༄༅། །བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བར་བྱེད་པའི་སྒྲུབ་ཐབས་སྲིད་བྱུས་དང༌།དེ་ལག་ལེན་དུ་ཇི་ལྟར་བསྟར་བའི་ཚུལ་བྱེ་བྲག་ཏུ་སྟོན་པ། བོད་ཡུལ་གཏན་དུ་བདེ་བའི་གཞི་མ་ཞེས་བྱ་བ་བཞུགས་སོ།།
བོད་མི་ས་ཡ་དྲུག་གི་མཐའ་མའི་ཐག་གཅོད་ཆེན་མོ།། ཨ་མེ་རི་ཀའི་རྒྱལ་ཕྲན་ལྔ་བཅུ་ང་གཅིག་པ་སྟེ། བོད།
པད་གདུང་རྡོ་རྗེ་བཙན་པོས།
ཨ་བོད་དང་བླངས་བོད་དོན་གསང་སྒྲུབ་མཐུན་ཚོགས་ནས། བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་སོ་བཞི། རབ་བྱུང་རི་ཟླའི་མེ་ཕག་ལོའི་བོད་ཟླ་དགུ་བའི་ཚེས་བཅུ་བཞི། ཕྱི་ལོ་ཉིས་སྟོང་བདུན་ཟླ་བཅུ་བའི་ཚེས་ཉེར་བཞི་བཟང་བོར་ལེགས་པར་གྲུབ་པ། བོད་འདི་དེང་ནས་རྟག་ཏུ་རྒྱལ་ཞིང་གཏན་དུ་བདེ་བའི་རྒྱུར་གྱུར་ཅིག། བཀྲ་ཤིས། དགེ་ལེགས་འཕེལ།།
ཨོཾ་སྭསྟི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ཚོགས་ལ། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ།། སྔར་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར། དུས་ངན་སྙིགས་མའི་སེམས་ཅན་ཀུན། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་མྱུར་དུ་བསྒྲལ་དུ་གསོལ། ད་ལྟ་ཉིད་དུ་བསྒྲལ་དུ་གསོལ།།
ད་ལྟ་ལྷོ་ནུབ་སྲིན་པོའི་ཡུལ་ན་ཟབ་གསང་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བའི་སློབ་དཔོན་པདྨ་འབྱུང་གནས་དྲག་པོ་རྩལ་བྱེ་བ་འབུམ་ཕྲག་ལ། བཀའ་དྲིན་རྗེས་སུ་དྲན་བཞིན་གདུང་ཤུགས་དྲག་པོས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས་ཤིང་སྐྱབས་སུ་ཉེ་བར་མཆིའོ།། བོད་འབངས་སྐྱོང་བཞེད་ཐུགས་དམ་གཉན་པོ་ཉེ་བར་དགོངས་ལ། རྒྱལ་བ་ཀུན་ལས་མྱུར་བའི་ཐུགས་རྗེ་འཕྲིན་ལས་དུས་ལས་མི་གཡོལ་བར། བཟོད་མེད་སྡུག་བསྔལ་དྲག་པོས་མནར་བའི་བོད་འབངས་སེམས་ཅན་ཐམས་ཅད་དུས་ངན་གཉན་འཕྲང་འདི་ལས་བསྐྱབ་ཏུ་གསོལ། ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ།
འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། མཉམ་མེད་ཤཱཀྱའི་རྒྱལ་བོ་བྱེ་བ་འབུམ་ཕྲག་གྲངས་མེད་ལ། ཞིང་གི་རྡུལ་སྙེད་ལུས་རབ་སྤྲུལ་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ།།ཀུན་ནས་ཉོན་མོངས་པས་རྒྱུད་བརླམས་ཤིང༌། མ་རིག་འཐིབས་པོའི་སྨག་རུམ་ན་འདོད་ཆགས་ཀྱི་དུག་རླངས་འཐུལ་ཞིང༌། ཞེ་སྡང་དྲག་པོའི་མེ་ལྕེ་རྒྱ་ཡན་དུ་སྦར་བ་ལས། རང་གཞན་ཚང་མའི་བདེ་བའི་གནས་དང་སྐབས་ཐམས་ཅད་འཇོམས་པར་བྱེད་པའི་ངང་ཚུལ་འདི་ལ། ཐུགས་བཏང་སྙོམས་མི་མཛད་པར། དགོངས་པའི་དབྱིངས་ནས་ཐུགས་རྗེའི་ཤུགས་ཕྱུངས་ལ། འཇིག་རྟེན་ཀུན་གྱི་མུ་གེ་དམག་འཁྲུག་དང་ནད་ཡམས་བར་ཆད། བསམ་ངན་སྦྱོར་རྩུབ་ཐམས་ཅད་ད་ལྟ་ཉིད་དུ་ཞི་ནས། སེམས་ཅན་ཐམས་ཅད་ཞི་བདེ་དང་རང་དབང་ལ་གནས་ཤིང་དགའ་བདེའི་དཔལ་གྱིས་ཁྱབ་པར་མཛད་དུ་གསོལ། ད་ལྟ་ཉིད་དུ་མཛད་དུ་གསོལ།།