Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་འདུ་ཆེན་མོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད།

Posted on 2018-07-05 By ཁ་བརྡ No Comments on ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་དྲུག་པའི་མཐའ་མའི་ཚོགས་འདུ་ཆེན་མོའི་ཐོག་བསྩལ་པའི་ལམ་སྟོན་གསུང་བཤད།

འོས་སྦྱོར་ཞུ་མཁན། རེ་མདོ་སེངྒེ།
 
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༣༠ ཉིན།
༄༅།། དམིགས་བསལ་སྐུ་མགྲོན་བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་རྣམ་པ། མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། གཞན་ཡང་ཚོགས་འདུ་ལ་དངོས་སུ་ཕེབས་པའི་ཚོགས་ཞུགས་པ་རྣམ་པ་ཡོངས་ལ་ཐོག་དང་པོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གི་ཚོགས་འདུ་འདི་བརྒྱུད་ནས་གཞིས་བཞུགས་བོད་ནང་གི་མདོ་སྨད་རྒྱ་ཆེ་མང་ཚོགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ྋརྒྱལ་བ་རིན་པོ་ཆེས། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །ཞེས་གསུངས་པ་ལྟར་བོད་ཆོལ་ཁ་གསུམ་ཁ་བྲལ་དུ་འགྲོ་མ་དགོས་པར་བོད་ལྗོངས་ཡོངས་རྫོགས་རང་དབང་གཙང་མའི་གནས་བབ་ཅིག་གི་ཐོག་འཐབ་རྩོད་གནང་བཞིན་པ་ལྟར། བོད་ནང་དུ་བཞུགས་པའི་ཆོལ་གསུམ་བོད་མི་ཡོངས་རྫོགས་ཀྱིས་རང་དབང་དང་བདེ་སྐྱིད་ཡོང་བའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་གྱི་ཡོད། བོད་མི་ཡོངས་རྫོགས་ཀྱིས་བོད་སྤྱི་པའི་དོན་དུ་འགན་ཁུར་ནས་ྋརྒྱལ་བ་རིན་པོ་ཆེ་ཐུགས་བདེ་པོ་ཡོང་བ་དང་ྋརྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་ཀྱི་དམ་བཅའ་བརྟན་དུ་གཏོང་བའི་དོན་དུ་འབད་བརྩོན་གནང་དང་གནང་བཞིན་པ་རེད།

ལྷག་པར་དུ་མདོ་སྨད་མི་མང་གི་ངོས་ནས་ཡིན་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དོན་དུ་ཕྱག་ལས་གནང་དང་གནང་བཞིན་པ་ལྟར་འབད་བརྩོན་མུ་མཐུད་ནས་གནང་རོགས་ཞེས་དེ་རིང་གི་ཚོགས་འདུ་འདི་བརྒྱུད་ནས་ཞུ་འདོད་བྱུང༌།

བོད་ནང་དུ་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཁོར་ཡུག་གི་གནས་སྟངས་ཛ་དྲག་པོ་དང་དཀའ་ངལ་ཆེན་པོ་ཞིག་གི་འོག་ཏུ་གནས་བཞིན་ཡོད་ནའང༌། བོད་ཆོལ་ཁ་གསུམ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་བའི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་བཞིན་པ་རེད། བོད་ཆོལ་ཁ་གསུམ་སྐྱིད་སྡུག་མཉམ་གཤིབས་དང་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་གནས་ཐུབ་ཡོད། མ་འོངས་པར་ཡིན་ནའང་བོད་མི་ཡོངས་རྫོགས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རེ་ལྟར། སྔར་བཞིན་བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་ལ་འབད་བརྩོན་གནང་རོགས་ཞེས་ཞུ་འདོད་བྱུང༌།

གནའ་སྔ་མོ་ཡིན་ན་མདོ་སྨད་པའི་ནང་ཁུལ་དུ་ས་རྩོད་ཆུ་རྩོད་དང༌། རྩྭ་ས་རྩོད་གླེང་སོགས་ཀྱིས་ནང་ཁུལ་ལ་མ་མཐུན་པའི་རྙོག་གླེང་ཕྲན་བུ་རེ་ཡོང་གི་ཡོད་ནའང་བར་ལམ་ནས་ྋརྒྱལ་བ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་སྔ་ཕྱིར་ཕེབས་ཡོད་པ་དང༌། ས་གནས་ས་ཐོག་གི་མཁས་པ་དང༌། ཤེས་ཡོན་ཅན། ལྷག་བསམ་ཅན་རྣམས་ཀྱིས་བོད་སྤྱི་པའི་ཐོག་འགན་ཁུར་ནས་ཁ་ཏ་བསླབ་བྱ་རིམ་པར་གནང་བས། དེང་སང་མདོ་སྨད་ནང་ཁུལ་དུ་དེའི་སྐོར་ལབ་རྒྱུ་གླེང་རྒྱུ་མེད་པར་ཞི་འཇམ་བག་ཕེབས་ཡག་པོ་ཞིག་གི་ཐོག་ལ་གནས་ཐུབ་འདུག བོད་ཀྱི་ཆོས་དང་རིག་གཞུང་གང་གི་ཐད་ནས་ཡིན་ན་ཡང་ཡར་རྒྱས་འགྲོ་བཞིན་པ་རེད། འོན་ཀྱང་ཕྱོགས་གཞན་པ་ཞིག་གི་ཐོག་ནས་བཤད་ན། ཚེ་སྲོག་གི་ཞུ་འབོད་གནང་སྟེ་བོད་ཀྱི་རྩ་དོན་ཐོག་སྐུ་ལས་བསྐྱོན་དགོས་པའི་གནས་སྟངས་ཀྱང་བྱུང་མྱོང་ཡོད།

བླ་མའི་སྐུ་ཚེ་བརྟན་པའི་བརྟན་བཞུགས་ངོ་མ་ནི་བཀའ་བཞིན་སྒྲུབ་པའི་མཆོད་པ་འདི་གཅིག་བུ་ཡིན་དུས། བོད་ནང་དུ་བཞུགས་པའི་བོད་རྒྱ་ཆེའི་མི་མང་གིས་སེམས་ཤུགས་བརྟན་པོ་དང་དད་པ་དང་དམ་ཚིག་གཙང་མ་གཡོ་བ་མེད་པར། ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ལྟར་འཚེ་མེད་ཞི་བའི་ལྟ་བ་དང་སྤྱོད་པ་རྒྱུན་སྐྱོང་གནང་བཞིན་པའི་དངོས་ཡོད་གནས་སྟངས་འདི་ནི་དོན་དམ་པའི་བརྟན་བཞུགས་ངོ་མ་སྟེ། བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ཡང་བོད་ནང་གི་རྒྱ་ཆེའི་མི་མང་གིས་སྔར་བཞིན་དད་པ་དང་དམ་ཚིག་གཙང་མ་གཡོ་བ་མེད་པའི་ཐོག་ནས་བཞུགས་ཏེ་འབད་བརྩོན་གནང་རོགས་ཞེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།

བྱེས་སུ་འབྱོར་བའི་མདོ་སྨད་མི་མང་ལ་ཆ་མཚོན་ན། ང་ཚོ་ཐོག་མར་རྒྱ་གར་དུ་སླེབས་པའི་སྐབས་མདོ་སྨད་པ་ཤིན་ཏུ་ཉུང་ངུ་ཞིག་ལས་མེད། མདོ་སྨད་ལ་རྒྱུས་མེད་མཁན་ཚོས་མདོ་སྨད་པ་ཏྲེ་ཧོར་ཁམས་པ་འདྲ་བོ་ཡོད་པ་རེད་དམ་ཞེས་དྲི་བ་འདྲི་མཁན་ཡང་ཡོང་གི་ཡོད། དེ་དུས་མདོ་སྨད་པ་ཤིན་ཏུ་ཉུང་ངུ་ལས་མེད། འགའ་ཤས་ཡོད་པ་ལ་ཡང་སྐད་ཡིག་གི་ཤེས་ཚད་འདང་ངེས་ཤིག་མེད་ལ། ཤེས་ཡོན་སློབ་སྦྱོང་གི་གནས་ཚད་མཐོ་པོ་མེད་མཁན་ཤ་སྟག་ཡིན་ནའང་བོད་སྤྱི་པའི་རྩ་དོན་ལ་ཐུག་པའི་སྐབས་ལྷག་བསམ་རྣམ་དག་དང༌། ྋརྒྱལ་བ་རིན་པོ་ཆེ་ལ་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་ཡིན་དུས། སྔར་ནས་ད་ལྟའི་བར་དུ་ཆོལ་ཁ་གཞན་པ་གཉིས་དང་ལས་འགན་མཉམ་འཁྱེར་བྱས་ཏེ། ནུས་པ་གང་ཡོད་པ་དེ་བོད་སྤྱི་པའི་རྩ་དོན་ཆེད་དུ་སྤུངས་ཏེ་སྤྱི་པའི་བྱ་བ་བསྒྲུབས་ནས་ཡོང་ཡོད། མདོ་སྨད་པ་མི་མང་སྤྱི་ཡོངས་ཀྱི་ངོས་ནས་ད་བར་དུ་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཞིག་གི་ཐོག་ནས་ཧུར་ཐག་འབད་ཐག་ཞུས་ཡོད།

གོང་དུ་སྐུ་ངོ་བཀའ་ཟུར་མཆོག་གིས་བཀའ་གནང་བ་དེ་དག་ཤིན་ཏུ་གལ་ཆེན་པོ་ཤ་སྟག་ཡིན། ཆོལ་ཁ་སོ་སོའི་ངོས་ནས་ལས་དོན་གང་འདྲ་ཞིག་བྱས་ཀྱང་ཆོལ་ཁ་ཕན་ཚུན་བར་མཐུན་ལམ་ཡོང་ཐབས་ལ་དོན་དམ་པས་འབད་བརྩོན་གནང་དགོས་པ་མ་གཏོགས། ཆོལ་ཁ་དང་ལུང་ཚན་བར་དུ་ཕྱོགས་རིས་དང་འགལ་ཟླར་འགྲོ་གཞིར་མ་སོང་བ་ཞིག་ལག་ལེན་ངོ་མའི་ཐོག་མཛད་དགོས། བཙན་བྱོལ་ནང་དུ་ཐོག་མར་ཆོས་ལུགས་དང་ཆོལ་ཁ་སོ་སོའི་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་ནི། བོད་སྤྱི་པའི་རྩ་དོན་བསྒྲུབ་རྒྱུའི་ཆེད་དུ་བཙུགས་པ་ཞིག་མ་གཏོགས། ཆོལ་ཁ་དང་ཆོས་ལུགས་སོ་སོའི་ཐོབ་ཐང་རྩོད་རྒྱུའི་ཆེད་དུ་བཙུགས་པ་ཞིག་གཏན་ནས་མིན། ཚོགས་པ་ཐོག་མར་འཛུགས་པའི་སྐབས་ཀྱི་ཀུན་སློང་དང་དམིགས་ཡུལ་ནི། བོད་སྤྱི་པའི་དོན་དུ་ནུས་པ་མཉམ་དུ་སྤུངས་རྒྱུ་དང་འགན་ཁུར་མཉམ་ཁུར་བྱས་ཏེ་སྤྱི་པའི་ལས་དོན་སྒྲུབ་པའི་ཆེད་དུ་ཡིན་ན་ཡང༌། རིམ་པས་ཐོག་མའི་ཀུན་སློང་དང་དམིགས་ཡུལ་ལ་འགྱུར་བ་ཕྱིན་པ་ལྟ་བུར་གྱུར་ཏེ། ཆོལ་ཁ་སོ་སོའི་ཐོབ་ཐང་དང་ཁེ་ཕན་གཙོ་བོར་འཛིན་མཁན་ལྟ་བུ་ཞིག་ཏུ་གྱུར་པ་རེད། དེང་སང་བཙན་བྱོལ་ནང་དུ་ཡོད་པའི་ཆོལ་ཁ་གསུམ་གྱི་མཐུན་ལམ་ལ་ཕྲན་བུ་ཉམས་ཆག་འགྲོ་བཞིན་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད། བོད་སྤྱི་ཡོངས་ཀྱི་ཆ་ནས་བོད་ཆོལ་ཁ་གསུམ་གྱི་མཐུན་ལམ་སྔར་བཞིན་བརྟན་པོ་དང་གཙང་མར་གནས་ཐུབ་ཡོད་ནའང༌། བཙན་བྱོལ་པའི་སྤྱི་ཚོགས་ནང་དུ་བོད་ཆོལ་ཁ་གསུམ་གྱི་གནས་སྟངས་ལ་སྐྱོན་ཆ་ཕྲན་བུ་ཡོང་བཞིན་པ་དངོས་ཡོད་གནས་ཚུལ་རེད། བར་ལམ་ནས་ྋརྒྱལ་བ་རིན་པོ་ཆེས། ང་ཤི་དུས་ཤི་བཟོ་བདེ་པོ་ཡོང་བ་ཞིག་བྱོས་ཨ། ང་ཤི་དུས་མ་འོངས་པར་གང་འདྲ་བྱས་ཡོང་བསམ་པ་ཞིག་ཡོད་པ་ཡིན་ན། སེམས་མ་བདེ་བ་ཆེན་པོ་ཡོང་ས་རེད། ཅེས་བཀའ་ལན་མང་པོར་ཕེབས་མྱོང་ཡོད། བཀའ་སློབ་འདི་ཆེད་དུ་དམིགས་ནས་གསུང་ས་དེ་བཙན་བྱོལ་པའི་བོད་མི་མང་ལ་གསུངས་པ་ཞིག་རེད་མ་གཏོགས། བོད་ནང་གི་མང་ཚོགས་ལ་དམིགས་ནས་གསུངས་པ་ཞིག་མ་རེད། བཀའ་སློབ་འདི་ཞེ་ས་མ་ཞུས་ན་ྋརྒྱལ་བ་རིན་པོ་ཆེའི་ཨུ་ཐུག་གི་གསུང་ཞིག་རེད། ད་ང་ཚོས་སྙིང་ལ་རུས་པ་བཅུག་ནས་ཤུགས་རྒྱག་དགོས་ས་ག་རེ་འདུག འདིའི་ཐོག་བསམ་བློ་གཏོང་དགོས་པའི་དུས་ལ་བབས་འདུག

བཙན་བྱོལ་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བོད་ནང་གི་སྤྱི་ཚོགས་ཀྱི་གནས་སྟངས་དང་མི་འདྲ་བར། བྱ་སྤྱོད་ངན་པ་མི་དགོས་པ་འདྲ་མིན་བཅོ་བརྒྱད་ཅིག་ཡོང་གི་འདུག མདོ་སྨད་པའི་མང་ཚོགས་ཀྱི་ནང་དུ་ཡིན་ན་ཡང་མ་དགོས་པའི་རིགས་ཀྱི་བྱ་སྤྱོད་ངན་པ་ཅན་ཡང་རེ་ཟུང་ཡོང་གི་འདུག གོང་དུ་མདོ་སྨད་ཚོགས་གཙོའི་གསུང་བཤད་ནང་དུ་གསལ་བ་ལྟར། མདོ་སྨད་པའི་ནང་ཁུལ་ནས་བསམ་སྤྱོད་མ་འགྲིག་པ་བྱུང་བའི་རིགས་ལ་མདོ་སྨད་སྤྱི་པའི་ངོས་ནས་འགན་ཁུར་བླངས་ཏེ་བསླབ་བྱ་གནང་གི་ཡོད་ཅེས་པ་འདི་ཤིན་ཏུ་ཡག་པོ་རེད། ཆོལ་ཁ་གཅིག་གི་ནང་ནས་མ་འགྲིག་པ་ཡོང་བའི་སྐབས་ཆོལ་ཁ་རང་གི་ནང་ནས་སེལ་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད། ཁ་ནང་གི་རྨ་ཁ་ནང་ནས་གསོས་པར་བྱེད་དགོས་པའི་དཔེ་ལྟར་རེད། ཆོལ་ཁ་སོ་སོའི་ནང་ཁུལ་ལ་མ་འཆམ་པ་དང་མ་མཐུན་པའི་གནས་ཚུལ་གང་ཡོད་པ་དེ་ཆོལ་ཁ་སོ་སོའི་ནང་ཁུལ་ནས་སེལ་བར་བྱས་ན་འོས་ཤིང་འཚམས་པོ་ཞིག་རེད།

ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ་དེ་རིང་འདི་ལ་ཕེབས་ཡོད་དུས་དབུ་ཁྲིད་རྣམ་པས་འགན་བཞེས་ནས་བོད་མི་ཡོངས་རྫོགས་མཐུན་ལམ་གོང་བུ་ཆིག་བསྒྲིལ་ཡོང་བའི་ལས་འགུལ་དམིགས་བསལ་གྱིས་སྤེལ་དགོས་པའི་དུས་ལ་བབ་འདུག བོད་སྤྱི་པའི་ཐོག་ལ་གནས་ཚུལ་ངན་པ་ཞིག་བྱུང་བའི་སྐབས་ཐམས་ཅད་འཇམ་ཐང་ངེར་བཞུགས། ཆོལ་ཁ་སོ་སོའི་ཐོག་ལ་གནས་ཚུལ་ཕྲན་བུ་རེ་བྱུང་བའི་སྐབས་འགན་བླངས་ནས་ཧུར་ཐག་འབད་ཐག་བྱས་བསྡད་པ་ལྟ་བུ་ཞིག་མི་གནང་བར། བོད་སྤྱི་པའི་རྩ་དོན་ཨང་དང་པོ་དང་ཚོགས་པ་སོ་སོའི་གནད་དོན་ཨང་གཉིས་པར་འཇོག་ཐུབ་པ་ཞིག་གནང་དགོས། ཚོགས་པ་ཁག་གི་གཙོ་འཛིན་རྣམ་པ་དེ་རིང་འདིར་ཕེབས་ཡོད་པ་ཡིན་དུས་འདིའི་ཐོག་དགོངས་པ་ཟབ་བཞེས་གནང་རོགས་ཞེས་རེ་འདུན་ཞུ་འདོད་བྱུང༌།

ང་ཚོ་ལ་མ་འགྲིག་པ་དང་མ་ལེགས་པ་ཕྲན་བུ་རེ་འབྱུང་བཞིན་པ་འདི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་རེད། དགྲ་དགའ་གཉེན་སྡུག་གི་གནས་ཚུལ་འདིའི་ནང་དུ་སུ་ཞིག་ཡོང་གི་ཡོད་མེད་དང༌། སུ་ཞིག་འཛུལ་གྱི་ཡོད་མེད་ཟུར་བལྟས་ལེབ་མཐོང་ཡིན་དུས་ང་ཚོས་གསལ་པོར་ཤེས་ཀྱི་ཡོད། འདིའི་རིགས་ལ་ང་ཚོས་གདོང་ལེན་གནང་དགོས། གདོང་ལེན་བྱེད་ཕྱོགས་མ་ནོར་བ་དང་འཕྱི་མ་དྲགས་པ་ཞིག་གནང་རོགས་ཞེས་ནན་ཏན་ཆེན་པོས་ཞུ་འདོད་བྱུང༌།

མདོ་སྨད་དབུས་རྒྱུན་ལས་ཀྱི་མཚན་ཐོག་ནས་མདོ་སྨད་ནང་ཁུལ་གྱི་མི་སྣ་བྱས་རྗེས་ཅན་དང༌། མི་ནུས་པ་ཅན། མི་སྣ་ཁྱད་པར་བའི་རིགས་བཅས་ལ་བྱ་དགའ་དང་གཟེངས་བསྟོད་གནང་བ་འདི་ཤིན་ཏུ་ཡག་པོ་འདུག གང་ཡིན་ཟེར་ན་མདོ་སྨད་པ་རང་གིས་མདོ་སྨད་པ་རང་ཉིད་ཀྱི་མི་སྣ་བདག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད། རང་ཁོངས་ཀྱི་མི་རྒན་པ་དང་ནུས་པ་ཅན་གྱི་རིགས་ལ་ནང་ཁུལ་སྐྱོན་བརྗོད་བྱེད་རེས་བྱས་ན་སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད། མི་ནུས་པ་ཅན་གྱི་ནུས་པ་སྤེལ་བ་དང་སྤྱི་ཚོགས་ནང་ཆེ་མཐོང་བསྐྲུན་དགོས་པ་འདི་གལ་ཆེན་པོ་རེད།

སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་ནི། དོན་དམ་པའི་མཛད་རྗེས་ཅན་གྱི་མི་སྣ་སྐད་གྲགས་ཅན་ཞིག་ཡིན། ངས་ཤེས་ཚོད་ལྟར་བྱས་ན་སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་ལ་བོད་རང་དབང་རང་བཙན་ཡིན་པའི་སྐབས་བཀའ་བློན་གྱི་མཚན་གནས་ཤིག་ཕུལ་ཡོད་ས་རེད། སྐབས་དེར་ཡོངས་གྲགས་སུ་སྐུ་ངོ་རྒྱ་ལོ་དོན་འགྲུབ་ལ་སྐུ་ངོ་ས་དབང་ཆེན་པོ་ཞེས་མཚན་འབོད་ཞུ་བའི་སྲོལ་དར་ཡོད། ས་དབང་ཞེས་པ་ནི་བོད་གཞུང་གི་བཀའ་བློན་གྱི་མཚན་གནས་ཡིན་དུས་སྐུ་ངོ་རྒྱ་ལོ་དོན་འགྲུབ་ལ་བོད་རང་བཙན་ཡིན་པའི་སྐབས་བཀའ་བློན་གྱི་མཚན་གནས་ཕུལ་ཡོད་ཚོད་རེད། འདིའི་སྐོར་ཞིབ་འཇུག་གནང་དགོས། ས་དབང་ཆེན་མོ་དང་བཙན་བྱོལ་གཞུང་གི་ནང་དུའང་བཀའ་བློན་ཁྲི་པའི་མཛད་འགན་བཞེས་མྱོང་མཁན་དེང་སང་སྐུ་ངོ་རྒྱ་ལོ་དོན་འགྲུབ་རྐྱང་པ་མ་གཏོགས་ཞལ་བཞུགས་མེད་དུས། གནས་ཚུལ་འདི་བོད་སྤྱི་པའི་ཐོག་ནས་ཐུགས་བསམ་བཞེས་དགོས་པའི་ལོ་རྒྱུས་ཀྱི་གནད་དོན་ཡོད་པའི་མི་སྣ་གལ་ཆེན་པོ་ཞིག་རེད་བསམས།

སྐུ་ངོ་རྒྱ་ལོ་དོན་འགྲུབ་ནི་བོད་མི་མང་གི་ཁྲོད་ནས་བོད་སྤྱི་པའི་ལས་དོན་ཐོག་སྐུ་ལས་ཚད་མེད་བསྐྱོན་པའི་བྱས་རྗེས་ཅན་ཞིག་རེད། ཁོང་གིས་བོད་སྤྱི་པའི་དོན་དུ་དྲག་པོའི་ཐོག་ནས་ལས་འགུལ་སྤེལ་ན་ཨེ་དྲག འཇམ་པའི་ཐོག་ནས་ལས་འགུལ་སྤེལ་ན་ཨེ་དྲག ཐབས་ཤེས་གང་འདྲ་ཞིག་གི་ཐོག་ནས་བྱེད་དགོས་ཀྱང་གནང་སྟེ་སྐུ་ལས་ཚད་མེད་བསྐྱོན་མཁན་ཞིག་ཡིན། ཁོང་གིས་སྐུ་ལས་བསྐྱོན་པའི་བརྒྱུད་རིམ་དེ་དག་དེབ་འདིའི་ནང་དུ་གསལ་པོར་འཁོད་ཡོད་ངེས་རེད། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་མཛད་རྗེས་བཞག་པའི་མི་སྣ་ཁོང་ནི་ད་ལྟའི་ལོ་རྒྱུས་ཀྱི་གནས་སྟངས་རྐྱང་པ་མ་ཡིན་པར། མ་འོངས་པའི་མི་རབས་ཀྱི་ཁྲོད་དུའང་ཁོང་གི་མཛད་རྗེས་གནས་ཐུབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། སྐུ་ངོ་ཁོང་ཤིན་ཏུ་དགུང་ལོ་བགྲེས་པོར་ཕེབས་ཟིན་ཡོད་ཀྱང་ད་དུང་ཡང་ཚོགས་འདུ་ཆེ་ཁག་མང་ཆེ་བ་ལ་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་བཀའ་སློབ་གནང་གི་ཡོད། དཔེར་ན། ལྔ་དང་ལྔ་བཅུའི་ཚོགས་འདུར་ཕེབས་པའི་སྐབས་སྤྱན་གྱིས་གསལ་པོར་མི་གཟིགས་པ་དང་སྙན་གྱིས་ཡག་པོ་གསན་གྱི་མི་འདུག་ནའང་སྐུ་ལས་བསྐྱོན་ནས་སེམས་ཤུགས་ཆེན་པོས་བཀའ་སློབ་གནང་གི་འདུག

ངས་ཤེས་ཚོད་ལྟར་བྱས་ན། ཕྱི་ལོ་ ༡༩༥༩ ལོར་ཐོག་དང་པོར་བོད་གཞུང་གི་སྐུ་ཚབ་གནང་ནས་བོད་དོན་རྒྱལ་སྤྱིའི་ཐོག་ཞུ་འབོད་གནང་མཁན་དང༌། དུས་ཕྱིས་བཙན་བྱོལ་གཞུང་དང་རྒྱ་ནག་གཞུང་བར་གྱི་འབྲེལ་བ་ཐོག་མར་མཐུད་མཁན་ཡང་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཁོང་ཡིན། ཕྱི་ལོ་ ༡༩༧༩ ལོར་བཙན་བྱོལ་གཞུང་དང་རྒྱ་ནག་གཞུང་བར་གྱི་འབྲེལ་བ་ཐོག་མར་མཐུད་དེ་རྒྱ་གར་ནས་བོད་དུ་སྐུ་ཚབ་ཚོགས་ཆུང་དང་གཟིགས་སྐོར་ཚོགས་ཆུང་ལན་མང་པོ་ཕེབས་ཐུབ་པ་བྱུང་བ་དང༌། བོད་ཕྱི་ནང་གི་འབྲེལ་བའི་སྒོ་ཕྱེས་ཏེ་བོད་མི་མང་པོ་རྒྱ་གར་དུ་ཡོང་བ་དང༌། རྒྱ་གར་ནས་བོད་དུ་གཉེན་འཕྲད་དུ་ཕེབས་ཐུབ་པ་བྱུང་བ་འདི་ཡོངས་རྫོགས་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱི་མཛད་རྗེས་ལས་བྱུང་བ་ཞིག་རེད། ཕྱིས་སུ་རྒྱ་བོད་བར་གྱི་འབྲེལ་མཐུད་དང་སྐུ་ཚབ་འགྲོ་འོང་ལན་གཅིག་མཚམས་ཆད་པའི་སྐབས་ཤིག་ཏུ། ཡང་བསྐྱར་འབྲེལ་བ་བསྐྱར་མཐུད་གནང་མཁན་ཡང་སྐུ་ངོ་རྒྱ་ལོ་དོན་འགྲུབ་ལགས་ཡིན། དངོས་ཡོད་གནས་སྟངས་ཀྱི་བྱས་རྗེས་འདི་དག་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད།

སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་གིས་སྔ་ཕྱི་བྱས་ནས་ས་གནས་མ་འདྲ་བ་སྣ་ཚོགས་སུ་བཀའ་སློབ་མང་པོ་གནང་ཡོད། བཀའ་སློབ་དེ་དག་གི་གྲས་ནས་མདོ་སྨད་པས་ལག་བསྟར་བྱ་དགོས་གང་དང་འདུག མང་ཚོགས་སྤྱི་ཡོངས་ཀྱི་ངོས་ནས་ལག་བསྟར་བྱ་དགོས་པ་གང་དང་གང་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་གནང་དགོས་པ་གང་དང་གང་འདུག འདི་རིགས་ལ་ཞིབ་འཇུག་བྱ་དགོས་པ་གལ་ཆེན་པོ་རེད་ཅེས་སྐུ་ངོ་ཁོང་གི་ལོ་རྒྱུས་བོད་བསྒྱུར་གྱི་དཔེ་དེབ་དབུ་འབྱེད་དང་འབྲེལ་ནས་བསམ་ཚུལ་འདི་ཞུ་འདོད་བྱུང༌།

ཉེ་ཆར་ཟམ་གདོང་རིན་པོ་ཆེས་རྡ་རམ་ས་ལའི་ཉེ་འཁོར་གྱི་ཚོགས་པ་ཞིག་ལ་བཀའ་སློབ་གནང་བའི་ནང༌། ང་ཚོའི་མང་གཙོ་ཞེས་པ་འདི་འགྲན་རྩོད་ཀྱི་ངོ་བོར་འགྲོ་རུང་གི་མ་རེད། ཅེས་གསུངས་པ་ལྟར་ལས་ཀ་བྱེད་སྟངས་མང་པོ་ཞིག་འགྲན་རྩོད་ཀྱི་ངོ་བོར་འགྱུར་འགྲོ་གི་ཡོད་པའི་མཐོང་ཚུལ་ཞིག་རྒྱུན་དུ་ཡོང་གི་འདུག ལྷག་བསམ་རྣམ་དག་མེད་པར་འགྲན་རྩོད་ཀྱི་ངོ་བོར་སོང་སྟེ་གཞུང་སྒེར་གྱི་བྱ་བ་གང་འདྲ་ཞིག་བྱས་པ་ཡིན་ན་འགྲིག་ལ་མ་འགྲིག་པའི་གནས་ཚུལ་མང་པོ་རང་བཞིན་གྱིས་ཡོང་བ་ཆོས་ཉིད་ལྟ་བུ་རེད། བྱུང་ཟིན་པའི་གནས་ཚུལ་ལ་བཅོས་སྒྱུར་བྱེད་ཐབས་མེད་ནའང་མ་འོངས་པར་ཆོལ་ཁ་དང་ཆོལ་ཁའི་བར་དང༌། ཆོལ་ཁ་ནང་ཁུལ་གང་ཡིན་ཡང་རུང་བྱ་བ་ཆེ་ཆུང་གང་བྱས་ཀྱང་འགྲན་རྩོད་ཀྱི་ངོ་བོའི་ཐོག་མི་འགྲོ་བའི་གཟའ་གཟབ་བྱ་དགོས་པ་འདི་གལ་ཆེན་པོ་རེད། འགྲན་རྩོད་ཀྱི་ངོ་བོའི་ཐོག་ལ་ཕྱིན་པ་ཡིན་ན། ཆོལ་ཁ་ཕན་ཚུན་དང༌། ཆོལ་ཁ་ནང་ཁུལ་ལ་མ་འཆམ་པ་དང་ཐོར་ཞིག་ཏུ་འགྲོ་བའི་རྐྱེན་རྩ་གཙོ་བོར་འགྱུར་གྱི་རེད། ད་ལྟའི་ཆབ་སྲིད་ཀྱི་ལས་དོན་དང་མ་འོངས་པའི་འོས་བསྡུའི་ལས་རིམ་གང་འདྲ་ཞིག་གི་སྐབས་ཡིནཡང་རུང་འགྲན་རྩོད་ཀྱི་ངོ་བོར་མ་སོང་བ་ཞིག་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

མདོ་སྨད་ཚོགས་ཆེན་གྱི་གྲོས་གཞིའི་ནང་དུ་ྋགོང་ས་ྋསྐྱབས་མགོན་པོ་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྐོར་འཁོད་ཡོད། གྲོས་གཞི་འདི་ཤིན་ཏུ་གལ་ཆེན་པོ་རེད། ང་ཚོས་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་འགན་ལེན་ཞུ་སྟངས་དེ་སྐུའི་འཁྲིས་ལ་བཅར་ནས་སྐུ་སྲུང་ཞུ་དགོས་པ་ལྟ་བུ་མ་རེད། རང་རང་གི་ངོས་ནས་ལྷག་བསམ་རྣམ་དག་གིས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགྱེས་པའི་མཆོད་པ་ག་རེ་འབུལ་ཐུབ་ཀྱི་འདུག ྋརྒྱལ་བ་རིན་པོ་ཆེ་ྋསྙན་སུན་ལ་མ་འགྲོ་བ་ག་རེ་བྱེད་ཐུབ་ཀྱི་འདུག ཚོགས་པ་དང་མི་སྒེར་པ་སོ་སོས་འགན་བླངས་ཏེ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་སྤྲོ་བོ་དང་དགྱེས་པོ་ཡོང་བ་ལ་ག་རེ་ཞུ་ཐུབ་ཀྱི་འདུག ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་དགོས་ན་ཐུགས་སྤྲོ་བོར་བཞུགས་ཐུབ་པར་ཞུ་དགོས་པ་འདི་གལ་ཆེ་ཤོས་རེད། ང་རང་གི་སྟེང་ནས་དཔེ་མཚོན་ཞུས་ན། ང་བར་ལམ་ན་དགོས་པའི་རྒྱུ་མཚན་ཡང་སེམས་མ་སྐྱིད་པའི་དབང་གིས་བྱུང་སོང༌། ྋརྒྱལ་བ་རིན་པོ་ཆེ་ཐུགས་མ་སྤྲོ་བ་དང་ྋསྙན་སུན་མི་ཡོང་བ་ལ་འབད་དགོས་པ་ང་ཚོ་བོད་མི་ཡོངས་རྫོགས་ཀྱི་འགན་རེད། དཔེར་ན། ཐེ་ཝན་རྒྱལ་ཁབ་ཤིན་ཏུ་གཙང་མ་ཡོད་དགོས་པའི་རྒྱུ་མཚན་ནི། མི་ཆེ་ཆུང་ཡོངས་རྫོགས་ཀྱིས་རང་རང་གི་འགན་བླངས་ཏེ་རང་རང་གི་གད་སྙིགས་རང་རང་གིས་བདག་པོ་བརྒྱབས་ནས་འཁྱེར་འགྲོ་གི་ཡོད་དུས་རང་བཞིན་གྱིས་གཙང་མར་ཆགས་ཀྱི་འདུག དེ་བཞིན་དུ་ང་ཚོ་བོད་མི་ཡོངས་རྫོགས་ཀྱིས་རང་རང་གི་ཐད་ཀྱི་འགན་འཁྲི་ལ་འཐུས་ཤོར་དུ་མ་བཏང་བར་ཡག་པོ་བྱས་པ་ཡིན་ན་བོད་སྤྱི་པ་འདི་ཡག་པོ་ཡོང་རྒྱུར་གཏན་འཁེལ་བ་རེད། སྤྱི་སྒེར་སུ་ཞིག་ཡིན་ན་ཡང་ཕན་ཚུན་ལ་ཁག་འཇོག་རེས་མ་བྱས་པར་རང་རང་གི་འགན་འཁྲི་གང་ཡིན་པ་དེ་ངོས་ཟིན་པར་བྱས་ཏེ་འཐུས་ཤོར་དུ་མ་སོང་བ་ཞིག་བྱས་པ་ཡིན་ན། ྋརྒྱལ་བ་རིན་པོ་ཆེ་རང་བཞིན་གྱིས་ཐུགས་སྤྲོ་བོ་ཡོང་གི་རེད་ལ། དེ་ལ་བརྟེན་ནས་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་ཞིག་ཡོང་ངེས་རེད། མང་ཚོགས་སྤྱི་ཡོངས་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་འགན་ཁུར་ཞུ་སྟངས་དེ་ཡིན་ལ། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་དོན་དམ་པའི་བརྟན་བཞུགས་ཀྱང་འདི་ཡིན།

ང་ཚོ་མདོ་སྨད་པ་ལ་མཚོན་ན་ྋརྒྱལ་བ་རིན་པོ་ཆེ་འཁྲུངས་ས་དང་འཁྲུངས་ཡུལ་རེད། ང་ཚོའི་ཕ་ཡུལ་གྱི་སྐད་ཆ་བཤད་སྟངས་ལྟར་བྱས་ན། སྐུ་ཤ་དམར་དམར་གྱི་བདག་པོ། སྐུ་རུས་དཀར་དཀར་གྱི་བདག་པོ། ཞེས་པའི་བཤད་སྲོལ་ཞིག་ཡོད་པ་ལྟར་ྋརྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པའི་སྐུ་རྩ་གདུང་བདག་ང་ཚོ་མདོ་སྨད་པ་རེད། ྋརྒྱལ་བ་རིན་པོ་ཆེ་ཁོང་གིས་ཀྱང་རྒྱུན་དུ་ང་ཨ་མདོ་པ་ས་སྐྱེས་རྡོ་སྐྱེས་ཡིན་ཞེས་ལན་མང་པོར་གསུང་མྱོང་བ་ཡིན་དུས་ང་ཚོ་མདོ་སྨད་པའི་ངོས་ནས། ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་ཁྱབ་བསྒྲགས་ཤིག་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད་བསམས། ད་ཆ་ྋརྒྱལ་བ་རིན་པོ་ཆེ་དགུང་ན་མཐོ་པོར་ཕེབས་ཡོད་སྟབས་མདོ་སྨད་པ་ཚོའི་ངོས་ནས་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕྱི་མ་ངེས་པར་ཕེབས་དགོས་པའི་སྐྱབས་འཇུག་གསོལ་འདེབས་ཞུ་དགོས་པ་དང་ཆབས་ཅིག རྒྱ་མིའི་ཕྱོགས་ནས་ཡང་སྲིད་ཀྱི་སྐོར་ཐེ་བྱུས་མཚམས་འཇོག་དགོས་པའི་བསྒྲགས་གཏམ་དང་གསལ་བཤད་གནང་ཐུབ་ན་ཡག་པོ་ཡོད་པ་རེད་བསམས།

མདོ་སྨད་སྤྱི་པའི་ཚོགས་པ་འདི་སྐྱིད་སྡུག་གི་ཚོགས་པ་ལྟ་བུ་ཞིག་མིན་པར་སྤྱི་པའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡིན་དུས། རྒྱུན་དུ་ཆབ་སྲིད་ཀྱི་ཐོག་ལ་ཐུགས་སྣང་ཤུགས་ཆེན་པོ་གནང་དགོས་པ་དེ་གལ་ཆེན་པོརེད་ལ། ནམ་ཡིན་ན་ཡང་སྤྱི་པ་དེ་སྤྱི་པའི་ས་ལ་བསྡད་ཐུབ་པ་ཞིག་དང༌། སྤྱི་པའི་ས་ནས་ལངས་ཐུབ་པ་ཞིག་མཛད་དགོས་པ་དེ་གལ་ཆེན་པོ་རེད། མ་འོངས་པར་ལས་དོན་དང་གནས་ཚུལ་གང་འདྲ་ཞིག་དང་འཕྲད་ཀྱང་མདོ་སྨད་པའི་ཚོགས་པ་འདི་མདོ་སྨད་པ་སྤྱི་པའི་ས་ལ་གནས་ཐུབ་པ་ཞིག་བྱ་དགོས།

དེ་རིང་མདོ་སྨད་གླིང་ཟེར་བ་ལ་གཟེངས་རྟགས་ཤིག་གནང་སོང༌། མདོ་སྨད་གླིང་ཞེས་པ་འདི་དྲ་ཐོག་གི་ཚོགས་པ་ཆེན་པོ་ཞིག་ཡིན་ཚོད་འདུག དེ་འདྲ་ཡིན་ན་ལས་དོན་གང་འདྲ་ཞིག་བསྒྲུབས་ཀྱང་རུང༌། སྐད་ཆ་གང་འདྲ་ཞིག་བཤད་ཀྱང་རུང༌། བོད་ཆོལ་ཁ་གསུམ་མཉམ་རུབ་དང་མཐུན་ལམ་བྱ་དགོས་པའི་རྩ་དོན་འདི་ལས་དོན་གལ་ཆེ་ཤོས་སུ་བརྩི་དགོས་པ་ནི་གལ་ཆེན་པོ་རེད། དེང་སང་དྲ་ཐོག་གི་ཚོགས་པ་ཁག་གི་ནང་དུ་སྐད་ཆ་ཤོད་དགོས་མི་དགོས་འདྲ་མིན་སྣ་ཚོགས་བཤད་པ་ལ་བརྟེན་ནས་བོད་སྤྱི་ཡོངས་ལ་རང་བཞིན་གྱིས་དཀའ་ངལ་སྣ་ཚོགས་ཤིག་བཟོས་ཡོང་གི་འདུག མདོ་སྨད་གླིང་ཟེར་བ་འདི་ཚོགས་པ་ཆེན་པོ་ཞིག་ཡིན་པ་དང་ད་བར་དུ་བོད་སྤྱི་པའི་དོན་ལ་སྐད་ཆ་མང་པོ་བཤད་ཀྱི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པས། མ་འོངས་པར་ཡང་སྤྱི་པའི་རྩ་དོན་ལ་འགན་ཁུར་བའི་སྒོ་ནས་བོད་སྤྱི་པ་ལ་ཕན་པའི་སྐད་ཆ་གང་མང་མང་བཤད་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་ཞིག་གྲོས་གཞིའི་ནང་དུ་བཀོད་འདུག གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོ་རང་མི་གཅིག་གིས་འགན་ཁུར་ནས་བོད་སྤྱི་པའི་དོན་ལ་ལས་འགུལ་རྒྱ་ཆེན་པོ་སྤེལ་མཁན་ཞིག་ཡིན་དུས་ཤིན་ཏུ་རླབས་ཆེན་རེད། ཡིན་ནའང་ད་ལྟ་ཁོང་གི་ཐོག་གནས་ཚུལ་གང་བྱུང་ཡོད་མེད་དང་ག་བར་ཡོད་མེད་སུ་གཅིག་གིས་ཀྱང་ཤེས་ཀྱི་མེད་པའི་གནས་སུ་གྱར་ཡོད་དུས། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་མཚོན་པའི་འབྲེལ་ཡོད་ཁག་ལ་ཞུ་གཏུགས་རིམ་པར་བྱས་ཏེ་ཁོང་གི་སྐོར་རྩད་གཅོད་ཞིབ་མོ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཁོང་བརླགས་ནས་ལོ་འགའ་ཤས་ཕྱིན་ཡང་ཁོང་གི་གནས་ཚུལ་སུ་གཅིག་གིས་ཀྱང་གསལ་པོ་ཤེས་ཐུབ་ཀྱི་མེད། མདོ་སྨད་པའི་ནང་དུ་མི་གཅིག་གིས་སོ་སོས་འགན་ཁུར་ཏེ་ལས་འགུལ་རྒྱ་ཆེན་པོ་སྤེལ་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་དང༌། དེ་བཞིན་དུ་དོན་འགྲུབ་དབང་ཆེན་ལྟ་བུ་མང་པོ་ཡོད།

ངས་གོང་དུ་གང་བཤད་པ་ཡོངས་རྫོགས་ཚིག་སྙན་པོ་དང་གྲ་འགྲིག་པོ་ཡོང་བར་འབད་བརྩོན་བྱས་མེད། ྋརྒྱལ་བ་རིན་པོ་ཆེས་རྒྱུན་དུ་མ་ཡོང་བ་དང་མ་འགྲིག་པའི་ཕྱོགས་ནས་བཤད་དགོས། འགྲིག་པ་དང་ལེགས་པའི་ཕྱོགས་ཀྱི་བསྟོད་པ་གཞན་ལ་གཏོང་དུ་ཆུགས་ཞེས་བཀའ་གནང་གི་ཡོད་པ་ལྟར། ཕྲན་བུ་མ་འགྲིག་པ་དང་མ་འཐུས་པའི་ཕྱོགས་ནས་ཞུ་གི་ཡོད་དུས་ཚིག་ཀྱང་འཇམ་པོ་དང་སྙན་པོ་མེད་པ་ཞིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་གི་འདུག མདོ་སྨད་པ་རྣམས་ཀྱིས་ང་ལ་ྋརྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་རྒན་པ་གཡོག་རྒན་སོ་ཆད་ཅིག་ཡིན་པ་ལ་དགོངས་པ་བཞེས་ནས། ཚོགས་འདུ་ལ་ཡོང་ནས་སྐད་ཆ་བཤད་རོགས་ཞེས་རེ་སྐུལ་གནང་བྱུང་བས། ང་རང་གི་སེམས་ལ་གང་ཡོད་པ་དེ་ཁ་གསང་པོ་བྱས་ནས་ཞུས་ཡོད། མདོ་སྨད་ཚོགས་པའི་ངོས་ནས་ང་སློབ་སྟོན་པ་ཡིན་ཞེས་གསུང་གི་ཡོད་སྟབས་གནས་སྟངས་དེའི་ཐོག་ནས་ཀྱང་ཕྲན་བུ་རེ་ཞུས་པའི་ཁུལ་ཡིན། དེ་ལས་ལྷག་པའི་གནས་ཚུལ་དམིགས་བསལ་བ་དང་གཏམ་གསར་པ་ཞུ་རྒྱུ་གང་ཡང་མེད།

གནས་ཚུལ་གཞན་ཞིག་ལ། བར་ལམ་ང་ཐེ་ཝན་དུ་གློ་བུར་ན་བའི་སྐབས་འབྲེལ་ཡོད་མང་པོ་ཞིག་དང༌། ལྷག་པར་དུ་མདོ་སྨད་དབུས་དང་ས་གནས་མང་པོ་ཞིག་གིས་ང་ལ་ཐུགས་ཁུར་ཆེན་པོ་གནང་སྟེ་ཞབས་བརྟན་ཡང་ཤིན་ཏུ་རྒྱ་ཆེན་པོ་བསྒྲུབས་གནང་སོང༌། རྣམ་པ་ཚོ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྣམ་པ་ཚོས་ང་ལ་གཟིགས་པ་འདི་ལྟར་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ང་ཆུང་དུས་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་བོད་སྤྱི་པ་དང་མདོ་སྨད་པ་སྤྱི་པའི་མི་ཞིག་ཡིན་སྙམ་པའི་ཐོག་ནས་བསྡད་པ་ཡིན་དུས། རྣམ་པ་ཚོས་ང་བོད་སྤྱི་པའི་མི་ཞིག་དང་མདོ་སྨད་སྤྱི་པའི་མི་ཞིག་ཡིན་པའི་ཆེ་མཐོང་དང་ཆ་འཇོག་གནང་བའི་ཐོག་ནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ།

གསུང་བཤད།

Post navigation

Previous Post: བསྟོད་ཚིག་ཆུ་འཛིན་དཀར་པོ།
Next Post: རྒྱལ་བ་བསྟན་འཛིན་རྒྱ་མཚོའི་འཁྲུངས་སྐར་ལ། གཞས་འདི་འབུལ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme