ཤིས་ཚང་ལྗང་སྨྱུག་གིས།
————
སྐུ་ཞབས་རྡོ་གྲགས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་བརྙན་འཕྲིན་ཟློས་གར་༼ཁ་སང་གི་གཏམ་རྒྱུད་༽ལ་བལྟས་རྗེས།
ཚན་རྩལ་འཕྲུལ་རིག་དར་བའི་བརྒྱུད་རིམ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོ་ཟང་ཟིང་འདུ་ལོང་ཅན་དུ་བསྒྱུར་ཡོད་ལ། དུས་ཀྱི་འགྱུར་བ་དང་ཕྱིའི་ཟང་ཟིང་དེའི་སྒུལ་ཤུགས་གཡོ་སྐྱོམ་གྱིས་འུ་ཚོའི་བོད་མི་རིགས་ཀྱི་འཚོ་བ་ལའང་ཕྱོགས་ཡོངས་ནས་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་མིག་སྔའི་འགྱུར་ལྡོག་གི་སྣང་ཚུལ་རེ་འགས་ར་སྤྲོད་གསལ་བོར་བྱེད་ནུས། སྤྱི་ཚོགས་དེང་རབས་ཅན་དུ་ཕྱོགས་པ་དེས་ཐད་ཀར་མིའི་བསམ་བློ་ལ་བཀོད་འདོམས་བྱས་པ་དང་འདྲ་བར་མི་རིགས་ཤིག་གི་དངོས་པོ་དང་དངོས་པོ་མ་ཡིན་པའི་རིག་གནས་སྣང་ཚུལ་མཐའ་དག་ཉམས་ཡལ་དུ་འགྲོ་བཞིན་མཆིས་ལ། གསར་ཞེན་རྙིང་དོར་གྱི་འདུ་ཤེས་གློ་བུར་བ་ཞིག་ཀྱང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཁྲོད་བོད་མིའི་སེམས་ཁོང་དུ་སིམ་འཛུལ་བྱེད་ཀྱིན་ཡོད། འདི་ནི་དུས་སྐབས་ཤིག་གི་ཆོས་ཉིད་ཀྱིས་དེད་འོངས་པའི་བསམ་བློའི་འགྱུར་ལྡོག་གི་སྣང་བརྙན་ཞིག་ཀྱང་མིན་པ་ག་ལ་སྲིད།
འདས་མ་ཐག་པའི་སྟོང་ལོ་བརྒྱད་པའི་ནང་སྐུ་ཞབས་རྡོ་གྲགས་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་བརྙན་འཕྲིན་ཟློས་གར་གསར་བ་༼ཁ་སང་གི་གཏམ་རྒྱུད་༽ཀྱིས་དེ་ལྟ་བུའི་སྤྱི་ཚོགས་རིམ་འགྱུར་གྱི་དུས་བབ་ཁྲོད་དུས་བཞིའི་དྲོ་གྲང་དང་བསྡོངས་ཏེ་རི་སུལ་སྐྱ་མོར་སྐྱས་སྤོར་གནས་བཅས་བྱས་པའི་བོད་ཀྱི་འབྲོག་སྡེ་ཞིག་གི་བསམ་བློའི་འཕོ་འགྱུར་དང་། དངོས་པོ་མ་ཡིན་པའི་དམངས་ཁྲོད་རིག་གནས་ཉམས་ཡལ་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་བརྙན་རིས་ཀྱི་ལམ་ནས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། བརྙན་འཕྲིན་ཟློས་གར་དེ་ནི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་སྒྲིག་སྦྱོར་བྱས་པའི་བོད་ཀྱི་འཚོ་བ་དངོས་བརྗོད་བྱར་བཟུང་བའི་ལེའུ་བརྒྱད་ཅན་གྱི་བརྙན་འཕྲིན་ཟློས་གར་གསར་བ་ཞིག་ཡིན་ལ། འཁྲབ་ཁྲིད་པ་དང་བརྙན་ལེན་པ། སྒྲ་སྦྱོར་བ་དང་འཁྲབ་སྟོན་པ་ཚང་མ་བོད་པ་རྐྱང་བ་རེད།