྱུར་དུ་འོང་བའི་རེ་ཞུ། དགེ་ལུགས་པས་དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་དབྱེ་འདོད་དང་མི་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme