Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་བྱེས་འབའ་ཐང་མི་མང་གིས་བརྟན་བཞུགས་འབུལ་སྐབས་སྩལ་བའི་བཀའ་སློབ།

Posted on 2012-03-072012-03-07 By ཤར་ཕྱོགས་ཁུག་རྟ། 9 Comments on གཞིས་བྱེས་འབའ་ཐང་མི་མང་གིས་བརྟན་བཞུགས་འབུལ་སྐབས་སྩལ་བའི་བཀའ་སློབ།

དེ་རིང་ཚེས་ ༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་འབའ་ཐང་སེར་སྐྱ་མི་མང་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
གཞིས་བྱེས་འབའ་ཐང་སེར་སྐྱ་མི་མང་གིས་དེ་རིང་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཎྜལ་ལྗགས་བཤད་ནམ་རྒྱུན་ངག་ཐོག་ནས་འདོན་རྒྱུ་དེ་དགོས་པ་ཆེ་བ་མཐོང་གི་མི་འདུག་ལ་མི་མང་པོ་ཞིག་གིས་ཡག་པོ་ཡང་གོ་གི་མེད། དེ་ཡིག་ཐོག་ལ་བྱུང་ན་ཡག་པོ་འདུག་ཅེས་ཁ་སྔོན་ནས་སྐད་ཆ་བྱུང་བ་བཞིན་ད་རེས་ཡིག་ཐོག་ལ་བཀོད་ནས་ཚང་མའི་ཕྱག་ལ་གཟིགས་རྒྱུ་ཡོད་སྟབས། ཞིབ་ཚགས་ཆ་ཚང་བ་ཧ་ཅང་ཡག་པོ་བྱུང་འདུག ཁྱེད་རང་ཚོ་སྔར་༧རྒྱལ་དབང་སྐུ་ཕྲེང་མང་པོའི་སྐབས་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཁྱེད་རང་ཚོས་འདིར་བཀོད་འདུག འབའ་ཡུལ་ལུང་པ་ཆུང་ཆུང་དེ་ནས་བསྟན་པ་འཛིན་མཁན་གྱི་མཁས་པའི་དབང་པོ་མང་དག་ཅིག་བྱུང་ཡོད། བགྲེས་པའི་གྲས་གཅིག་རྒན་པདྨ་རྒྱལ་མཚན་གཞུང་རབ་འབྱམས་ལ་མཁས་པ་ཧ་ལས་པ་རེད་འདུག དེ་བཞིན་རྒན་ཉི་མ་རྒྱལ་མཚན་ཁོང་གི་མདུན་ནས་ངོས་ཀྱིས་གསུང་ཆོས་མང་པོ་ཞུས་ཡོད། བསམ་གྱིས་མི་ཁྱབ་པའི་མཁས་པའི་དབང་པོ་རིག་སྟོབས་ཕུལ་དུ་ཕྱིན་པ་ཞིག་རེད་འདུག ཁོང་རྣམ་པ་གཉིས་ཀྱི་ཡང་སྲིད་འདི་གར་ཡོད་པ་རེད། ཡང་སྲིད་རྣམ་པ་གཉིས་ཀྱིས་ཀྱང་སྔོན་གྱི་གོང་མའི་མཛད་པའི་རྗེས་སུ་བསླབ་སྟེ་ཡག་པོ་ཞིག་གནང་ཐུབ་རྒྱུའི་དགོངས་པ་བཞེས་དགོས་པ་རེད། རྒན་པདྨ་རྒྱལ་མཚན་མདུན་ནས་ངོས་ཀྱིས་གསུང་ཆོས་ཞུ་རྒྱུ་མ་བྱུང་ཡང་ཁྱུག་ཙམ་ཁྱུག་ཙམ་མཇལ་སྐབས་གོ་བསྡུར་ཞུ་རྒྱུ་ཟེར་ན་མི་འདུག གང་ལྟར་བཀའ་དྲི་ཞུ་རྒྱུ་ཐེངས་མང་པོ་བྱུང་།

སྐབས་ཤིག་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་སྦྱོར་བའི་ནང་ཕར་ཚུར་སྒྲིག་སྟངས་གཞན་དང་མི་འདྲ་བ་ཞིག་གསུངས་སོང། དེ་ཡིག་ཐོག་ལ་གཅིག་ཡོད་ན་བསམ་པ་ལྟ་བུ་བྱུང་། རྗེས་སུ་ཁ་ཤས་ལ་བཀའ་དྲི་ཞུས་པ་ཡིན་ཡང་དེ་འདྲ་གསུང་ཐུབ་མཁན་ཧ་ལམ་མི་འདུག གྲྭ་ཚང་གི་མཁན་པོ་གནང་མཁན་བསམ་གཏན་རྒྱ་བོ་ཧ་ཅང་དཔེ་ཆ་ཡག་པོ་ཡོད། གྲྭ་ཚང་གི་མཁན་པོ་བྱེད་སྐབས་ཧུར་ཐག་འབད་ཐག་དང་དེ་བཞིན་འདུལ་བའི་མཁན་པོ་བྱེད་སྐབས་དུས་ཚོད་ཁག་པའི་སྐབས་ཡིན་ཡང་ཧུར་ཐག་འབད་གནང་རེད། ཧ་ཅང་ཡག་པོ་ཡིན། ཁོང་རང་དོལ་རྒྱལ་བསྟེན་གྱི་ཡོད། དེ་དུས་ངོས་ཀྱིས་དམ་བསྒྲགས་བྱེད་རྒྱུ་རེད་མ་གཏོགས་ཁོང་ཡོད་པ་ཡིན་ན། ངོས་ཀྱིས་གང་བརྗོད་པ་དེ་དག་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་བློས་འགེལ་བྱས་ནས་འགྲོ་གི་རེད་མ་གཏོགས་སྤྱོད་པ་སློག་མཁན་རྩ་བ་ཉིད་ནས་བྱེད་ཀྱི་མ་རེད། དེ་ངོས་ཀྱིས་ཤེས་ཀྱི་ཡོད། རྒན་ཉི་མ་དང་རྒན་པདྨ་རྒྱལ་མཚན་རྣམ་པ་གཉིས་ཀར་འབྲེལ་བ་རྩ་བ་ནས་མེད། ལྷག་པར་རྒན་པདྨ་རྒྱལ་མཚན་ལ་ཆ་བཞག་ན། སྐབས་དེར་སྦག་སར་བཞུགས་པའི་ཁ་ཐུག་ལ་དོལ་རྒྱལ་ངོས་ནས་ཀྱང་བསྟེན་གྱི་ཡོད། གླིང་རིན་པོ་ཆེས་ཐོག་མ་ཉིད་ནས་བསྟེན་གནང་གི་མེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་ཟོང་རིན་པོ་ཆེས་བསྟེན་གནང་གི་ཡོད། སྐབས་དེར་ངོས་ཀྱིས་ཀྱང་བསྟེན་པའི་སྐབས་རེད། འོན་ཀྱང་རྒན་པདྨ་རྒྱལ་མཚན་གྱིས་འབྲས་སྤུངས་ཀྱི་སོ་སོའི་རང་ལུགས་ཟིན་ཏེ་བརྟན་པོ་བྱས་ནས་བཞུགས་ཀྱི་རེད། ཕྱིས་སུ་བསམ་བློ་གཏོང་སྐབས་རྒན་ཧ་ལས་པའི་མཛད་རྗེས་ཆེན་པོ་རེད་འདུག དེ་དུས་ངོས་ཀྱིས་ཀྱང་བསྟེན་གྱི་ཡོད་ལ། ཚང་མས་འུར་བརྒྱབ་ནས་བྱེད་ཀྱི་ཡོད་ཀྱང་རྒན་པདྨ་རྒྱལ་མཚན་གྱིས་སོ་སོའི་རང་ལུགས་ཧ་ཅང་བརྟན་པོ་ཟིན་གནང་བ་རེད། སྦག་སར་ཆ་བཞག་ན། ཧ་ཅང་ཐུགས་ཁུར་བསྐྱེད་ཡོད། གཞིས་ཆགས་སུ་གདན་ས་གསུམ་སྤོས་ཟིན་རྗེས་ཀྱང་རྒན་པདྨ་རྒྱལ་མཚན་གྱིས་དཔེར་ན། ཨར་པོ་འཛུགས་སྐྲུན་ཚུན་ཆད་ལ་ཧ་ལས་པའི་ཐུགས་ཁུར་བསྐྱེད་ཡོད། རྗེས་སུ་རྒན་སྐུ་གཟུགས་སྐྱོ་པོ་ཆགས་ནས་ཕར་ཚུར་ཞེ་དྲག་ཕེབས་མི་ཐུབ་ཀྱང་། འཁོར་ལོ་ཡོད་པའི་རྐུབ་སྟེགས་ཐོག་བཞུགས་ནས་དེ་གར་གཟིགས་པར་ཕེབས་ཏེ་ཧ་ཅང་ཤུགས་བསྐྱོན་ཡོད། དེ་རིང་གི་དུས་ཚོད་འདིར་དངོས་གནས་ཆོས་ཕྱོགས་ཐོག་ནས་མཛད་རྗེས་འཇོག་མཁན་ཁོང་རྣམ་པར་ང་ཚོས་རྗེས་དྲན་བྱེད་དགོས།

ཆབ་སྲིད་ཐོག་ནས་བཤད་ན། ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཕྱིན་པའི་སྐབས་ནས་བཟུང་ཕུན་ཚོགས་དབང་རྒྱལ་ཐུག་ཡོད་ལ་ཁོང་རང་དེ་སྔ་ནས་ངོ་ཤེས་ཀྱི་ཡོད། དེའི་སྔོན་སྔོན་ལ་བོད་ནས་གུང་ཁྲན་གྱི་དོགས་པ་ཡོད་པ་གང་ཙམ་ཞིག་མར་ཕྱིར་ཕུད་བྱས་ཡོད། ཕྱི་ལོ་ ༡༩༤༨ དང་ ༤༩ དེ་འདྲ་ཞིག་ལ་རེད། ཕུན་ཚོགས་དབང་རྒྱལ་ཕུད་པ་དེའི་གྲས་ནང་ཡོད།

རྗེས་སུ་ཕུན་ཚོགས་དབང་རྒྱལ་བཅིངས་འགྲོལ་དམག་ཐོག་མར་བོད་ལ་ཡོང་སྐབས་དམག་དཔོན་ཀྲང་གོ་ཧཱ་མཉམ་དུ་ཡར་སླེབས་སོང་། ངོས་ཀྱིས་ཧ་ཅང་གསལ་པོ་དྲན་གྱི་འདུག དེ་དུས་ནོར་གླིང་དུ་འབྱོར་ཕྱག་ལྟ་བུ་ཞུ་སྐབས་ཕུན་ཚོགས་དབང་རྒྱལ་བོད་ཆས་ཤིག་གྱོན་དེའི་སྟེང་ཝ་ལྤགས་ཀྱི་ཞྭ་མོ་ཞིག་གྱོན་ཏེ་རྒྱ་མིའི་དཔོན་པོ་མཉམ་དུ་ཡོང་གི་འདུག ངོས་ཀྱི་མདུན་དུ་སླེབས་མ་ཐག་ཞྭ་མོ་ཕུད་ནས་ཕྱག་གསུམ་འཚལ་སོང། ཁོང་རང་གུང་ཁྲན་ཏང་གཙང་མ་རེད། དེ་དུས་ཆོས་ལ་དེ་ཙམ་གྱིས་དོ་སྣང་བྱེད་ཀྱི་མེད། འོན་ཀྱང་སོ་སོའི་མི་རིགས་ཀྱི་ལྟ་བ་དེ་ཧ་ཅང་ཤུགས་ཆེན་པོ་རེད་འདུག སྐབས་ཤིག་ངེད་གཉིས་པེ་ཅིང་དུ་ཡོད་པའི་ཁ་ཐུག་ལ་ཉིན་གཅིག་དེ་སྔའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མང་ཙམ་བཤད་དེ་ཕུན་ཚོགས་དབང་རྒྱལ་གྱིས་སྔོན་མ་སྔོན་མ་ནོར་གླིང་དུ་མཇལ་ཁ་ཞིག་ལ་ཕྱིན་པ་ཡིན། དེ་དུས་ངོས་རང་བཞུགས་ཁྲི་ཐོག་ཆུང་ཆུང་ཞིག་འདུག ད་ཆ་འདི་འདྲ་གནང་བཞུགས་ཡོད། དེ་དུས་ངོས་རང་ལོ་ ༢༡།༢༢ ཞིག་རེད། ཕུན་ཚོགས་དབང་རྒྱལ་གྱིས་ཕྲུ་གུ་ངུ་བ་ལྟར་ཧ་ལས་པ་ངུ་སོང། ཆོས་ལ་དད་པ་དམིགས་བསལ་མེད་ཀྱང་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད་འདུག གང་ལྟར་བོད་མི་རིགས་ཀྱི་ཞེན་ཁོག་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་དགའ་ཞེན་ཡོད་པ་ཞིག་རེད། མི་རྣམ་དཔྱོད་དང་བསམ་བློ་ཆེན་པོ་ཞིག་རེད་འདུག རྗེས་སུ་ངེད་རྒྱ་མིའི་སྐད་ཆ་ཤོད་སྟངས་ལྟར་ན་བློ་མཐུན་ཆགས་པ་རེད།

ཕུན་ཚོགས་དབང་རྒྱལ་གྱི་འགྲམ་ནས་ངོས་ཀྱིས་མར་ཁེ་སི་རིང་ལུགས་སྦྱང་པ་ཡིན། ཁོང་རང་ལ་ཡིད་ཆེས་གཙང་མ་ཡོད་པ་རེད་ལ་ངོས་རང་ལ་ཡང་ཡིད་ཆེས་སླེབས་ཏེ་པེ་ཅིང་དུ་ཡོད་སྐབས་ངོས་རང་གུང་ཁྲན་ཏང་ནང་འཛུལ་གྱི་ཡིན་ཞེས་ངོས་ཀྱིས་བརྗོད་པ་ཡིན། རྒྱ་མིའི་དཔོན་པོ་དེ་དུས་ཕལ་ཆེར་ལིའུ་ཁན་མེན་ཡིན་པ་ཡོད། སྔོན་ལ་བྲེལ་བ་བྱེད་དགོས་མེད་ཅེས་དེ་མུར་བཞག་པ་རེད། གང་ལྟར་ཕུན་ཚོགས་དབང་རྒྱལ་ངེད་གཉིས་ཧ་ཅང་ཉེ་པོ་ཡིན། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། དམར་པོའི་རིང་ལུགས་ཀྱི་ལྟ་གྲུབ་ཐོག་ལ་ཆ་བཞག་ན། ཞེ་དྲག་ཤོད་རྒྱུ་ཡོད། དེ་དངོས་གནས་སོ་སོ་རང་ཉིད་ཀྱིས་ཡིད་ཆེས་བྱས་ཏེ་ལག་ལེན་བསྟར་ནས་དམར་པོའི་ལྟ་གྲུབ་འཛིན་མཁན་ཞིག་རེད། ལོ་གཅིག་ཕྱིས་སུ་ཕྱིས་སུ་རེད། ཕུན་ཚོགས་དབང་རྒྱལ་ཤི་ལི་སྒུ་རིར་སླེབས་པའི་སྐབས་ཡིན་པ་རེད། དེ་དུས་ངོས་ཀྱིས་ཁ་པར་བཏང་སྟེ་ཁ་པར་ཐོག་འབྲེལ་བ་ཐེངས་ཁ་ཤས་ཤིག་བྱུང་། ཉིན་གཅིག་ངོས་ཀྱིས་ཁ་པར་ནང་ཕུན་ཚོགས་དབང་རྒྱལ་ལ་ད་ཆ་སྤྱི་ཚོགས་རིང་ལུགས་ག་རེ་བྱས་སོང་ངམ་ཞེས་བརྗོད་པ་ཡིན། ཁོང་རང་གད་མོ་ཤོར་སོང་བ་ལས་བརྗོད་རྒྱུ་གང་ཡང་མི་འདུག ཕུན་ཚོགས་དབང་རྒྱལ་གྱི་སྤུན་མཆེད་ཐུབ་དབང་ཧ་ཅང་ཡག་པོ་རེད། གུང་ཁྲན་ཏང་ཡོན་ཧ་ཅང་བསམ་བློ་ཡོད་མཁན་ཞིག་རེད། ངོས་ཀྱིས་ཐུབ་དབང་གི་མདུན་རྒྱ་ཡིག་སློབ་ཚན་གང་ཙམ་སྦྱང་མྱོང་། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ཕུན་ཚོགས་དབང་རྒྱལ་སྤུན་གཉིས་ངོས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་དུས་འབའ་པ་གཞན་དག་མང་པོ་ཡོད་ཀྱང་གཅིག་དང་གཉིས་ཀྱི་མིང་དྲན་གྱི་འདུག་ལ་ཤོད་དགོས་དོན་ཡང་མི་འདུག

ཕྱིས་སུ་འབའ་པ་བཀྲིས་ཚེ་རིང་དང་ཡང་གླིང་རྡོ་རྗེ་དང་ཁོང་ཚོའི་གྲས་དེ་དག་སོ་སོའི་མི་རིགས་ཀྱི་ལྟ་བ་ཁྱེར་ནས་ཧ་ལས་པ་རེད་འདུག ཉེ་ཆར་རང་དེབ་གཅིག་བཏོན་འདུག ཀྲའུ་ཙེ་ཡང་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ལ་སླེབས་རྗེས་ཡང་གླིང་རྡོ་རྗེས་བྲིས་པའི་བསམ་འཆར་གྱི་དེབ་གཅིག་ཉེ་ཆར་རང་ཧོང་ཀོང་ནས་བཏོན་འདུག་པ་ཧ་ལས་པ་རེད་འདུག དེ་དུས་ཡང་གླིང་རྡོ་རྗེས་བཤད་ཡོད་པའི་བསམ་འཆར་ལྟར་རྒྱ་ནག་དབུས་གཞུང་ནས་ལག་བསྟར་བྱས་ཡོད་ན། བོད་ཀྱི་ནང་ཟ་ཟིང་དེ་འདྲ་རྩ་བ་ནས་ཡོང་གི་མ་རེད། ད་ཚོད་གཅིག་བྱས་ནས་གནས་ཚུལ་ཡག་པོ་ཞིག་ཡོང་ཐུབ་པའི་ཕལ་ཆེར་རེ་བ་ཡོད། འོན་ཀྱང་སྐབས་དེ་དུས་རྒྱ་མིའི་དཔོན་པོ་ཞིག་གིས་མཁྲེགས་པོ་བྱ་རྒྱུའི་སྐད་ཆ་བཤད་དེ་སྲིད་བྱུས་དེའི་ཐོག་ཕྱིན་པའི་རྐྱེན་གྱིས་ད་ལྟ་ཡིན་ཡང་འབ་སུབ་མ་བསྡུ་པའི་གནས་ཚུལ་གཉིས་སྡུག་རང་ཆགས་ཏེ་རྒྱ་ནག་ངོ་ཚ་དགོས་པ་དང་ཧ་ཅང་སྤམ་ཤོར་དགོས་པ། ཚུར་ཕྱོགས་འདིར་ང་ཚོ་བོད་པ་ཚོར་ཆ་བཞག་ན། དཀའ་ངལ་ལོ་ནས་ལོ་བསྟུད་དེ་མྱོང་དགོས་པ་ཞིག་ཆགས་ཡོད། དེར་བརྟེན་ཡང་གླིང་རྡོ་རྗེ་དང་ཁོང་ཚོའི་གྲས་དེ་ཧ་ལས་པའི་སེམས་ཤུགས་དང་རྣམ་དཔྱོད་ཡོད་པ་རེད། འབའ་པ་ཡུལ་ལུང་ཆུང་ཆུང་རེད། འོན་ཀྱང་དེའི་ནང་ནས་མི་ཆོས་དང་བོད་ཀྱི་འཐབ་རྩོད་གཉིས་ཀའི་ནང་བྱས་རྗེས་ཡོད་པའི་མི་ངོས་རང་གི་སྒེར་གྱི་ངོ་ཤེས་པ་མང་པོ་ཡོད་ཧ་ཅང་ཡག་པོ་རེད། ཁྱེད་རང་ཚོ་དེར་ལྟོས་པའི་སྡེ་གྲོང་ཆུང་ཆུང་དེའི་ནང་ནས་སེར་སྐྱ་གཞིས་བྱེས་ཐུན་མོང་ཐོག་ནས་དེ་རིང་འདིར་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་སྨོན་ལམ་ཡག་པོ་རྒྱོབས། འབའ་པ་མེས་པོ་ཚོའི་སྐབས་ལ་ཡིན་ནའང་བྱས་རྗེས་ཆེན་པོ་ཡོད་པ་རེད་ལ་འབྱུང་འགྱུར་ཡིན་རུང་ཁྱེད་ཚོ་གཞོན་པ་ཚོས་གང་ཅིའི་ཐོག་ཞབས་འདེགས་སྒྲུབ་ཐུབ་པའི་སྙིང་སྟོབས་བསྐྱེད་དགོས། སྙིང་སྟོབས་གཅིག་པུས་འདང་གི་མེད། ཤེས་ཡོན་དང་རྣམ་དཔྱོད་དགོས་པར་བརྟེན། སློབ་སྦྱོང་ཐོག་ལ་ཤུགས་རྒྱག་རྒྱུ། ཆོས་རབ་ཏུ་འབྱེད་བྱེད་ཤེས་རབ་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་ལྷག་བསམ་གྱི་སྙིང་སྟོབས་ཟུང་དུ་འབྲེལ་ནས་འགྲོ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ་ཞེས། བཀའ་སློབ་སྩལ་ཡོད།

ལོ་རྒྱུས།

Post navigation

Previous Post: ཟས་བཅད་ངོ་རྒོལ་བའི་འབོད་སྐུལ།
Next Post: ཨ་རིའི་བོད་སྐད་རླུང་འཕྲིན་སྒོ་རྒྱག་འཆར།

Comments (9) on “གཞིས་བྱེས་འབའ་ཐང་མི་མང་གིས་བརྟན་བཞུགས་འབུལ་སྐབས་སྩལ་བའི་བཀའ་སློབ།”

  1. ཟངས་རྡོ says:
    2012-03-07 at 11:33 am

    སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་པད་རྟག་བརྟན་ཡོང་བར་སྨོན།
    འབའ་ཐང་མི་མང་ལ་ཐུགས་རྗེ་ཆེ་ཞུ།

  2. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-07 at 12:28 pm

    དེ་རིང་འབའ་བའི་མཁས་དབང་སྐོར་གཅིག་གི་ལོ་རྒྱུས་གསུངས་སྐབས་དངོས་གནས་ཧ་ལས་པ་ཡིན་གོ་རྟོགས་མི་མང་པོ་ལ་བྱུང་ཡོད་པ་རེད་བོད་རིགས་རྣམས་ཀྱི་ཀྱང་ཁོང་ཚོའི་རྗེས་སུ་བསྙེག་རོགས་་་་་་་་་་་་་་་

  3. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-07 at 12:32 pm

    ངའི་སྔོན་ནས་འབའ་བ་བཀྲིས་ཚེ་རིང་ཐང་མང་པོ་གོ་མྱོད་ཡོད་་་་་་་་་་་རླབས་ཆེན་གྱི་མི་ཞིག་རེད་་་་་་་་་་་་འབའ་ཕུན་ཡོང་གྲགས་་་་་་་་་་་་རྗེས་སཡིན་རིང་ཡོད་་་་་་་་་་འབའ་བ་མི་མང་ཚོའི་རླབས་ཀྱི་མཛད་རྗེས་བཞག་སོང་ཧ་ཅང་དགའ་སྤྲོ་གྲངས་མེད་བྱུངས་སོང་་་་་་་་་་་

  4. བཙན་བྱོལ་བ། says:
    2012-03-07 at 1:29 pm

    ༸གོང་ས་མཆོག་ལ་བརྟན་ཞུགས་ཕུལ་བ་ཡག་པོ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་བཀའ་བཞིན་བསྒྲུབ་པའི་བྱ་བ་བརྩམ་རྒྱུ་དེ་རེད། འདི་ནི་འབའ་པ་བརྟན་ཞུགས་ཕུལ་མཁན་ཙམ་དུ་མ་ཡིན་པར་སྐྱིད་སྡུག་ཚོགས་པའི་མིང་ཅན་ཡོངས་ལ་ཞུ་གིན་ཡོད། དོལ་རྒྱལ་བསྟེན་གསོལ་འཚམས་འཇོག་གིས་མཚོན་པའི་བྱ་བ་ཡོངས་རྫོགས་ཁ་ཞེ་གཉིས་མེད་གནོང་རོགས་ཞུ་རྒྱུ་ཡིན། རང་གིས་ཙམ་དུ་མ་ཟད་གཞན་ལ་ཡང་དེ་ལྟར་ཡང་འབོད་བསྐུལ་གནང་དགོས་པ་ཡིན། དེ་ལྟར་བྱུང་ན་བརྟན་ཞུགས་ད་གས་འཐུས་པ་ཡིན།

  5. བསོད་ནམས།། says:
    2012-03-07 at 6:25 pm

    ད་རེས་༧ གོང་ས་མཆོག་ནས་འབའ་བ་ཕུན་དབང་ལ་བསྟོད་བསྔགས་གནང་འདུག་ལ་གནང་འོས་པ་རེད། ༧ གོང་ས་མཆོག་ལ་བཀའ་དྲིན་ཆེ་ཞུའོ།།

  6. དཔྱིད་འགོའི་མེ་ཏོག says:
    2012-03-07 at 8:05 pm

    འབའ་ཐང་མི་་མང་ལ་ཐུགས་རྗེ་ཆེ་ཞུ།

  7. ཅོག་རོང་གི་མྱི། says:
    2012-03-07 at 9:20 pm

    འབའ་པ་ཚོས་བོད་ལ་བཞག་པའི་བྱས་རྗེས་དེ་ཕར་བཞག ཕུན་དབང་དང་ཡང་གླིང་རྡོ་རྗེ་དག་གིས་རྒྱ་ནག་གི་བོད་དོན་ཐད་ལ་འབུར་འཇོམས་བྱེད་པའི་སྲིད་བྱུས་བསྐྱངས་བའི་ཕྱོགས་་ལ་ཉེར་ལེན་དང་མཐུན་སྦྱར་ཡོད་ད་ཡོད། རྔ་བ་ནས་ཡང་གླིང་རྡོ་རྗེའི་གོ་གནས་འཕེར་ཏེ་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཛིན་གཞོན་པར་སླེབས་པ་རེད། དུས་དེ་ནས་བཟུང་ག་གེ་མོ་ཞིག་གིས་བོད་དོན་ལ་གཏུམ་དྲག་གི་སྦྱོར་བ་སྤེལ་ནུས་ན་གང་ཟག་དེའི་གོ་གནས་འཕེར་བ་གདོན་མི་ཟ་བ་ནི་རྒྱ་གུང་ཁྲན་གྱི་ཆོས་ཉིད་དུ་གྱུར། ད་ལྟའི་རྒྱ་མིའི་སྲིད་འཛིན་ཡང་ཐེམ་སྐེས་འདི་ལ་བརྟེན་ནས་སྲིད་སྟེགས་དེ་རག་པ་རེད། བོད་ཀྱི་བསྟན་སྲིད་ལ་ཕྱི་ནང་གསང་གསུམ་ནས་འཇིག་པའི་རྒྱུ་ནིའང་གང་ཟག་འདི་དག་གི་འཚོ་གཞིས་ཡིན། ༧གོང་ས་མཆོག་གི་བསྟོད་པ་ཙམ་གྱིས་བོད་དོན་གྱི་ལེགས་ཉེས་དང་ཁེ་ཉེན་འབྱེད་པའི་ཉ་མོའི་མིག་དེ་བཙུམ་མི་ཉན་ཡ།

  8. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-03-08 at 1:22 pm

    རླབས་ཆེན་གྱི་འབའ་ཐང་གི་བོད་རིགས་་་་་་་་་་་་་གཟི་བརྗིད་ཀྱི་འོད་དཀར་རེ་རེ་འཆར་སྒམ་ངོགས་སུ་ལུད་ཀྱིན་མཆིས་་་་་་་་་་་་་མཁས་དབང་དང་བསམ་བློ་པ་འཁྲུངས་སའི་འབའ་ཐང་གི་འཇིག་རྟེན་དེ་ལ་ལོ་རྒྱུས་ཀྱི་དུས་ཡིན་རིང་།་་་་་་་་་་དཔའ་རྒོད་དང་ཤེས་རིགས་རྒྱས་སའི་འབའ་ཐང་གི་ཕ་ཁྱིམ་ལགས་་་་་་་་་་་་་ཁྱེད་ནམ་ཡང་བརྗེད་མེད་་་་་་་་་་་་ཁྱེད་ཡིན་དུ་བརྟན་པར་སྨོན་་་་་་་་་་འབའ་ཐང་འབའ་ཐང་འབའ་ཐང་་་་་་་་་་་་་་་་་་་་མ་འོངས་པའི་ལོ་རྒྱུས་དང་འུ་ཅག་ཆེད་དུ་ཡིན་ནས་ཡིན་དུ་་་་་་་་་་་་་་་

  9. ནུབ་ཕྱོགས་གངས་ཕྲུག་ says:
    2012-03-08 at 2:14 pm

    འབའ་ཐང་བོད་རིགས་་ཆོས་ཕྱོགས་ཀྱི་མཁས་པ་གདན་ས་གསུམ་ནང་མང་པོ་བྱུང་བ་རེད་འདུག ཕུན་ཚོགས་དབང་རྒྱལ་ནི་བོད་རིགས་གུང་བྲན་དང་པོའི་གྲས་ཡིན་ས་རེད། མི་རིགས་ཀྱི་ལ་རྒྱ་ཡག་པོ་ཡོད་མཁན་ཡིན་ནའང་། ་གུང་བྲན་གྱི་ལྟ་བ་འཛིན་མཁན་ཡིན་ན་གུས་ཀྱི་དགའ་སྤོབ་བྱེད་མི་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme