Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

Posted on 2025-07-052025-07-05 By ཁ་བརྡ་ 2 Comments on

ཆབ་མདོ་ངག་ཕུན།

 

དེ་ཡང་སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་པར་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པའི་དོན་ལྟར། མགོན་པོ་མཆོག་གི་བོད་མི་རིགས་དང་། གང་ལྟར་སངས་རྒྱས་བསྟན་པར་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་པའི་ཐོག་ནས་བྲིས་པ་ཞིག་ཡིན། རང་ཉིད་ལ་དེ་འདྲ་ཞིག་འབྲི་བའི་ཤེས་ཚད་སོགས་གང་མེད་ནའང་། ཁོང་གི་མཛད་པ་འཕྲིན་ལས་རྒྱ་མཚོ་ནང་ནས་ཆུ་ཙམ་ཞིག་བརྗོད་པར་ག་ལ་ནུས། ཡིན་ནའང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི་གལ་ཆེའི་གནད་དོན་ཞིག་ཡིན་པས། རང་ཉིད་ཀྱི་ཇི་ཤེས་པ་ཙམ་བྲིས་པའི་ཁུལ་ཡིན་པ་དང་། ལྷག་དོན་ལོ་འདིར་མགོན་པོ་མཆོག་ད་ལོ་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་པར་བརྟེན། མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་བྲིས་པ་ཞིག་ཡིན་པས། མགོན་པོ་མཆོག་སྐུ་ཚེ་རིང་དུ་བརྟན་ཞིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པར་སྨོན་ལམ་དང་བཅས།

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ།

དེ་རིང་གླེང་འདོད་པ་ནི་སླེབས་ལ་ཉེ་བའི་གོ་སྟོན་སྐོར་ཡིན་ཞིང་། དེ་ཡང་བོད་མི་རིགས་ལ་བཀའ་དྲིན་བླ་ན་མེད་པ་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་དགུ་བཅུར་ཕེབས་ཀྱི་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་བྱུང་ཡོད་པ་དང་། དུས་སྐབས་དེར་བོད་ཀྱི་ཆབ་སྲིད་ཆགས་འཇིག་གི་སོ་མཚམས་དེར་དགུང་ལོ་བཅུ་དྲུག་ལས་ཕེབས་མེད་ནའང་ཐུགས་སྟོབས་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད། སྐབས་དེར་བོད་ཀྱི་ཆོས་སྲིད་མགོན་པོ་མཆོག་དགུང་ལོ་བཅུ་དྲུག་བཟུང་ནས་བོད་རིགས་ཀྱི་བདེན་དོན་ཆེད་དུ་ཡོད་ཚད་བློས་བཏང་མཛད་ཡོད།

དེ་ཡང་འཛམ་གླིང་ཆབ་སྲིད་ཀྱི་འཕོ་འགྱུར་ཆེ་བའི་དུས་སྐབས་དེ་དང་། ལྷག་པར་བོད་ཀྱི་ཆབ་སྲིད་ཧ་ཅང་ཛ་དྲག་ཆེ་བའི་དུས་སྐབས་དེར་༸རྒྱལ་བ་རིན་པོ་ཆེའི་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཐུགས་འགན་བཞེས་དགོས་བྱུང་ཡོད་ཅིང་། དེ་ཡང་བོད་ཀྱི་ཆབ་སྲིད་ལོ་མང་སྔོན་ནས་འཐུས་ཤོར་ཕྱིན་ཟིན་པ་ཞིག་དུས་སྐབས་ཛ་དྲག་གི་སྐབས་སུ་ལས་ཀྱི་སྣེ་མོ་ཚོས་ང་མིན་ཁོ་མིན་བརྗོད་དེ་དགུང་ལོ་བཅུ་དྲུག་ལས་ཕེབས་མེད་པའི་གཞོན་ནུ་ཞིག་གི་ལག་ཏུ་རྩིས་སྤྲད་པ་རེད། དགུང་ལོ་བཅུ་དྲུག་ཟེར་དུས་བསླབ་པ་སློབ་གཉེར་གནང་བའི་དུས་ཚོད་གཅིག་ལས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པའི་དུས་ཚོད་ལ་ཕེབས་མེད། ཡིན་ནའང་ཁོང་གིས་ཐེ་ཚོམ་དང་འབྲེལ་བའི་ཐོག་ནས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་དགོས་བྱུང་ཡོད།

དེ་ཡང་མཛད་རྣམ་ལས། (༡) བོད་ཤར་ཕྱོགས་སུ་གནས་ཚུལ་ཛ་དྲག་ཅན་ཤིན་ཏུ་སྡུག་པོ་དེ་ལྟར་ཡོང་སྐབས་ལྷ་སར་བོད་གཞུང་ནས་ལྷ་དང་། བླ་མ་ཆེ་ཁག་ཚོར་སློབ་སྟོན་ཞུས་ཏེ། ཁོང་ཚོའི་བསླབ་བྱའི་ལམ་སྟོན་གྱིས་བཀའ་ཤག་ནས་བོད་ཀྱི་འགན་དབང་ཕྲན་ནས་འཛིན་དགོས་བརྗོད་བྱུང་། ལྷ་བླའི་ལུང་བསྐུལ་དེ་ལྟར་བྱས་ན་ཡང་། སྐབས་དེར་ང་ལོ་བཅུ་དྲུག་ལས་མ་སོན་ཞིང་། ཆོས་ཀྱི་སློབ་གཉེར་བྱ་རྒྱུ་མང་པོ་བསྡད་ཡོད་པ་མ་ཟད། འཛམ་གླིང་གི་གནས་ཚུལ་ཤེས་རྒྱ་ཆུང་ཞིང་། སྲིད་དོན་གྱི་ཉམས་མྱོང་གང་ཡང་མེད། དེར་བརྟེན་ངས་ཐོག་མར་བཀའ་ཤག་ལ་རྒྱལ་དབང་གོང་མས་ལུགས་གཉིས་འགན་བཞེས་དགུང་ལོ་བཅོ་བརྒྱད་ཙམ་ལ་བཞེས་པར་བརྟེན་ད་ལྟ་ལོ་ན་ཆུང་བས་འགན་འཁུར་མི་ཐུབ་ཚུལ་བརྗོད་པ་ཡིན། ཞེས་གསལ་དོན་ལྟར་དུས་སྐབས་ཧ་ཅང་ཛ་དྲག་གནས་སྟངས་འདི་འདྲའི་སྐབས་སུ་རང་གཞུང་གི་ལས་ཀྱི་སྣེ་མོ་བ་ཚོས་རྣམ་རིག་བསྒྲིམ་ནས་སྲིད་ཀྱི་ལས་དོན་གནང་དགོས་ནའང་། རང་གཞུང་གི་ལས་ཀྱི་སྣེ་མོ་ཚོའི་ང་མིན་ཁོ་མིན་བརྗོད་ནས་ཆབ་སྲིད་ལ་གཡོ་གང་ཐུབ་བྱས་ནས་གོང་ཞུས་ལྟར་དགུང་ལོ་བཅུ་དྲུག་ལས་ཕེབས་མེད་པའི་གཞོན་ནུ་ཞིག་གི་ལག་ཏུ་རྩིས་སྤྲད་པ་རེད།

དུས་སྐབས་ཛ་དྲག་དེ་འདྲའི་ཁོང་གིས་ཐུགས་སྟོབས་ཞུམ་པ་མེད་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་མཛད། ལམ་ལུགས་རྙིང་པ་མུ་མཐུད་དུ་ཕྱིན་པ་ཡིན་ན་བོད་འདི་ཉིད་ནམ་ཡང་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་མི་འགྲོ་བར་དངོས་སུ་གཟིགས་ཏེ། དང་ཐོག་སྔོན་ལ་ཛ་དྲག་ཆེ་བའི་ལེགས་བཅོས་སྤྱི་ཚོགས་གསར་འཛུགས་ཤིག་དངོས་སུ་དབུ་བཙུགས་མཛད། དེའི་ནང་དེ་སྔོན་ལོ་མང་མི་དམངས་དཀྱུར་མས་ཁྲལ་རིགས་སྤྲད་ཐུབ་ནས་མ་ལས་བུ་ཆེ་བ་ཞེས་པ་ལྟར་གྱུར་ཡོད་པས། དེ་དག་གཙང་མ་བཟོས་གནང་མཛད་ཅིང་།

དེ་ཡང་རྒྱལ་བའི་མཛད་རྣམ་སྙིང་བསྡུས་ལས། (༢) “གཞུང་སྒེར་ཆོས་གསུམ་ལ་བུ་ལོན་རིམ་གསོག་གིས་འཇལ་སྤྲོད་མ་ཐུབ་པའི་མི་སེར་ཉམ་ཐག་རྣམས་ཀྱི་འབྲུ་བུན་རྩ་ཆག་དང་། ངོ་བོ་སྡེབ་སྤྲོད་མི་དགོས་པར་ལོ་དུས་རིམ་སྤྲོད་ཐུབ་པ་རིགས་ལ་སྐྱེད་འབབ་ཆག་ཡང་། འཁོས་ཀ་མི་དམན་ཙམ་ཡོད་པ་རྣམས་ཀྱི་ངོ་སྐྱེད་ལོ་དུས་རིམ་སྤྲོད་བྱ་རྒྱུ། སྐྱེད་ལ་སྐྱེད་རྒྱག་མི་ཆོག་པ། རྫོང་གཞིས་ངོ་གཡོག་སུ་ཐད་ནས་འབམ་ཚོང་སྤུས་བསྒྱུར་དམངས་ལ་བཙན་ཤེས་ཀྱིས་ཚོང་ཟོག་ཉོ་རུ་བཅུག་པ་དང་། མི་མང་ནས་དངུལ་དངོས་བཙན་ལེན་བྱེད་པ། ཆུ་བདག་ཡིན་ཁུལ་གྱིས་ཞིང་ཆུ་བཀག་མི་ཆོག་པ”་སོགས་བཅོས་སྒྱུར་གནང་ཡོད་ལ།

སྐབས་དེ་དུས་བོད་ཀྱི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་འགྱུར་བཞིན་ཡོད་པར་སོང་། མི་བསད་ཁྲག་སྦྱོར་མི་དགོས་པ་བོད་རྒྱ་གཉིས་ཞི་འགྲིགས་ཡོང་ཐབས་སུ་ཁ་ཞེ་གཉིས་མེད་ཀྱི་ལས་དོན་གནང་ཡོད། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་སེམས་ཁམས་མི་མཐུན་པ་ལས་དོན་མང་པོ་བྱས་ཡོད། རྒྱུ་མཚན་དེས་ཉིན་རེ་བཞིན་བོད་སྡོད་རྒྱ་དམར་འགོ་ཁྲིད་ཚོས་བྱེད་སྟངས་དེ་དག་བོད་མི་རྣམས་མི་དགའ་བ་འགྱུར་བཞིན་ཡོད་ལ། བོད་སྡོད་རྒྱ་མི་དམག་མི་ཚོས་ཀྱང་བོད་མི་རྣམས་ལ་མཐོང་ཆུང་དང་། མི་འདོད་པའི་རྣམ་འགྱུར་སྟོན་གྱི་ཡོད།

བོད་ཀྱི་ཆབ་སྲིད་ཀྱི་རྙོག་འཛིང་ཆེ་བའི་སྐབས་དེར་སློབ་གཉེར་ཡང་འཐུས་ཤོར་མེད་པ་མཛད་ཅིང་། ཕྱི་ལོ་ ༡༩༥༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་གཞུང་ཆེན་ཁག་ལ་གསན་སྦྱོང་ལེགས་པར་ཟིན་པའི་རྟགས་སུ་སེར་འབྲས་དགའ་གསུམ་གྱི་མཁས་དབང་བརྒྱ་ཕྲག་འཛོམས་པའི་དབུས་སུ་གཞུང་ཆེན་ཁག་གི་དཀའ་གནད་ལས་བརྩམས་ཏེ་བརྒལ་བརྟག་གི་བགྲོ་གླེང་འབུལ་སྐབས། གསུང་ལན་ཐོགས་མེད་དུ་སྩལ་ཏེ་མཁས་པ་རྣམས་ཡིད་རང་དབང་མེད་པ་འཕྲོག་པར་མཛད།

བསླབ་པ་ཐར་གསོན་རྗེས་རྒྱ་མིའི་དམར་སྒར་དུ་ཟློས་གར་འཁྲབ་སྟོན་གཟིགས་འབུལ་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཚུལ་ཨུ་ཚུགས་ཀྱིས་བརྗོད་དོན་ལྟར་ཆིབས་བསྒྱུར་གནང་རྒྱུའི་བཀའ་བཞེས་གནང་། དེ་དག་རྒྱ་ཆེ་མང་ཚོགས་རྣམས་ཀྱི་གོ་བ་དང་། མ་སྐུལ་དང་བླངས་ཀྱིས་མི་མང་བརྒྱ་ཕྲག་མང་པོ་ནོར་བུ་གླིང་ཁར་འཛོམས་ནས་༸རྒྱལ་བ་རིན་པོ་ཆེ་རྒྱ་མིའི་དམག་སྒར་དུ་ཆིབས་སྒྱུར་མ་གནང་སྐབས་ཞེས་ནོར་གླིང་གི་མཐའ་ཡོངས་སུ་བསྐོར་ནས་ཉིན་རེ་བཞིན་ཛ་དྲག་གི་གནས་སྟངས་གྱུར་བཞིན་ཡོད།

སྐབས་དེར་རྒྱ་མིས་དུས་རྒྱུན་༸རྒྱལ་བ་རིན་པོ་ཆེ་ཆིབས་སྒྱུར་གནང་དུས་སྐུ་སྲུང་སོགས་ཁྲིད་གནང་མཛད་ཀྱི་ཡོད་པས་དེ་དག་ད་རེས་དགོས་མེད་བརྗོད་པས། དེ་ལས་ཀྱང་རྒྱ་དམར་གྱིས་མཐར་ཐུག་གི་དམིགས་ཡུལ་གང་ཞིག་ཡིན་པ་གསལ་པོ་རྟོགས་པ་གྱུར།

དེང་ཡང་རྒྱལ་བའི་མཛད་རྣམ་སྙིང་བསྡུས་ལས། (༣) “དོན་སྙིང་བོ་ཁོ་པས་བརྗོད་དོན། སང་ཉིན་ཏཱ་ལའི་བླ་མ་ཕེབས་སྐབས་རྣམ་ཀུན་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ལ་ཕེབས་པའི་ལམ་ལྟར་སྐུ་སྲུང་དམག་མི་མཉམ་ཁྲིད་མི་ཆོག །གལ་སྲིད་གཉིས་གསུམ་ཞིག་མཉམ་ཁྲིད་གནང་ནའང་མཚོན་ཆ་འཁྱེར་མི་ཆོག་པར་མ་ཟད། ཕེབས་ལམ་དུ་བོད་དམག་འགྲེམས་འཇོག་བྱེད་པ་དེ་ཡང་ཉེ་འཁྲིས་རྡོ་ཟམ་བརྒལ་ཏེ་འགྲེམས་འཇོག་མི་ཆོག་”ཚུལ་བརྗོད་པས། གོང་དུ་རྒྱ་དཔོན་གྱིས་བརྗོད་ཚིག་དེ་ལས་གང་ཞིག་བྱ་རྩིས་ཡིན་པ་གསལ་པོ་ཤེས་ཐུབ།

གནས་སྟངས་ཛ་དྲག་དེ་འདྲའི་འོག་ནས་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་པའི་དོན་དུ་ངལ་བ་ཁྱད་བསད་ཀྱིས་ལ་ལུང་མང་པོ་བརྒལ་ནས་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད། དང་ཐོག་མ་སུ་རིར་བཞུགས་གནང་མཛད་པ་དང་། དེ་ནས་ཧི་མ་ཅལ་མངའ་སྡེ་དྷ་རམ་ས་ལར་ཕེབས་གནང་མཛད་ནས་རིམ་གྱིས་འཆར་གཞི་གོ་རིམ་ལྡན་པ་དབུས་ལྷན་ཁག་རིམ་པའི་གསར་འཛུགས་མཛད།

བོད་མི་རིགས་རྒྱུན་གནས་ཐུབ་དགོས་ན་རང་རེའི་ན་གཞོན་རྣམས་ལ་གནའ་དེང་ཡ་མ་བྲལ་བའི་ཤེས་ཡོན་སྤྲོད་རྒྱུ་དེ་ཡང་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན་དུས། ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་མ་སུ་རི་བཞུགས་སྒར་དུ་བོད་པའི་སློབ་གྲྭ་ཐོག་མར་སློབ་ཕྲུག་གྲངས་ལྔ་བཅུ་ཡོད་པའི་སློབ་གྲྭ་གསར་འཛུགས་ཀྱི་དབུ་བཞུགས་སྒོ་བསྐྱངས་ཡོད།

དེ་ནས་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་མཆོག་ལ་རིམ་པའི་བོད་ཕྲུག་རྣམས་ལ་བོད་མི་ཁེར་གཙང་སློབ་གྲྭ་ཟུར་འཛུགས་མཛད་པར་བརྟེན་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་རྣམས་གནའ་དེང་ཡ་མ་བྲལ་བའི་བོད་ཕྲུག་གསོ་སྐྱོང་ཐུབ་པ་བྱུང་ཡོད།

དེ་ཡང་བཙན་བྱོལ་ནང་གི་བྱུང་བ་བརྗོད་པ་ལས། (༤) “གཞི་རྩའི་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གསོན་གནས་ཐུབ་པ་དང་། སྒོས་སུ་བོད་རང་དབང་བསྐྱར་གསོའི་སོན་རྩ་བུ་རྒྱུད་རྣམས་ལ་དེང་རབས་ཀྱི་ཤེས་ཡོན་སྤྲོད་རྒྱུར་བོད་ཕྲུག་ཁེ་གཙང་དུ་གནས་པའི་སློབ་གྲྭ་གང་མང་གསར་འཛུགས་ཡོང་བའི་ཐུགས་རེ་ཞུ་སྐུལ་མཛད་པ།” ཞེས་གསལ་དོན་ལྟར་ཞལ་བཞེས་ཐུབ་ནས་ད་ལྟ་བོད་ཕྲུག་ཁེ་གཙང་སློབ་གྲྭ་དུ་མ་ཞིག་གསར་འཛུགས་གནང་ཐུབ་བྱུང་ཡོད།

དེ་བཞིན་བོད་མི་བཙན་བྱོལ་ལ་ཕེབས་མཁན་རྣམས་ལ་སྡོད་སྒར་དགོས་པ་ཡིན་དུས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་བོད་མི་ཁེ་གཙང་ཟུར་དུ་གསར་འཛུགས་ཡོང་བའི་རེ་བསྐུལ་ཞུ་དོན་ལྟར་གནང་བ་ཐོབ་སྟེ་བོད་མིའི་གཞིས་ཆགས་ཐོག་མ་ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༡༦ ཉིན་མལ་སོར་ལུགས་ཟུང་བསམ་གྲུབ་གླིང་དུ་བོད་མི་གྲངས་ ༣༠༠༠ ཡོད་པའི་གཞིས་ཆགས་གསར་འཛུགས་མཛད་ཡོད་པ་རེད། དེ་ནས་རིམ་གྱིས་རྒྱ་བལ་འབྲུག་གསུམ་ནང་སོ་ནམ་གཞིས་ཆགས་གྲངས་ ༢༦ དང་། བཟོ་གཞིས་འདྲེས་མ་གྲངས་ ༡༦ བཟོ་ལས་རྐྱང་པ་གྲངས་ ༡༡ འཚོ་བ་རང་འཚོ་ས་གནས་ཁག་ ༡༡ བཅས་བོད་ཁ་ཕུད་གཞིས་ཆགས་ཟུར་བཙུགས་ཐུབ་པ་བྱུང་བ་དེ་དག་ནི་བོད་མི་ཆོས་དང་། རིག་གཞུང་མི་ཉམས་པར་གསོན་པར་གནས་པར་རྨད་བྱུང་གི་ལས་དོན་རླབས་ཆེན་ཞིག་བྱུང་ཡོད་པ་ནི་བརྗོད་མ་དགོས།

ད་ལྟ་འཛམ་གླིང་འདིའི་ཐོག་ཏུ་བོད་མི་རིགས་ཞེས་གསོན་པོར་གནས་ཐུབ་པ་དེ་ནི་མགོན་པོ་མཆོག་གི་ཐུགས་བཞེད་བཀའ་དྲིན་སྨད་དུ་བྱུང་བ་ཞིག་ལོས་ཡིན། དང་ཐོག་བོད་མི་རྣམས་རྒྱ་གར་ས་ཐོག་ཏུ་འབྱོར་དུས་ངོ་ཤེས་པ་ནི་གནམ་དང་ས་ལས་མེད་ཅིང་། སྐད་ཡིག་དང་གོམས་གཤིས་མི་གཅིག་པའི་མི་རིགས་གཅིག་དཀྱིལ་ལ་འཚོ་བ་རོལ་དུས་དཀའ་ངལ་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད། དཀའ་ངལ་དེ་དག་གདོང་ལེན་གནང་སྟེ་འགྱེལ་ས་ནས་སླར་ལངས་ཐུབ་པ་བྱ་རྒྱུ་གལ་ཆེའི་གནད་དོན་ཞིག་ཡིན་པ་དགོངས་ནས་བོད་མི་ཚོས་ནུས་ཤུགས་ཡོད་ཚད་སྟོན་ནས་བོད་མི་རིགས་འཛམ་གླིང་ཐོག་ཏུ་གནས་ཐུབ་པ་བྱུང་ཡོད།

ལྷག་དོན་རྒྱ་དམར་གྱིས་འཛམ་གླིང་མི་རྣམས་མགོ་བོ་རྨོངས་ཐབས་སུ་བོད་མི་རྣམས་གང་ཡང་མི་ཤེས་མཁན་དང་། གང་ཡང་མི་འབྱོན་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། མཐའ་ན་གཙང་སྦྲ་ཙམ་བྱེད་མི་ཤེས་མཁན་ཡིན་ཚུལ་དྲིལ་བསྒྲགས་རྫུན་མ་བྱེད་ཀྱི་ཡོད། དེ་ཡང་༸གོང་ས་མཆོག་གིས་གསུམ་བཅུ་དུས་དྲན་ཐེངས་དང་པོའི་བཀའ་སློབ་ལས། ད་ཕན་རྒྱ་དམར་ནས་མི་བདེན་པ་བདེན་དུ་དང་། མི་བཟང་པ་བཟང་དུ་བྱེད་པའི་དྲིལ་བསྒྲགས་མང་པོ་བྱས་ཏེ་འཛམ་གླིང་མི་མང་པོ་ཐེ་ཚོམ་ཅན་དུ་བསྒྱུར་བ་ཞེས་གསུངས་པ་དང་། དེ་བཞིན་རྒྱལ་བའི་མཛད་རྣམ་སྙིང་བསྡུས་ལས། (༥) “བོད་མི་རྣམས་རྒྱ་གར་ས་རྒྱ་ཆེ་ལ་མི་འབོར་མང་བའི་ཁྲོད་ཁ་འཐོར་གྱིས་སིམ་ནས་མི་རིགས་འདྲེས་མ་རིམ་འཕེལ་དང་། འཚོ་བའང་ལམ་བཟོ་ལ་བརྟེན་ནས་མི་ཚེ་སྐྱེལ་དགོས་བྱུང་ཚེ་དཀའ་ངལ་གྱི་རང་བཞིན་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྒྱུན་གནས་ཡོང་ཐབས་བྲལ་བར་བརྟེན་གང་ལ་རེ་བའི་མིག་འབུར་གཏད་དེ་ཡོང་བའི་བོད་མི་སེར་སྐྱ་འབུམ་ལ་ཉེ་བར་ངོ་ཤེས་པ་གནམ་ས་གཉིས་ལས་མེད་པ་དང་། སྐད་ཡིག་དང་ལུང་པའི་འགྲོ་སྟངས་མི་ཤེས་པ། ཐ་ན་རང་ཉིད་ཀྱི་མི་ཚེའི་འགྲོ་སྟངས་འདི་ཡིན་གྱི་གདེང་འཁེལ་མེད་པ་དེ་དག་ཐུགས་ཀྱིས་མ་བཟོད་པར་རྒྱ་གར་གཞུང་ལ་རེ་བསྐུལ་གནང་སྟེ།” ཞེས་གསལ་དོན་ལྟར། སྐབས་དེ་དུས་བོད་མིའི་གནས་སྟངས་གང་འདྲ་ཞིག་ཡོད་པ་ཤེས་ཐུབ་པ་ཞིག་རེད།

དེ་ཡང་བོད་ཀྱི་ཆབ་སྲིད་སྐྱོང་སྟངས་དེ་སྔོན་ལྟར་མ་ཡིན་པ་དེང་རབས་དང་མཐུན་པའི་མང་གཙོ་ལམ་དུ་བསྐྱོད་དགོས་པ་གལ་ཆེའི་རང་བཞིན་ལྡན་པའི་གནས་སྟངས་ཤིག་ཡིན་པ་སོགས་བཀའ་སློབ་རིམ་པ་ཕེབས་དོན་ལྟར། ཕྱི་ལོ་ ༡༩༥༩ ཟླ་ ༡༢ ནང་དུ་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མི་གནས་ཡུལ་ས་ཁུལ་ཚང་མ་སྐྱ་སེར་མང་ཚོགས་འཛོམས་ནས་བརྟན་བཞུགས་འབུལ་ལམ་མཛད་པ་དང་འབྲེལ། མནའ་གན་མཐུ་མོ་ཆེ་བཞག་སྟེ་འབུལ་ལམ་ཞུས་ཡོད་པ་རེད། དེ་ཡང་བཙན་བྱོལ་ནང་གི་བྱུང་བ་བརྗོད་པ་ལས། (༦) “བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་ཤིང་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པ་”སོགས་བཀའ་སློབ་ལམ་སྟོན་སོགས་ཕེབས་པ་དང་། དེ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ལ་བོད་ལྗོངས་མང་གཙོ་གསར་བཏོད་མཛད་གནང་བ་ཞིག་རེད། དེ་ནི་མགོན་པོ་མཆོག་གི་མཛད་རྗེས་རླབས་ཆེན་ཞིག་ཀྱང་ལོས་ཡིན་སྙམ། རྒྱལ་ཁབ་གཞན་གྱི་མང་གཙོའི་དོན་ཁྲག་གི་འགྲོ་མགྲོན་བཏང་ནས་རྩོད་ལེན་བྱེད་ཡོད་མོད། ང་ཚོར་དེ་ལྟར་མ་ཡིན་པ་༸རྒྱལ་བ་རིན་པོ་ཆེས་མར་གསོལ་རས་སྩལ་གནང་བ་ཞིག་ཡིན་པ་རེད།

ལྷག་དོན། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་གནས་ཡོང་ཐབས་སུ་ཆོས་སྡེ་ཁག དེ་བཞིན་བོད་རིགས་ན་གཞོན་རྣམས་ལ་གནའ་དེང་ཡ་མ་བྲལ་བའི་ཤེས་ཡོན་སྦྱོང་སའི་སློབ་གྲྭའི་ལྟེ་གནས་ཁག་དང་། དེ་བཞིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་སྦྱོང་ས་དང་། མཐོ་སློབ་ཁག། མི་རྣམས་ཁ་འཐོར་དུ་མ་ཕྱིན་པར་བོད་ཀྱི་ཆོས་དང་རིག་གཞུང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་རྒྱུན་གནས་ཡོང་ཐབས་སུ་བོད་མིའི་ཁེ་གཙང་གཞིས་ཆགས་ཟུར་འཛུགས་གནང་བ་དང་། རིག་གཞུང་སླར་གསོ། རྒས་གསོ་ཁང་སོགས་གསར་འཛུགས་སོགས་མཛད་པ་བསམ་གྱིས་མི་ཁྱབ་པ་གནང་ཡོད།

༸རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཆིབས་སྒྱུར་གནང་གྲུབ་རྗེས་རིམ་པའི་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཆེད་དུ་དཀའ་བ་ཁྱད་བསད་ཀྱིས་ཕེབས་གནང་མཛད་ནས། བོད་ནང་ཆབ་སྲིད་གནས་སྟངས་ཧ་ཅང་ཛ་དྲན་ཅན་ཡིན་པ་དང་། བོད་མི་རྣམས་ལ་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་ཚུལ་སོགས་ཀྱི་འགྲེལ་བཤད་སྐྱོན་གནང་མཛད་པའི་དྲིན་ལས་རིམ་གྱིས་བོད་ནང་ཆབ་སྲིད་ཕྲན་བུ་གུ་ཡངས་བྱུང་བ་རེད།

རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་ཐོག་མ་ཕྱི་ལོ་ ༡༩༦༧ ལོར་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཆིབས་སྒྱུར་གནང་བ་རེད། དེ་ཡང་བཙན་བྱོལ་ནང་གི་བྱུང་བ་བརྗོད་པ་ལས། “དེ་རིང་ཉིན་ཧོང་གི་རྒྱལ་ས་ཊོཀ་ཁྱོ་རུ་བོད་ཀྱི་རྟེན་དངོས་འགྲེམས་སྟོན་ཁང་དབུ་འབྱེད་བྱེད་རྒྱུ་བྱུང་བར་དགའ་བོ་བྱུང་། བོད་མི་རྣམས་ནས་དཀའ་ཚེགས་ཆེན་པོས་འཁྱེར་ཡོང་བའི་གཅེས་པར་འཛིན་པའི་དངོས་རྫས་དང་། གསུང་རྟེན་ཁག་རྣམས་བོད་མིས་གཙོས་མི་མང་པོ་ཞིག་གིས་དགའ་སྤྲོ་སྐྱེས་དགོས་པ་ཞིག་ཆགས་ཡོད།” ཅེས་བཀའ་སློབ་གནང་ཡོད་པ་རེད།

རིམ་པའི་ཕྱི་རྒྱལ་ཁག་ཏུ་ཆིབས་སྒྱུར་གནང་ནས་གནང་བ་མཛད་ནས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཡོང་བའི་ལམ་སྟོན་སྩལ་གནང་མཛད་ཅིང་། འཛམ་གླིང་གི་སྐྱེ་འགྲོ་དུ་མ་ཞིག་ལ་སེམས་ནང་ཞི་བདེའི་རྩ་བ་བསྐྲུན་གནང་མཛད་པ་དང་། དེ་བཞིན་སྐྱེ་འགྲོ་བདེ་སྐྱིད་ཀྱི་ཆེད་དུ་དུས་ཆེན་དབང་ཐེངས་སོ་བཞི་བསྐྱངས་གནང་མཛད་ནས། ནང་པའི་དད་ལྡན་ཕྱི་ནང་གི་མི་སྣ་དུ་མ་ཞིག་ལ་ཆོས་ཀྱི་སྦྱིན་པ་སོགས་ཕྱག་ལས་རླབས་ཆེན་མཛད་ཡོད་པ་རེད།

འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་རིམ་པ་གནང་བ་མཛད་ཅིང་། བོད་ཀྱི་གནས་སྟངས་འབྲེལ་བཤད་སྩལ་བ་མ་ཟད། འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་ཐབས་སུ་བཀའ་སློབ་རིམ་པ་གནང་བ་དང་། དེ་བཞིན་སོ་སོའི་སྡོད་སའི་འཛམ་གླིང་གི་ཕྱིའི་ཁོར་ཡུག་ལ་དོ་སྣང་མེད་པའི་དབང་གིས་གང་སར་ཤིང་ནགས་བཅོད་བྲེགས་མང་པོ་དང་། རྡུལ་ཕྲན་གྱི་རྫས་སྦྱོར་རིགས་ཀྱང་གང་སར་གཡུག་པའི་དབང་གིས་ཁོར་ཡུག་ལ་གནོད་སྐྱོན་འཚབ་ཆེན་འཕེལ་བཞིན་ཡོད་པར་བརྟེན། ང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་ཇི་ལྟར་གནང་དགོས་པའི་ཁ་ཚ་དགོས་གཏུགས་ཀྱིས་སོགས་ཀྱི་བཀའ་སློབ་ཆེས་རིན་ཐང་ཆེ་བ་དུ་མ་ཞིག་གནང་ཡོད། ཁོར་ཡུག་ལམ་སྟོན་བཀའ་སློབ་ལས། (༧) “ང་ཚོ་ཤེས་གསལ་ལྟར། འགྲོ་བ་མིའི་ཐོབ་ཐང་རྣམས་ལ་བརྩི་སྲུང་མི་བྱེད་པའི་མིའི་བྱ་སྤྱོད་ཀྱིས་འཛམ་གླིང་སྟེང་གི་ཞི་བདེ་དང་། སྲོག་ཆགས་རྣམས་རྒྱུན་གནས་མི་ཐུབ་པའི་ཉེན་ཁ་བཟོ་བཞིན་ཡོད། རང་བྱུང་གི་བཀོད་པ་དང་། དེ་དག་གི་བདག་འབྲས་བཅུད་ནོར་རྣམས་ཀྱི་གཏོར་བཅོམ་ནི་མི་ཤེས་པ་དང་། འདོད་རྔམ། སྲོག་ཆགས་ལ་བརྩི་མཐོང་མེད་པ་བཅས་ལས་བྱུང་བ་ཡིན། གཞན་ལ་བརྩི་མཐོང་མེད་པའི་གཤིས་སྤྱོད་འདི་འགྲོ་བ་མིའི་རིགས་ནས་ཁྱབ་གདལ་འགྲོ་བཞིན་ཡོད་པས། གལ་ཏེ་འཛམ་གླིང་གི་ཞི་བདེ་ཞེས་པ་དངོས་གནས་ཀྱི་གནས་ཚུལ་ཞིག་ཏུ་མ་གྱུར་བ་དང་། རང་བྱུང་ཁམས་གཏོར་བཅོམ་གྱི་གོམ་པ་འདི་བཞིན་གནས་ན། འབྱུང་འགྱུར་གྱི་མི་རབས་རྣམས་ནས་ཉམས་རྒུད་རྒྱ་ཆེ་སོང་ཟིན་པའི་གླིང་སྣོད་ཅིག་ལ་རྒྱུད་འཛིན་བདག་དབང་བྱ་དགོས་སུ་འགྱུར་ངེས་ཡིན།” ཞེས་ཕྱི་ལོ་ ༡༩༨༦ འཛམ་གླིང་ཁོར་ཡུག་གི་ཉིན་མོའི་ཐོག་ཏུ་བཀའ་སློབ་སྩལ་གནང་མཛད་ཡོད། ལྷག་དོན་བོད་དོན་ཙམ་མ་ཡིན་པ་སྐྱེ་འགྲོ་ཡོངས་ལ་ཞི་བདེ་ཡོང་ཐབས་སུ་བཀའ་སློབ་རིམ་པ་གནང་བས། འཛམ་གླིང་ཤར་ནུབ་ཀུན་ལ་ཕན་ཐོགས་ཆེན་པོ་བྱུང་ཞིང་། འཛམ་གླིང་གི་ཆེས་སྙན་ཆེ་བའི་ནོར་ཝེལ་ཞི་བདེའི་གཟེངས་རྟགས་གཟེངས་ལ་སོགས་གཟེངས་རྟགས་གྲངས་ལས་འདས་པ་ཞིག་འབུལ་བཞེས་མཛད་ཡོད།

འཛམ་གླིང་ནང་གི་ཆེས་སྙན་གྲགས་ལྡན་པའི་མི་སྣ་དུ་མ་ཞིག་གི་༸རྒྱལ་བ་རིན་པོ་ཆེའི་མཛད་སྤྱོད་ལ་ཡི་རངས་བསྔགས་བརྗོད་གནང་དང་གནང་བཞིན་ཡོད་ལ། འཛམ་གླིང་ནང་གི་མིག་དཔེ་ལྟ་འོས་པའི་རླབས་ཆེན་མི་སྣ་གལ་ཆེ་ཞིག་ཏུ་གྱུར་ཡོད། དེ་ནི་བོད་མི་ཙམ་མ་ཡིན་ནང་ཡོངས་ཀྱི་དགའ་སྤོབས་བྱེད་འོས་པའི་གནས་སྟངས་ཤིག་ཀྱང་ལོས་ཡིན། དེ་འདྲའི་ངང་ནས་གོང་དུ་ཞུས་ལྟར་མགོན་པོ་མཆོག་གིས་ཉིན་མཚན་དུས་དྲུག་བོད་མི་རིགས་ཀྱི་བདེན་དོན་དང་། ཡང་ན་སངས་རྒྱས་བསྟན་པའི་དོན་སྐད་ཅིག་དལ་ལྷོད་མ་བཞུགས་པར་སྐུ་ལས་མཛད་སྒོ་གནང་མཛད་ནས་འཛམ་གླིང་ཡོངས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད།

ལྷག་པར་བོད་ཀྱི་བཙུན་མ་རྣམས་བསླབ་པ་སློབ་གཉེར་གནང་ནས་དགེ་བཤེས་མ་ཐོན་རྒྱུ་ཡོད་པ་གསར་བཏོད་མཛད་ཡོད་ལ། དེང་སྐབས་བཙུན་མས་གཞུང་ཆེན་ཁག་ལ་སློབ་གཉེར་སོགས་གནང་ནས་དགེ་བཤེས་མ་ཐོན་མཁན་རབས་དང་རིམ་པ་བྱུང་བཞིན་ཡོད་པས། དེ་ནི་རླབས་ཆེན་ཕྱག་ལས་མཛད་བཟང་ཞིག་ཀྱང་ལོས་ཡིན།

རིམ་པ་བོད་མི་རིགས་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་སུ་སྔ་རྗེས་རིམ་པ་བཀའ་སློབ་ཕེབས་གནང་མཛད་ཡོད། བོད་རྒྱ་གཉིས་ཞི་འགྲིགས་ཡོང་ཐབས་སུ་འཛམ་གླིང་གི་ཆབ་སྲིད་དང་འཕོ་འགྱུར་དང་བསྟུན་ནས་དབུ་མའི་ལམ་གྱིས་སྲིད་ཇུས་གཏན་འབེབས་སོགས་མཛད་ཡོད། མདོར་ན་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་དང་སངས་རྒྱས་བསྟན་པ། ཡང་སྒོས་འཛམ་གླིང་ཞི་བདེ་ཡོང་བ་སོགས་ཀྱི་ཆེད་སྐུ་ངལ་ཚད་མེད་བསྐྱེད་གནང་མཛད་པའི་ཞི་བའི་དེད་དཔོན་ཆེན་པོ་ཞིག་ཀྱང་ཡིན། བཀའ་དྲིན་ཅན་གྱི་རྩ་བ་བླ་མ་ཁོང་གི་མཛད་པ་འཕྲིན་ལས་བདག་འདྲ་ཞིག་གིས་བརྗོད་པ་ག་ལ་ནུས། འོན་ཀྱང་མེ་ཏོག་ཆུང་ཡང་མཆོད་པ་རྗེས་ཞེས་དཔེ་ལྟར། ད་རེས་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་པར་བརྟེན། བཀའ་དྲིན་རྗེས་དྲན་ཚུལ་དུ་བྲིས་པ་ཞིག་ཡིན། སྐྱོན་དང་ནོར་འཁྲུལ་ཤོར་ཡོད་ན་ཟུར་གནས་ཀློག་པ་པོ་ཡོངས་དགོངས་སེལ་ཞུ་རྒྱུ་ལས་མ་འདས་སོ།

སྨྲས་པ།

ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། །འདི་ཕྱི་གཉིས་ཀྱི་སྐྱབས་གནས། །

རྒྱལ་བ་བསྟན་འཛིན་རྒྱ་མཚོ། །སྐུ་ཚེ་ཡུན་རིང་བརྟན་སྨོན། །

རྒྱལ་བ་བསྟན་འཛིན་རྒྱ་མཚོ། །ཕོ་བྲང་གྲུ་འཛིན་གཉིས་པའི། །

ཁྲི་ལ་ཞབས་པད་འཁོད་པའི། །སྨོན་ལམ་སྙིང་ནས་འདེབས་སོ། །

གངས་ལྗོངས་ཆོས་ལྡན་ཞིང་དུ། །རང་དབང་བདེ་སྐྱིད་ཉི་མ། །

མགྱོགས་པར་མྱུར་དུ་ཤར་བའི། །གསོལ་བ་སྨོན་ལམ་འདེབས་སོ། །

འཛམ་གླིང་སྐྱེ་འགྲོ་ཡོངས་ལ། །ནད་མུག་འཁྲུག་རྩོད་མེད་ཅིང་། །

ཞི་བདེའི་རང་དབང་བདེ་སྐྱིད། །རྟག་ཏུ་ལོངས་སྤྱོད་ཡོང་སྨོན། །

ཞེས་པ་འདི་ནི་གོ་སྟོན་གྱི་མཛད་སྒོའི་ཉིན་ཚིགས་བཅད་འདི་ཉིད་གཙུག་ལག་ཁང་གི་ཉེ་འགྲམ་ཀིརྟིའི་དགོན་གྱི་ཆོས་ར་ནས་མྱུར་སྟབས་ཀྱི་བྲིས་པ་ཞིག་ཡིན། ཆབ་མདོ་ངག་ཕུན་གྱིས་བྲིས།

ཟུར་བལྟའི་ཡིག་ཆ་ཁག།

༡༽ མཛད་རྣམ། ཤོག་གྲངས ༡༠༦ དང་། ཡིག་ཕྲེང་ ༡༩ ནང་དུ་གསལ། ཤེས་རིག་དཔར་ཁང་ནས་ཕྱི་ལོ་ ༢༠༠༨ དང་། དཔར་ཐེངས་ ༡ པོ།

༢༽ རྒྱལ་བའི་མཛད་རྣམ་སྙིང་བསྡུས་ལས་ཞེས་པའི་ཤོག་གྲངས་༦༠ ཡིག་ཕྲེང་ ༡༡ ནང་དུ་གསལ། གོ་སྟོན་སྐབས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ དཔར་འགྲེམས་གནང།

༣༽ རྒྱལ་བའི་མཛད་རྣམ་སྙིང་བསྡུས་ལས་ཞེས་པའི་ཤོག་གྲངས། ༧༧ ཡིག་ཕྲེང་ ༥ ནང་དུ་གསལ། གོ་སྟོན་སྐབས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ ཕྱི་ལོ་ ༢༠༢༤ ཟླ་ ༦ ༡༡ དཔར་འགྲེམས་གནང།

༤༽ བཙན་བྱོལ་ནང་གི་བྱུང་བ་བརྗོད་པའི་ཤོག་གྲངས་ ༢༨ ཡིག་ཕྲེང་ ༢ ནང་དུ་གསལ། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ ༢༠༡༤ ལོར་དཔར་སྐྲུན་གནང།

༥༽ རྒྱལ་བའི་མཛད་རྣམ་སྙིང་བསྡུས་ལས་ཞེས་པའི་ཤོག་གྲངས་ ༡༡༥ ཡིག་ཕྲེང་ ༡ ནང་དུ་གསལ། གོ་སྟོན་སྐབས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ དཔར་འགྲེམས་གནང།

༦༽ བཙན་བྱོལ་ནང་གི་བྱུང་བ་བརྗོད་པའི་ཤོག་གྲངས་ ༣༤ ཡིག་ཕྲེང་ ༢ ནང་དུ་གསལ། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ ༢༠༡༤ ལོར་དཔར་སྐྲུན་གནང།

༧༽ བཙན་བྱོལ་ནང་གི་བྱུང་བ་བརྗོད་པའི་ཤོག་གྲངས་ ༤༠ ཡིག་ཕྲེང་ ༡༥ ནང་དུ་གསལ། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ ༢༠༡༤ ལོར་དཔར་སྐྲུན་གནང།

༨༽ ཁོར་ཡུག་དང་བྱམས་བརྩེའི་ལམ་སྟོན། ཤོག་ངོས། ༡ དང་ཡིག་ཕྲེང་ ༦ ལ་གསལ། མཛད་པ་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག། 

ངོ་སྤྲོད།, རྩོམ་རིག

Post navigation

Previous Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གསུམ་པ།
Next Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཞི་པ།

Comments (2) on “”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-07-05 at 7:53 am

    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག གྲངས་བྱ་དགུ་བཅུ་སྐུ་ཡིས་འཁྲུངས་སྐར་ལ། དད་གུས་བརྟན་པོའི་གུས་ཕྱག་འཚམས་འདྲི་ཞུ། གོ་སྟོན་འཁྲུངས་སྐར་རྩོམ་ཡིག་འབྲི་བསམ་ཡང་། འགོད་སའི་དྲ་རྒྱ་མེད་པས་དེ་མུར་ལྷག ཁྱེད་ཀྱིས་རྩོམ་ལ་རྗེས་སུ་ཡིད་རངས་ཞུ། གཞུང་པས། ༢༠༢༥/༠༧/༠༥

  2. ཆབ་མདོ་ངག་ཕུན། says:
    2025-07-07 at 12:21 am

    རྩོམ་ཡིག་ལྗགས་ཀློག་གནང་བར་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme