Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ྋགོང་ས་མཆོག་གིས་མཛད་པའི་གཅེན་མོ་ཚེ་རིང་སྒྲོལ་མའི་ལོ་རྒྱུས་མདོར་བསྡུས།

Posted on 2011-01-192011-01-19 By ཆུ་སྐྱེས་སྒྲོལ་མ། 18 Comments on ྋགོང་ས་མཆོག་གིས་མཛད་པའི་གཅེན་མོ་ཚེ་རིང་སྒྲོལ་མའི་ལོ་རྒྱུས་མདོར་བསྡུས།

d-1༄༅། །བརྩེ་ལྡན་གཅེན་མོ་ཚེ་རིང་སྒྲོལ་མ་དེ་ཉིད། ༡༩༢༠ ལོ་བོད་ཆེན་པོའི་ནང་ཚན་མདོ་སྨད་ཨ་མདོ་སྐུ་འབུམ་གྱི་ཉེ་སྐོར་སྟག་འཚེར་ཁྱིམ་ཚང་དུ་བཙས། གྲོང་གསེབ་ཞིང་པ་ཕལ་བའི་བུ་མོ་དཀྱུས་འགྲེའི་ལུགས་བཞིན་ནང་ཁྱིམ་གྱི་ཉིན་ རེའི་ལས་ཀར་གཡེངས་པས་ཤེས་ཡོན་སྦྱངས་བརྩོན་བྱས་པ་མེད། ངེད་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ནང་མི་ཡོངས་རྫོགས་བོད་དབུས་ཕྱོགས་སུ་ཡོང་བའི་སྐབས། གཅེན་མོ་དང་། ཡུལ་སྲོལ་ལྟར་ཆུང་གྲོགས་སུ་མཉམ་ཡོད་ཕུན་ཚོགས་བཀྲ་ཤིས་ལྷ་ས་ཆོས་ལྡན་ཞིང་དུ་འབྱོར། ལྷ་སར་སྡོད་རིང་བོད་ཡིག་དང་། རྒྱ་སྐད་སྔར་ནས་ཕྲན་ཤེས་ཐོག རྒྱ་ཡིག་ཁྱར་ཁྱོར་ཙམ་སྦྱངས་བརྩོན་བྱས་ཡོད་པ་དང་། ཡུལ་གཤིས་མིག་ལྟོས་གོམས་པ་ལྟ་བུའི་ཆོས་དད་མི་ཆུང་ཙམ་འཇགས། གཅེན་མོར་བུ་གཅིག་དང་། བུ་མོ་གཉིས་བྱུང་སྟེ་གཅིག་འདས་གྲོངས་སོང། དེ་སྔོན་རྒྱ་གར་དང་། རྒྱ་ནག ནང་སོག་ཁུལ་ལྟ་སྐོར་འགྲོ་མྱོང་བ་དང་།
༡༩༥༣ ལོ་འགོར་པེ་ཅིང་གི་བཀོད་བྱུས་འོག་རྒྱ་ནག་ནས། མོ་སེ་ཁོ་བརྒྱུད་ཨོ་སི་ཌི་རི་ཡ། ཝི་ནར་ཞི་བདེའི་གཞོན་ནུའི་ཚོགས་འདུ་ཞིག་ལ་ཕྱིན། ལྷ་སར་རྒྱལ་གཅེས་བུད་མེད་མཐུན་གྲོགས་ཚོགས་པའི་འཐུས་མི་དང་འགོ་འཛིན་གྲས་ཀྱི་མིང་འཁུར་བླངས། ༡༩༥༩ ལོ་བོད་དུ་རྐྱེན་ངན་བྱུང་སྐབས་ངེད་ཅག་མཉམ་དུ་རྒྱ་གར་དུ་འབྱོར་རྗེས་བཙན་ བྱོལ་བོད་མི་ཆེས་མང་རྒྱ་གར་དུ་རིམ་འབྱོར་གྱིས་བུ་ཕྲུག་ལ་ཡུལ་དུས་འཕྲོད་ བསྟེན་གསོ་སྐྱོང་ཇི་བཞིན་མ་ཐུབ་པས་བོད་ཕྲུག་འབོར་ཆེ་རྐྱེན་འདས་དཀའ་ངལ་ཚབས་ཆེ་བྱུང་བར་བསྟེན་འདི་ག་པན་ཇབ་རྡ་རམ་ས་ལར་འཕྲལ་སེལ་བུ་གསོ་ཁང་ཞིག་བཙུགས་ པའི་འགན་འཁུར་གཅེན་མོ་དེ་ཉིད་ནས་བླངས་ཏེ། ༡༩༦༡ ནས་༡༩༦༤ ལོ་ཚེ་མཐར་མ་སླེབས་བར་བུ་ཕྲུག་༡༠༥༠་ཙམ་ལ་བྱམས་སྐྱོང་བདག་གཅེས་ལྟ་རྟོག་ལྷག་ བསམ་རྣམ་དག་གིས་རང་ཉིད་ཤེས་ནུས་གང་ཡང་མེད་ཀྱང་ངལ་འཁུར་དང་ལེན་བྱས་སོང་བ་དེ་ ནི་ཁོང་རང་གི་མི་ཚེའི་ནང་བྱས་རྗེས་ཆེ་ཤོས་རྗེས་སུ་ཡི་རངས་བྱ་འོས་པ་ཞིག་ཡིན།
d-31གཅེན་མོར་སྔར་དུས་ཤིག་ནས་ཁོང་སྐྲན་དང་། རྩ་དཀར་ལྟ་བུའི་ནད་གཞི་ཞིག་ཡོད་མུས་༡༩༦༤ ཟླ་༥ ནང་འཕར་ལྡང་ལ་ཀ་ཏར་སྨན་བཅོས་ཟླ་བ་ལྔ་ཙམ་བྱས་ཀྱང་ཕན་ཐོགས་མ་བྱུང་སྟབས་སྨན་ པའི་ངག་དོན་ལྟར་ཨིང་ལན་དུ་སྨན་བཅོས་བྱེད་སླད་དུ་བསྐྱོད། སྨན་བཅོས་དང་། རི་འགྲོ་ཇི་ལྟར་བྱས་ཀྱང་། འདུས་བྱས་མི་རྟག་པའི་གཤིས་ལུགས་བཟློག་མ་བཏུབ་པར། ༡༩༦༤ ལོའི་ཟླ་༡༡ ཚེས་༢༡ སྔ་དྲོ་ཨིང་ལིན་སྨན་ཁང་དུ་ཚེ་འདས་བྱས་ལུགས་ཐོས་པར། མཆོག་གསུམ་ཐུགས་རྗེ་བསྐུལ་རྒྱུ་ཙམ་ལས་ཐབས་དབེན། ཟླ་གྲོགས་ཕུན་ཚོགས་བཀྲ་ཤིས་ནས་འཁུར་བླངས་ཀྱིས་འཁོས་བསྟུན་རྣམ་དཀར་དགེ་མཇུག་རྒྱ་ཆེར་བསྒྲུབས། ཨིང་ལན་ནས་འཁྱེར་འབྱོར་དེ་ཉིད་ཀྱི་རུས་ཐལ་ལ་ནང་པ་སངས་རྒྱས་པའི་གསུང་རབ་ནས་ ཇི་སྐད་གསུངས་པ་ལྟར་གྱི་རུས་ཆོག་གནད་སྨིན་དང་འབྲེལ་ས་ཚར་དཔར་འདེབས་ཀྱིས་སྒྲོམ་བུ་འདི་ནང་སྒྲིག་འཇུག་ཐོག དེ་ཉིད་ཀྱིས་མ་ཤི་གསོན་པའི་རིང་ཉམ་ཐག་བུ་ཕྲུག་མང་པོར་བྱམས་སྐྱོང་བྱས་པས་ མཚོན་བདག་གཞན་རྣམ་དཀར་གྱི་ཕུང་པོ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་ བརྟེན་ནས་དེ་ཉིད་ངན་སོང་ངན་འགྲོའི་སྐྱེ་གནས་སུ་མི་ལྷུང་བར་དལ་བརྒྱད་འབྱོར་ བཅུ་ཚང་བའི་རྟེན་བཟང་ཐོབ། མཚན་ལྡན་དགེ་བའི་བཤེས་ཀྱི་རྗེས་སུ་བཟུང་སྟེ། ས་ལམ་རིམ་བགྲོད་བླ་མེད་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་བསྔོ་སྨོན་མཚམས་ སྦྱོར་ཅི་ནུས་བགྱིས།

བརྩེ་བའི་མཛུམ་མདངས་མཛའ་བའི་འབེལ་གཏམ་གྱིས།།
འགྲོགས་པའི་ཚུལ་ནི་མདང་གསུམ་རྨི་ལམ་བཞིན།།
ད་ལྟ་དྲན་ཡུལ་ཙམ་ལས་མངོན་སུམ་དུ།།
མཐོང་ཐོས་བྲལ་འདི་སྙིང་ལ་ནད་དུ་ཆེ།།

འདི་སྣང་སྒྱུ་མའི་འཇའ་རིས་མཁའ་ལ་དྭངས།།
ལས་སྣང་འཁྲུལ་བའི་འཇིགས་གཟུགས་མུན་ལྟར་འཐིབས།།
གར་འགྲོའི་གདེངས་མེད་བྱ་སྤུ་རླུང་འཁྱེར་འདྲ།།
མགོན་མེད་འོ་དོད་ལྷང་གིས་འབོད་ཚེ་སྐྱོ།།

སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་འདྲ་ཞེས།།
དྲང་སྲོང་ཆེན་པོས་གསུངས་བཞིན་མངོན་སུམ་དུ།།
མཐོང་ཡང་རྟག་འཛིན་གདོན་གྱིས་སྙིང་མྱོས་པས།།
ལོང་ཡོད་སོས་དལ་སྡོད་འདི་ཨ་ཙ་མ།།

སྡུག་ཅིང་ཡིད་འོང་དང་བྲལ་མི་སྡུག་འཕྲད།།
ན་རྒ་འཆི་སོགས་གདུང་བྲལ་མི་བཟད་པ།།
བྱེ་བ་བསམ་ཡས་ད་དུང་མྱོང་འགྱུར་ཚུལ།།
བསམ་ན་རང་དོན་འཁོར་རྩ་གཅོད་ལ་འབུངས།།

ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་ཤིང་སྤྲེལ་ཟླ་ ༥ ཚེས་ ༢༦ ཕྱི་ལོ་ ༡༩༦༥ ཟླ་ ༧ ཚེས་ ༢༤ ཉིན་བྲིས་པ་དགེའོ།།

སྣ་ཚོགས།

Post navigation

Previous Post: ཟླ་བ་ཚེ་རིང་སྤྱི་འཐུས་འོས་མི་རུ་བཞེངས་ཆོག་གམ།
Next Post: ང་བཙོང་ན་ཉོ་མཁན་ཡོད་དམ།

Comments (18) on “ྋགོང་ས་མཆོག་གིས་མཛད་པའི་གཅེན་མོ་ཚེ་རིང་སྒྲོལ་མའི་ལོ་རྒྱུས་མདོར་བསྡུས།”

  1. Choekyidolma says:
    2011-01-19 at 1:39 pm

    བཀའ་རྩོམ་འདི། སྐུ་སྒེར་དྲ་རྒྱ་ནས་འདིར་བཀོད་པ་ཡིན།

  2. ཚངས་དབྱངས། says:
    2011-01-19 at 2:11 pm

    རྒྱལ་བ་རིན་པོ་ཆེའི་བོད་ཡིག་འབྲི་སྟངས་འདི་ངོ་མ་ལེགས་པོ་འདུག སྙན་ངག་འདི་ཡང་སེམས་ལ་ཚོར་ཤུགས་ཆེན་པོ་སྦྱིན་མཁན་ཞིག་འདུག
    སྐུ་ཚེ་འཕེལ་ལོ།

  3. རྨ་ཆུའི་སྐལ་བཟང། says:
    2011-01-19 at 4:18 pm

    འེ་གྲོགས་རྣམས་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་ཀྱི་བུ་དང་བུ་མོ་གཉིས་ད་ལྟ་གང་བཞུགས་ཡོད་ན་
    མཚན་ལ་ག་རེ་ཞུ་གི་ཡོད་ན་ཤེས་མཁན་ཡོད་གསུང་རོགས་ཞུ།

  4. BBC says:
    2011-01-19 at 10:03 pm

    སྙ་ངག་བྲི་འདོད་ན་༸གོང་ས་མཆོག་གིས་ཕྱག་བྲིས་མཛད་པ་འདི་བཞིན་རེ་བྲི་ཨེ་ཐུབ་ལྟོས་དང། ངོ་མ་ཧ་ཅང་ལེགས། ༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱལ་བརྟན་པར་སྨོན།

  5. གངས་ཕྲུག says:
    2011-01-20 at 12:49 am

    སྐུ་སྒེར་དྲྭ་ངོས་སུ་གསུང་རྩོམ་དང་། གསུང་འཕྲིན། བཀའ་སློབ། དགོངས་བཞེས་སོགས་ཧ་ཅང་མང་བས་ཆ་ཚང་འདིར་འགོད་ཐུབ་ན་ཧ་ཅང་བཟང།

  6. ཤར་ཕྱོགས་ཁུག་རྟ། says:
    2011-01-20 at 12:51 am

    བཀའ་རྩོམ་འདི་མཇལ་ཐེངས་རེར་རང་གིས་ཀྱང་ཅིག་འབྲི་ན་འདོད་ཀི།

    བརྩེ་བའི་འཛུམ་དང་མཛའ་བའི་འབེལ་གཏམ་གྱིས།།
    འགྲོགས་པའི་ཚུལ་ནི་མདང་གསུམ་རྨི་ལམ་བཞིན།།
    ད་ལྟ་དྲན་པའི་ཡུལ་ལས་མངོན་སུམ་དུ།།
    མཐོང་ཐོས་བྲལ་འདི་སྙིང་ལ་ནད་དུ་ཆེ།།

    འདི་གསོན་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། ཕྱི་རྒྱལ་སྨན་ཁང་ནས་གཅེན་མོ་ཞིང་དུ་གཤེགས་རྗེས་རུས་ཐལ་སྤར་མོ་གང་༧གོང་ས་མཆོག་ལ་ཕུལ་དུས་བཀའ་རྩོམ་འདི་མཛད་པ་རེད། དེ་བཞིན་༧གོང་ས་མཆོག་སྐུ་ན་ཆུང་དུས་ནས་བོད་བསྟན་སྲིད་ཆེད་དུ་ཉིན་མཚན་བསྣོལ་བ་ལས། བྱིས་པས་བྱིས་དུས་ཀྱི་རྩེད་མོ་ཙམ་ཡང་རྩེད་ཐུབ་ཡོད་པ་མ་རེད། ད་དུང་ཡབ་ཆེན། གཅེན་པོ་སོགས་རེ་རེ་བཞིན་ཕེབས་དུས་ཀྱི་༧གོང་ས་མཆོག་གི་ཐུགས་བཞེས་གནང་སྟངས་ལའང། ང་ཚོ་ཉོན་མོངས་ཀྱི་བདག་ཉིད་ཅན་རྣམས་ནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པར་འདོད་ལ། མི་ཚེ་གང་བོར་ནང་མིའི་མཉམ་དུ་སྡོད་པའི་འཚོ་བ་ཙམ་ཡང་བསྐྱལ་མ་ཐུབ་པ་སོགས་ལ་ང་ཚོ་ས་ལ་བབས་ནས་དགོངས་པ་བཞེས་ན། ད་དུང་ང་ཚོར་ཞིབ་འཇུག་བྱེད་རྒྱུ་མང་དག་ཅིག་མདུན་དུ་ལྷགས་ཡོང་གི་རེད།

    ༧གོང་ས་མཆོག། ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་རྒྱུ་ཙམ་ལས་ང་དང་ང་འདྲ་བ་ཚོ་ཅི་གང་མི་འདུག།

  7. ལས་རླུང་། says:
    2011-01-20 at 1:05 am

    སྐུ་ཚེ་ཁྲི་ལོ་བརྟན་ཅིང་ཐུགས་བཞེད་ལྷུན་འགྲུབ་འོང་བའི་སྨོན་འདུན་ཤུགས་དྲག་ཡོད།

    ངོ་མ་སྙན་པོ་ཞིག་བྲིས་གནང་འདུག སྙན་ངག་པ་འམ་རྩོམ་པ་པོ་ཚོས་འདི་ལ་ལད་ཟློས་བྱོས་དང་ཡར་རྒྱས་འོང་ངེས་རེད་འདོད།

  8. རྡོ་རྗེ་བཀྲ་ཤིས། says:
    2011-01-20 at 2:09 am

    ཚིགས་བཅད་རྗེས་མ་དེ་ལ་བསམས་ན།
    རྒྱལ་སྲས་ཆེན་མོ་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོའི་ཤན་ཤུགས་ཆེ་ཚོད་འདུག།

  9. ཟླ་བ་ཆོས་འཛོམས། says:
    2011-01-20 at 3:32 am

    ངའི་བླ་མ།ངའི་སྐྱབས་མགོན།ངའི་རེ་ས།ངའི་སེམས་རྟེན།ང་ལ་ཁྱོད་མ་གཏོགས་འཇིག་རྟེན་འདི་ནས་ཅི་མི་འདུགཁྱོད་ཁོ་ནས་ང་ལ་བདེ་སྐྱིད་ཅིག་དང་སྤོབས་པ་ཞིགད་དུང་རེ་བ་ཞིགད་ནས་ལོ་ག་ཚོད་པར་དུ་ང་ཁྱོད་དང་འགྲོགས་ཐུབ་ཀྱི་ཡོད་ན།ལོ་༥ལོ་༡༠་ལོ༡༥་་་་་་ཡང་ན་༢༠རྗེས་ཤིག་ནས་སྐད་ངན་ཞིག་གོ་དགོས་རྒྱུ་རེད།དེ་བསམས་ན་མི་སྐྱིད་ཀིངའི་བླ་མ།ངའི་བླ་རྒན།ང་ལ་ཁྱོད་མ་གཏོགས་སུ་གང་ཡང་མི་དགོས།ང་ལ་ཁྱོད་ཡོད་པས་ཆོགསྐུ་ཚེ་བརྟན་པར་ཤོག

  10. BBC says:
    2011-01-20 at 4:21 am

    ཟླ་བ་ཆོས་འཛོམས། ཁྱེད་རང་རྣམ་རྟོག་མ་སློང་། ༸གོང་ས་མཆོག་གིས་དགུང་ལོ་བརྒྱ་དང་བཅུ་མེད་བརྒྱད་དམ་བཅུ་གསུམ་བར་བཞུགས་རྒྱུ་ཞལ་བཞེས་གནང་ཡོད། ཁྱེད་རང་གང་ཟེར་གྱི་ཡོད། ཁྱེད་རང་གིས་ངའི་བླ་རྒན་ཞེས་ཀླུ་འབྱམས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ། བླ་རྒན་ཞེས་པ་སྐྱ་བོར་སྤོར་ཏོ་ཟེར་བ་དང་གཅིག་མཚུངས་རེད། ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། །རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ངོ། །

  11. ཨ་བུ། says:
    2011-01-20 at 6:10 am

    དེ་དུས་གངས་ཅན་བོད་ཕྲུག་མགོན་མེད་ཚོའི།།
    བརྩེ་བའི་མ་མ་གཅིག་པུ་ཚེ་རིང་མ།།
    འཆི་བདག་གཤིན་རྗེས་བཙན་གྱིས་བཟུང་པ་འདི།།
    སྤྱི་མཐུན་བསོད་ནམས་དམན་པའི་ལས་སྐལ་ཡིན།།

    དང་པོ་ཞིང་པའི་བུ་མོ་ལས་བརྩོན་མ།།
    གཉིས་པ་རྒྱལ་བའི་གཅེན་མོ་དད་ཅན་མ།།
    གསུམ་པ་བོད་ཕྲུག་མམ་ཚེ་རིང་མ།།
    དོན་དུ་བོད་མོ་མཛངས་མའི་ཡོན་ལྡན་མ།།

  12. ཨ་བུ། says:
    2011-01-20 at 6:13 am

    དེ་དུས་གངས་ཅན་བོད་ཕྲུག་མགོན་མེད་ཚོའི།།
    བརྩེ་བའི་མ་མ་གཅིག་པུ་ཚེ་རིང་མ།།
    འཆི་བདག་གཤིན་རྗེས་བཙན་གྱིས་བཟུང་པ་འདི།།
    སྤྱི་མཐུན་བསོད་ནམས་དམན་པའི་ལས་སྐལ་ཡིན།།

    དང་པོ་ཞིང་པའི་བུ་མོ་ལས་བརྩོན་མ།།
    གཉིས་པ་རྒྱལ་བའི་གཅེན་མོ་དད་ཅན་མ།།
    གསུམ་པ་བོད་ཕྲུག་མ་མ་ཚེ་རིང་མ།།
    དོན་དུ་བོད་མོ་མཛངས་མའི་ཡོན་ལྡན་མ།།

  13. མིག says:
    2011-01-20 at 9:51 am

    ཡབ་གཞིས་སྐུ་འཁོར་ལྷན་རྒྱས་མཛད་འཔྲིན་འཕེལ་བར་ཤོག

  14. ཀརྡོ་རབ་འབྱམས་པ་ says:
    2011-01-20 at 10:17 am

    རང་གི་མགོ་བོའི་སྤྱི་གཙུག་ཏུ། །
    རྩ་བའི་བླ་མའི་བྱིན་རླབས་བཞུགས། །
    རང་གི་ལྕེ་མགྲིན་སྙིང་ཁ་རུ། །
    དབྱངས་ཅན་ལྷ་མོས་རྟག་ཏུ་རྩེན། །

    དང་པོ་ཨ་མདོའི་བུ་མོ་ལས་བརྩོན་མ། །
    གཉིས་པ་དབུས་པ་གཅེན་མོ་དད་ཅན་མ། །
    གསུམ་པ་ཁམས་པ་མ་མ་ཚེ་རིང་མ། །
    ཆོལ་ཁ་གསུམ་ལ་བཀའ་དྲིན་ཟླ་བྲལ་མ། །

  15. མེ་ཏོག་དཀར་པོ། says:
    2011-01-20 at 10:40 am

    ༧གོང་ས་མཆོག་གི་གསུང་རྩོམ་ལ་ཡིད་ཀྱི་དུངས་བ་འཕེལ།
    བདག་གི་སླད། གཞན་གྱི་སླད། གཉིས་ཀའི་སླད། ཡོངས་རྫོགས་ཀྱི་སླད་དུ་༧སྐུ་ཚེ་བརྟན་དགོས།
    སྐྱབས་སུ་མཆི། ང་ཡི་བླ་མ།

  16. ཟླ་བ་ཆོས་འཛོམས། says:
    2011-01-20 at 1:34 pm

    bbcལགས།ཐུགས་རྗེ་ཆེ།ང་ཡི་བླ་མ་རྒན་པ།དགུང་ལོ་༡༡༣བཞུགས་རྒྱུ་ཡིན་པ་རེད།དགའ་བ་ལ།སྐྱིད་པ་ལ།འདི་མི་བོད་མི་ཚོ་གསར་འགྱུར་ཆེན་པོ་རེད།དངོས་གནས་སྐྱིད་པ་ལ་སྤྲོ་བ་ལ།

  17. རྩམ་དགའ། says:
    2011-01-21 at 3:31 pm

    མདོ་སྨད་ཡུལ་གྱི་ཞིང་བའི་བུ་མོ་ཉམ་ཆུང་ཞིག །
    ས་ཡ་དྲུག་གི་བུ་མོའི་ནང་གི་ཡང་རྩེ་མ། །
    གློ་བུར་ཕྱི་མའི་ཞིང་ཁམས་ཞིག་ལ་བྲོས་སོང་བ། །
    གཤིན་རྗེའི་ཕོ་ཉ་རྫིག་པོ་ཞིག་གིས་བསླུས་པ་འདྲ། །

  18. jo lak says:
    2011-02-13 at 4:18 am

    འདི་ན་བཀོད་འདོད་ཞིག་ནི།
    ༸གོང་ས་མཆོག
    འཇིག་རྟེན་འིད་ན་ཁྱེད་ཕེབས་བསྟན་དོན་སླད།
    །སྲིད་པ་ངེས་བར་བཟུང་པ་སེམས་ཅན་སླད།
    །མི་གཤིག་རྡོ་རྗེའི་སྐུ་ལྟར་རབ་གནས་ནས།
    །སེམས་ཅན་མ་ལུས་འཁོར་བ་ལས་གྲོལ་ཤོག། །།

    ཚེ་འདས་གཅེན་མོ་ལགས།
    །ཚེ་རབས་དུ་མའི་ལས་སྐལ་གྱི་དབང་།
    །རིང་ནས་༸གོང་ལྷ་མིན་རྣམ་འདྲེན་གཅེན།
    །ཐུགས་བརྕེ་ཕྱུར་བོར་བཏམས་ནས་ཡོད་ངེས།
    །ད་ཕྲུག་རྣམས་ཀྱི་མ་ཡུམ་ཁྱེད་ལས་སུ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme