Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་གསར་བཞད་ལ་འཚམས་འདྲི།

Posted on 2014-09-012014-09-01 By ཁ་བརྡ་ 6 Comments on མང་གཙོ་གསར་བཞད་ལ་འཚམས་འདྲི།

ཆབ་མདོ་ངག་ཕུན།

གངས་ལྗོངས་ཆོས་ཀྱི་ཞིང་ཁམས་དམར་པོས་བཟུང་།།
ཉེས་མེད་མི་རྣམས་དྲག་པོའི་བཙོན་དུ་བཅུག།།
མནར་གཅོད་གདུག་རྩུབ་བཏང་སྟེ་སྐུ་སྲོག་འཕྲོག།།
ཆོས་ལྡན་ཞིང་ལ་སྡུག་གི་མུན་པ་རུབ།།

དམར་གཞུང་དུག་ཆར་བཙན་གྱིས་ཕབ་ན་ཡང་།།
ཁ་བ་ཅན་རྣམས་འཚེ་མེད་གོ་ཁྲབ་གྱོན།།
ཞི་བདེར་དགའ་བའི་འགྲོ་རྣམས་ཡིད་དབང་འཕྲོག།།
ཆོས་ལྡན་མི་རྣམས་ཞེས་བྱ་ཀུན་གྱིས་སྨོན།།

མི་ཡུལ་ལུང་པར་བཙན་བྱོལ་གནས་དགོས་ཀྱང་།།
༸བསྟན་འཛིན་རྒྱ་མཚོས་བྱམས་བརྩེའི་རླབས་ཕྲེང་འོག།།
གངས་རི་ལྗོངས་ལ་མང་གཙོའི་འབྲས་བཟང་སྨིན།།
ཕོ་མོ་རྒན་གཞོན་ཞལ་རས་འཛུམ་གྱིས་ཁེངས།།

བཙན་བྱོལ་སྒྲིག་འཛུགས་མ་ལག་གསར་དུ་བསྐྲུན།།
དགོན་སྡེ་སློབ་གྲྭ་གཞིས་ཆག་ཁག་ལ་སོགས།།
འཛུགས་སྐྲུན་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་རྒྱས།།
དེང་དུས་མཐུན་པའི་མང་གཙོ་གསར་དུ་བཏོད།།

གངས་ལྗོངས་མང་གཙོ་ཤར་རི་རྩེ་ནས་ཤར།།
བོད་ཁམས་ཡོངས་ལ་བདེ་སྐྱིད་འོད་སྣང་ཁྱབ།།
བོད་རིགས་སྤུན་ཟླ་བློ་རྩེ་གཅིག་ཏུ་བསྒྲིལ།།
ཁ་བ་ཅན་ལ་བདེ་སྐྱིད་འོད་སྣང་ཁྱབ།།

ན་གཞོན་བོང་བའི་ཤེས་བྱ་བརྩོན་སའི་གནས།།
ཐུགས་སྟོབས་ཞུམ་མེད་བློ་རྩེ་གཅིག་ཏུ་བསྒྲིལ།།
གནའ་དེང་མཐུན་པའི་ཡིད་འོང་ལྡུམ་ར་བསྐྲུན།།
༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་དྲིན་ནོ།།

འཛིན་མའི་ཤེས་བྱའི་ལྡུམ་ར་ཡིད་འོང་ནང་།།
བུང་བ་ཁྱུ་ཚོགས་གནའ་དེང་བཅུད་ལ་རོལ།།
བཅུད་ལྡན་ཤེས་བྱའི་སྦྲང་རྩི་ཧུབ་ཀྱིས་འཐུང་།།
གངས་ལྗོངས་ཤེས་རིག་མངོན་པར་གོང་དུ་འཕགས།།

ཆོས་ཀྱི་བསྟི་གནས་དུ་མ་གསར་དུ་བཞེངས།།
བློ་གསར་རྣམས་ཀྱི་ལེགས་བཤད་བཅུད་ལ་བརྩོན།།
གཞུང་ལུགས་མཐར་ཕྱིན་འགྲོ་བ་བདེ་ལ་བཀོད།།
གངས་རིའི་རྒྱལ་བསྟན་ཡར་ངོའི་ཟླ་ལྟར་རྒྱས།།

གནའ་དེང་ཤེས་རིག་ཡིད་འོང་ལྡུམ་ར་ནང་།།
བུང་བ་ཁྱུ་ཚོགས་དགའ་བདེའི་ངང་ལ་འཇུག།།
བཅུད་ལྡན་སྦྲང་རྩིའི་ལེགས་བཤད་ཉིང་ཁུ་ལ།།
དོན་གཉེར་སྐལ་ལྡན་དུ་མའི་བཅུད་ལ་རོལ།།

གངས་རི་ལྗོངས་ཀྱི་བོད་འབངས་ཡོངས་རྫོགས་ལ།།
རིན་ཆེན་གསེར་གྱི་ལེགས་བཤད་སྦྲང་ཆར་དབབ།།
སེམས་ཀྱི་དཀའ་སྡུག་ཞི་ཞིང་གསོན་ཤུགས་སྦྱིན།།
འགྲོ་བའི་དེད་དཔོན་ཁྱེད་ལ་སྙིང་ནས་བསྟོད།།

བཙན་བྱོལ་སྒྲིག་འཛུགས་མ་ལག་གསར་དུ་བསྐྲུན།།
དགོན་སྡེ་སློབ་གྲྭ་གཞིས་ཆག་ཁག་ལ་སོགས།།
འཛུགས་སྐྲུན་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་རྒྱས།།
དེང་དུས་མཐུན་པའི་མང་གཙོ་གསར་དུ་བཏོད།།

བསམ་ཤེས་མེད་པའི་མུན་ལྷུང་སྐྱེ་བོ་འགས།།
བཀའ་དྲིན་ཅན་ལ་དྲིན་ལས་ལོག་པ་མཇལ།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་མགོན་སྐྱབས་ལ།།
ངོ་རྒོལ་བྱེད་པ་ཨ་རེ་ལས་ངན་ཚོ།།

དེ་འདྲ་ཕོད་དམ་བསམ་གཞིག་གཅིག་གནང་དང་།།
དགུང་ལོ་བཅུ་དྲུག་ནས་བཟུང་རྒྱལ་བསྟན་དོན།།
ཉིན་མཚན་དབྱེ་མེད་སྐུ་ངལ་ཚད་མེད་མཛད།།
ཁོང་ལས་བཀའ་དྲིན་ཆེ་བ་སུ་ཞིག་འདུག།།

གངས་རི་ལྗོངས་ཀྱི་ཆོས་དང་མི་རིགས་བཅས།།
གོ་ལའི་སྟེང་དུ་མ་རླག་གནས་ཐུབ་འདི།།
༸བསྟན་འཛིན་རྒྱ་མཚོ་སྐུ་དྲིན་ཁོ་ན་ཡིན།།
ཁོང་ལ་བཀའ་དྲིན་སྙིང་ནས་ཡང་ཡང་ཞུ།།

༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན།།
བོད་ལྗོངས་རང་དབང་ཉི་མ་མྱུར་དུ་འཆར།།
འགྲོ་ཀུན་བདེ་སྐྱིད་འོད་སྣང་གསར་པ་ཤར།།
བདག་གི་སྨོན་ལམ་སྙིང་ནས་འདེབས་པ་འོ།།

ཞེས་གངས་ལྗོངས་མི་རྣམས་ལ་མང་གཙོ་གསོལ་རས་བསྩལ་ནས་མི་ལོ་ ༥༤ འཁོར་བའི་ཉིན་མོར་གུས་འདུད་དང་བཅས་ཏེ་ཕུལ།

སྙན་ངག

Post navigation

Previous Post: ཀ་ཁ་ག་ང་།— ང་ཡི་བླ་སྲོག ༼གླུ་གཞས།༽
Next Post: དྷ་རམ་ས་ལའི་གནད་དོན་གླེང་སྲིད་པ་རེད།

Comments (6) on “མང་གཙོ་གསར་བཞད་ལ་འཚམས་འདྲི།”

  1. དགའ་སྐུ་ says:
    2014-09-02 at 1:04 am

    ཁ་བ་ཅན་རྣམས་འཚེ་མེད་གོ་ཁྲབ་གྱོན། འཚེ་མེད་ཀྱི་གོ་ཁྲབ་མུ་མཐུད་ནས་གོན་ཐུབ་ན་གཟི་བརྗིད་རེད་

  2. ཀརྡོ་གཉེར་ཕྱག་པ་ says:
    2014-09-02 at 6:23 am

    མང་གཙོའི་ཐོབ་ཐང་ལོངས་སྤྱོད་དང་མཉམ་དུ་མང་གཙོའི་ལས་འགན་སྒྲུབ་དགོས།
    འདོན་སྤེལ། ༢༠༡༤/༠༩/༠༢
    དེ་རིང་མང་གཙོའི་དུས་དྲན་ཐེངས་ ༥༤ པའི་ཐོག་སྲིད་སྐྱོང་མཆོག་གིས། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་དང་། བསམ་ཚུལ་མི་འདྲ་བ་ཡོད་པ་དེ་དག་འགལ་རྐྱེན་མ་ཡིན་པར་མཐུན་རྐྱེན་དུ་བསྒྱུར་རྒྱུ་མང་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་ཡིན་སྟབས། མང་ཚོགས་ཁྲོད་བསམ་འཆར་སྤེལ་རེས་བྱེད་སྐབས་གང་བྱུང་བཤད་པ་ཙམ་མ་ཡིན་པར་ཁུངས་ལུང་ལྡན་པ་གནང་གལ་ཆེ་སྐོར་གསུངས་སོང་།

    དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༤ འཁོར་བའི་དུས་དྲན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་གཙི་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤི་རེ་ར་ཝེ་དྷ་ཀུར་ (Shri Ravi Thakur) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ཆོག་བཅས་གཙོས་བཀའ་བློན་དང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གཙོས་པའི་སྲི་ཞུ་ལས་བྱེད། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི། སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་མི་ ༢༠༠༠ བརྒལ་བ་འཛོམས་འདུག

    མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་རྔ་རོལ་དང་བཅས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་མང་གཙོའི་གླུ་གཞས་གྱེར་འདོན་དང་། ཚང་མ་སྐུ་བཞེངས་ཐོག་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་གནང་མཁན་གཙོས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་སྐར་མ་གཅིག་རིང་ངག་བཅད་མྱ་ངན། སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤི་རེ་ར་ཝེ་དྷ་ཀུར་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར་བསྐྲུན་གནང་བའི་ ༼བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ༽ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད། ཁྲིམ་ཞིབ་པ་ཆེ་བ་མཆོག་ནས་འདི་ལོ་འབུམ་རམས་པ་ (Ph.D) ཐོན་པའི་སློབ་མ་གཉིས་ལ་གཟེངས་བསྟོད་བྱ་དགའ་དང་། སྲིད་སྐྱོང་མཆོག་གིས་བོད་པའི་གཏན་ཉིན་སློབ་གྲྭ་ཁག་ནས་ ༢༠༡༤ ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་རྒྱུགས་སྤྲོད་ནང་ཨང་རིམ་རྩེར་སོན་སློབ་མ་ ༩ ལ་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་བཅས་ཕུལ་སོང་།

    སྔོན་འགྲོའི་མཛད་རིམ་ཁག་གྲུབ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཙོ་བཅས་རིམ་པས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤི་རེ་ར་ཝེ་དྷ་ཀུར་ (Shri Ravi Thakur) མཆོག་གིས་གསུང་བཤད་གནང་སྐབས། ཁོང་གི་ངོས་ནས་༧གོང་ས་མཆོག་གིས་རང་ལོ་ ༡༦ ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་མཛད་འགན་བཞེས་པ་དེ་སྐུལ་སློང་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། ༧གོང་ས་མཆོག་གིས་བོད་ནང་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་རྒྱུའི་སྐུ་ལུས་གང་མང་བསྐྱོན་ཡང་ལེགས་འགྲུབ་མ་བྱུང་བར། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་མི་ཚོར་མང་གཙོའི་ལམ་སྲོལ་གསར་གཏོད་གནང་སྟེ། ད་ཆར་འཛམ་གླིང་གི་མིག་དཔེར་འོས་པའི་མང་གཙོའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་མ་ཟད། ཁོང་འཛམ་གླིང་གི་འཚེ་མེད་ཞི་བའི་ལྟ་གྲུབ་སྨྲ་བ་དང་ཞི་བདེའི་དེད་དཔོན་ཆགས་པའི་བཀའ་དྲིན་ལ་བརྟེན་ནས་ཧི་མ་ཅལ་ནང་འཛམ་གླིང་གི་ཡུལ་སྐོར་བ་མང་པོ་ཡོང་བ་ དང་ཡུལ་མི་དང་བོད་མིའི་མཐུན་ལམ་སོགས་ཕྱོགས་ཡོངས་ནས་ཕན་པ་ཆེན་པོ་བྱུང་ཡོད་སྐོར་གསུང་བྱུང་བར་མ་ཟད། ཁོང་གི་ངོས་ནས་བོད་ནང་རང་ལུས་མེར་བསྲེཊ་གཙོས་པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། མ་འོངས་པར་བོད་མི་ཚོས་ལམ་དབུ་མའི་སྲིད་བྱུས་ལ་བརྟེན་ནས་བོད་དོན་འཐབ་རྩོད་གནང་རྒྱུ་དང་། ཡུལ་མི་དང་བོད་མིའི་མཐུན་ལམ་སྔར་ལྷག་ཡར་རྒྱས་ཡོང་བའི་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་སྐབས། ང་ཚོའི་ཕུགས་དམིགས་གང་མྱུར་བོད་དོན་བདེན་མཐའ་གསལ་ཐབས་བྱེད་པ་དང་ཆབས་ཅིག ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་བཙན་བྱོལ་དུ་གནས་པའི་རིང་མང་གཙོའི་སྒྲིག་འཛུགས་དང་དེའི་ལག་ལེན་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་བྱ་དགོས། དེ་ཡང་མང་གཙོའི་སྒྲིག་འཛུགས་ཡར་རྒྱས་གཏོང་རྒྱུའི་ཆ་ཤས་གལ་ཆེ་བ་གཅིག་ནི་ང་ཚོས་མང་གཙོའི་ཐོབ་ཐང་བེད་སྤྱོད་ལོག་པར་མ་སོང་བྱ་རྒྱུ་དེ་ཡིན། སྨྲ་བརྗོད་རང་དབང་ནི་མང་གཙོའི་རིང་ལུགས་ཀྱི་ཀ་བ་བཞི་པ་ལྟ་བུ་ཆགས་ཡོད། འོན་ཀྱང་། སྨྲ་བརྗོད་རང་དབང་གི་གོ་དོན་རྒྱུ་མཚན་ཁུངས་ལུང་མེད་པར་གང་བྱུང་སྐྱོན་བརྗོད་བྱེད་ཆོག་པའི་དོན་མ་ཡིན་པ་གསལ་པོ་རེད། སྲིད་བྱུས་བྱེ་བྲག་པ་གཅིག་ལ་མོས་མཐུན་མེད་མཁན་ཞིག་ཡིན་ན། སོ་སོས་མོས་མཐུན་བྱེད་མ་ཐུབ་པའི་རྒྱུ་མཚན་རྣམས་གང་ཟག་སྒེར་ལ་སྐྱོན་བརྗོད་དང་འཁོན་འཛིན་མེད་པའི་སྒོ་ནས་གསལ་སྟོན་བྱེད་ཐུབ་པ་ཞིག་དགོས། དེ་ལྟར་བྱས་ན་མང་གཙོའི་ལམ་ལུགས་དང་མཐུན་པར་དོན་སྙིང་ལྡན་པའི་བགྲོ་གླེང་ཡོང་རྒྱུ་དང་། མང་ཚོགས་ནས་ཀྱང་དངོས་ཡོད་གནས་ཚུལ་ཤེས་པར་ཕན་ཐོགས་ཡོད། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་དང་། བསམ་ཚུལ་མི་འདྲ་བ་ཡོད་པ་དེ་དག་འགལ་རྐྱེན་མ་ཡིན་པར་མཐུན་རྐྱེན་དུ་བསྒྱུར་བ་ནི་མང་གཙོའི་རིང་<ལུགས་ཀྱི་ཁྱད་ཆོས་ཡིན་ཞིང། ད་ལྟའི་ཆར་བཙན་བྱོལ་བོད་མིའི་མང་གཙོའི་ལང་ཚོ་ནར་སོན་བཞིན་པའི་སྐབས་ཡིན་སྟབས། མང་ཚོགས་ཁྲོད་བསམ་འཆར་སྤེལ་རེས་བྱེད་སྐབས་གང་བྱུང་བཤད་པ་ཙམ་མ་ཡིན་པར་ཁུངས་ལུང་ལྡན་པ་གནང་གལ་ཆེ་བ་དང་། མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་པ་དང་མཉམ་མང་གཙོའི་ལས་འགན་ཡང་སྒྲུབ་དགོས། ཁྱད་པར་བོད་སྤྱིའི་རྩ་དོན་དང་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་ཤུགས་མ་ཉམས་པ་ཞིག་དགོས་རྒྱུ་གནད་ཀྱི་དོན་པོ་ཡིན། ཞེས་གསུང་སོང་།

    སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མི་ཚོར། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་དང་ལྷག་དོན་རང་ལུས་མེར་བསྲེཊ་གནང་མཁན་ཚོའི་ནང་མི་ཉེ་འབྲེལ་ཚོར་ཞུ་རྒྱུར། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་མཁན་ཚོའི་བློས་བཏང་བྱས་རྗེས་ལོ་རྒྱུས་ནང་གཏན་དུ་གནས་རྒྱུ་དང་། མ་འོངས་པའི་མི་རབས་རྗེས་མ་ཚོས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་ཡིན། ལུས་སྲོག་བློས་གཏོང་གནང་མཁན་ཚོའི་ཞལ་ཆེམས་༸གོང་ས་མཆོག་ལ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་ཡོང་ཐབས་སུ་སྔར་ལྷག་ནུས་ཤུགས་ཟོང་ཁ་གཅིག་སྒྲིལ་བྱ་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཆགས་ཡོད། ཅེས་གསུངས་སོང་།

    དབུ་མའི་ལམ་གྱི་སྐོར་ལ། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་ནི་བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་དང་། ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས་བཀའ་ཤག་ནས་མུ་མཐུད་དམ་འཛིན་གྱིས་འབད་བརྩོན་ཞུས་དང་ཞུ་མུས་ཡིན། མང་ཚོགས་ནས་ཀྱང་སྲིད་<བྱུས་འདིའི་གལ་འགངས་སྔར་ལྷག་ངོས་འཛིན་ཐུབ་པ་ཡོང་ཆེད་ཉེ་བའི་ཆར་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ཁག་བགོས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་སྤེལ་ཡོད། དེ་བཞིན། བཀའ་ཤག་སྐབས་བཅུ་བཞི་པས་ ༢༠༡༤ ལོ་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལོར་སྲུང་གཙི་ཞུ་བཞིན་པ་ལྟར། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢ བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་གྱི་ཉིན་མོར་ནོ་སྦེལ་གཟེངས་རྟགས་བཞེས་མཁན་གྱི་དབུ་འཁྲིད་ཁག་ཅིག་དྷ་སར་གདན་འདྲེན་ཞུས་ཏེ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ཉེར་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སྐབས། སྤྱིར་མང་གཙོའི་རིང་ལུགས་ནི། མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་པོ་དང་གཉོམ་ཆུང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དོར་ནས། སྤྱི་ཡོངས་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ཡིན། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་བྱ་རྒྱུར་འཛམ་གླིང་རྒྱལ་ཁབ་མི་ཉུང་བ་ཞིག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དམག་འཁྲུག་དང་། འོས་ལངས། འཐབ་རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། སྲིད་དབང་མི་མང་གིས་བསྒྱུར་རྒྱུར་འབད་པའི་ནུས་ཤུགས་མངོན་འགྱུར་བྱུང་དང་འབྱུང་བཞིན་པ་ཡིན་ཡང་། བོད་མིའི་སྤྱི་ཚོགས་ནང་གི་ཡང་དག་པའི་མང་གཙོའི་ལམ་ལུགས་འདི་མང་ཚོགས་ཀྱིས་འཐབ་རྩོད་དང་འཁྲུག་སློང་སོགས་ཆ་ཕྲ་མོ་ཙམ་ཡང་བྱེད་མ་དགོས་པར། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་ནས་ཐུགས་དགྱེས་བརྩེ་ཆེན་པོས་བོད་རྒྱ་ཆེའི་མི་མང་ལ་གསོལ་བསྩལ་གནང་བ་ཞིག་ཡིན་སྟབས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མང་གཙོའི་ལམ་སྲོལ་དང་མཐུན་པའི་འགན་ཁུར་ཚུལ་བཞིན་དུ་གནང་མ་ཐུབ་ཚེ་གནས་སྟངས་ཇི་ཆགས་ཆ་མ་འཚལ་བས། མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རེ་སྙིང་དབུས་སུ་བཅངས་ཏེ་བོད་བསྟན་སྲིད་མི་རིགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཚང་མས་ཞུ་སྒོ་ཅི་མཆིས་སྒོ་ཀུན་ནས་ལྷོད་གཡེང་མེད་པར་གནང་དགོས་པ་ནི་དོན་གྱི་གནད་དམ་པ་ཡིན། ཞེས་གསུངས་སོང་།

    ཚོགས་གཙོ་མཆོག་གིས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་དང་དོལ་རྒྱལ་གྱི་སྐོར་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། མི་རིགས་དང་བཅས་པའི་ངོ་བོ་<མ་བརླགས་པར། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་ཏེ་བོད་རྒྱ་མཉམ་གནས་ཐོག་ཁེ་ཕན་འདྲ་མཉམ་དུ་སྤྱོད་ཆོག་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ནི། བོད་ཙམ་མ་ཟད་རྒྱ་གཞུང་ལའང་ཕན་རླབས་ཆེ་བའི་སྲིད་བྱུས་ཤིག་ཡིན་པ་དངོས་ར་འཕྲོད་བཞིན་དུ་ཁ་བྲལ་བ་དང་། ཏཱ་ལའི་ལོག་སྤྱོད་སྲིད་གཞུང་ཟེར་བ་སོགས། ༸གོང་ས་མཆོག་དང་། ཁོང་ལ་དད་གུས་དང་ཡི་རངས་གནང་མཁན་རྣམས་ལ་མ་ཉེས་ཁག་གཡོགས་དང་བསྙོན་དཀྲི་བཙན་འགེལ་རབས་དང་རིམ་པར་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་མ་བསྟེན་པར་ཇི་མི་སྙམ་པར་འཇོག་བཞིན་པ་ནི་བློ་ཕམ་གྱི་ཡུལ་དུ་གྱུར། དེ་བཞིན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་ཁར། རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་། དོལ་རྒྱལ་རྗེས་འབྲང་པ་རེ་ཟུང་བརྒྱུད་སྐུལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་དང་། དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱང་དངུལ་དངོས་ཀྱི་ཁེ་ཕན་དོན་གཉེར་ལས་ནང་ཆོས་ཀྱི་བསླབ་བྱའི་བླང་དོར་རྣམས་ཚུལ་བཞིན་བསྟེན་མ་ཐུབ་པར་མི་ཡི་རྣམ་དཔྱོད་ཀྱིས་ ཕོངས་པའི་བྱ་སྤྱོད་ཅིག་དང་། དྲང་བདེན་དང་དངོས་ཡོད་ཀྱི་གནས་ཚུལ་ལ་གཞི་མ་བཅོལ་བར་སྨྱོན་པས་གར་འཁྲབ་པ་ལྟ་བུ་ལ་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་རྒྱ་རིགས་མི་མང་རྣམས་མགོ་བོ་མི་འཁོར་བའི་ཡིད་ཆེས་ཞུ་བཞིན་ཡོད། ཅེས་དང་།

    ཁོང་གིས་མུ་མཐུད། རྒྱ་གཞུང་གིས་བོད་འབངས་རྣམས་ལ་འགྲོ་བ་མིའི་འདུ་ཤེས་ཙམ་ཡང་མི་འཛིན་པར་ཁེ་ཕན་ཡོད་ཚད་རྒྱ་ནག་དམར་གཞུང་བདེ་ཐབས་འབའ་ཞིག་དོན་གཉེར་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁྲིམས་སྒྲིག་ཁག་རྩིས་མེད་རྡོག་རོལ་ཏུ་བཏང་སྟབས། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་མང་པོས་བོད་ཀྱི་ཡ་ང་བའི་གནད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱིས། རྒྱ་གཞུང་ལ་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་སྐུལ་དང་བསླབ་བྱ། སྐྱོན་བརྗོད། དགོས་འདུན་སོགས་ལོ་བསྟར་ཆགས་སུ་བཏོན་ཡོད་མོད། དེ་དག་དང་ལེན་བྱ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཀྲུང་གོའི་ནང་སྲིད་ལ་ཐེ་བྱུས་བྱེད་ལུགས་ཀྱི་ཧམ་བཤད་སྐྱོན་འཛུགས་བྱེད་པ་ནི། དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་སྲོལ་གྱི་འགྲོ་ལུགས་དང་ཤིན་ཏུ་མི་འཚམས་པ་ཞིག་ཡིན་པས། རྒྱ་ནག་གཞུང་ཕྱོགས་ནས་གཡོན་ཐལ་གྱི་བསམ་སྦྱོར་རྣམས་བཅོས་བསྒྱུར་ལེགས་སྤེལ་ བགྱིས་ཏེ། འཛམ་གླིང་གི་སྔོན་ཐོན་ཚུལ་མཐུན་གྱི་རྒྱལ་ཁབ་དག་གི་སྤྱི་ཚོགས་ལྟར། བོད་འདི་ཉིད་ཞི་མཐུན་དང་བརྟན་ལྷིང་ངང་། ཡང་དག་པའི་སྤྱི་ཚོགས་ཞི་བདེ་མཉམ་གནས་ཀྱི་ལམ་ཁ་གསར་པ་ཞིག་ལ་འཕྲལ་ནས་མྱུར་དུ་ འཁྲིད་དགོས་པར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་<གསུངས་སོང་།

    དེ་རིང་གི་གཞུང་འབྲེལ་མཛད་སྒོ་ཁག་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་དང་བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག ཚོགས་པ་སྐྱིད་སྡུག་བཅས་ཀྱིས་མི་མང་ལ་གཞས་སྣ་གཟིགས་འབུལ་གནང་རྒྱུ་ཡིན་འདུག

    གསར་འགོད་པ། དོན་གོ

  3. ཅོ་རི་ཉི་མ། says:
    2014-09-02 at 6:33 am

    སེང་གེའི་སྐད་ཅ་བདེན་པ་རེད་ད། བྱེའུ་ཁུག་རྟས་སེང་གེ་སྒོ་ང་གསུམ་བཏང་འདུག་ཟེར་ནས་ཁུངས་ལུང་མེད་པའི་སྐད་ཆ་བཤད། བྱ་དང་བྱེའུ་ཡིས་སྒོ་ང་བཏང་གི་རེད་མ་གཏོགས་སེང་གེས་སྒོ་ང་བཏང་མྱངས་མེད་པ།་་་་་་ཧཧཧ སེང་པགས་གྱོན་པའི་བྱ་དེ་ཞིག་ཡིན་ན་ནི་ཁུག་རྟ་བདེན་པ་འདྲ་ཡིན་མདོག་འདུག་ག་་་་་་ཧཧཧཧ ཁྱོད་གཉིས་ཀྱི་འཐབ་རྩོད་དེ་ལ་ང་ངོ་མ་དགོད་རྒྱུ་ཡོང་ནས་ཤི་ཁུ།

  4. ཅོ་རི་ཉི་མ། says:
    2014-09-02 at 6:45 am

    བདེན་ཆོས་འཁོར་བོང་གུའི་ཞིང་ས་ན།
    མཆིག་ཡར་ལུ་མི་འཁོར་མར་ལུ་འཁོར།
    བྱ་དེ་ཕོ་མི་གྲགས་དེ་མོ་གྲགས།
    ཁྱི་བདག་པོས་་མི་བཀག་མགྲོན་པོས་བཀག

    ཡུལ་རི་གྲོང་རྡ་སའི་རི་སྟེང་དུ།
    བྱས་སྒོ་ང་མི་གཏོང་སེང་གེས་བཏང་།
    སྐྱིད་མོ་རྒྱོབ་མི་རྒྱག་ཕོ་རྒྱོབ་རྒྱག
    སྡེ་མི་སེར་མི་གཙོ་བླ་མ་གཙོ།་་་་་་་་་ཁྱོད་གཉིས་ཀྱི་ཞབས་བརྟན་ཡིན་ད། ཧཧཧ

  5. བསམ་ཤེས། says:
    2014-09-02 at 10:25 am

    ད་དམངས་གཙོའི་བསྟན་པ་འདི་ལ་ད་ལོ་རྟེན་འབྲེལ་ཡག་པོ་བྱུང་མ་སོང་། རྒྱ་གཞུང་གིས་རྒྱ་གར་གཞུང་ལ་བོད་གཞུང་སྒོ་རྒྱག་དགོས་པའི་རེ་བ་འདོན་གྱི་རེད་ཟེར་དུས་ཅུང་བློ་བདེ་པོ་མིན་འདུག

    ད་གནས་ཆུང་ཆོས་སྐྱོང་གིས་མཐུ་དང་རྟགས་འདྲ་འདོན་རྒྱུ་ཡོད་ན་ཐུགས་རྗེས་གཟིགས། རྒྱལ་པོ་ཤུགས་ལྡན་ནི་ཕུད་ཚར་སོང་། ད་སྐྱབས་གནས་ཆུང་ཡིན་ད། བློས་གྲོད་པར་བཀལ། གྲོད་པས་ཆུ་མ་གློད་རོགས།

  6. ཆབ་ཕུན། says:
    2014-09-02 at 12:14 pm

    རྒྱ་དམར་གྱིས་བཙན་བྱོལ་གཞུང་སྒོ་རྒྱབ་དགོས་ཚུལ་རྒྱ་གར་གཞུང་ལ་ག་དུས་ཡིན་ན་ལབ་ལབ་པ་རེད། དེ་གསར་པ་གང་ཡང་མ་རེད། རྒྱ་དམར་གྱིས་གནོད་ཤུགས་རྒྱ་གར་གཞུང་ག་ཚད་བྱས་ནའང་རྒྱ་གར་གཞུང་གི་ངོས་ལེན་གཏན་ནས་གནང་གི་མ་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme