Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཤ་ཡའི་གསུང་ཆོས་ཉིན་གཉིས་པར་སེམས་ཁམས་འཕྲོད་བསྟེན་སྐོར་ལ་བཀའ་སློབ་སྩལ་བ།

Posted on 2017-08-302017-08-30 By ཁ་བརྡ 3 Comments on ཨེ་ཤ་ཡའི་གསུང་ཆོས་ཉིན་གཉིས་པར་སེམས་ཁམས་འཕྲོད་བསྟེན་སྐོར་ལ་བཀའ་སློབ་སྩལ་བ།

ཡོང་ཁུངས། རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་དོན་ལྟར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་བའི་ཨེ་ཤ་ཡའི་རྒྱལ་ཁབ་ཧིན་རྡི་ནེ་ཤི་ཡ་དང་ཀོ་རུ་ཡ། མཱ་ལེ་ཤེ་ཡ། སངྒཱ་པོར། ཐའེ་ལན་ཌི། ཝེ་དི་ནམ་སོགས་ནས་ཕེབས་པའི་ཆོས་ཞུ་བ་མི་གྲངས་ ༡༥༠༠ དང་། ཧོང་ཀོང་དང་། འབྲུག གཞན་ཡང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༦༡ ནས་ཆོས་ཞུ་བ་ ༦༥༠༠  བཅས་ཁྱོན་བསྡོམས་མི་གྲངས་ ༨༠༠༠ བརྒལ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་གནང་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་༨།༣༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ལན་ཊའི་དགེ་འདུན་པ་ཁག་ཅིག་གིས་ཐའེ་ལན་གྱི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་བཞིན་ཀོ་རི་ཡའི་དགེ་འདུན་པ་ཁག་ཅིག་གིས་ཀོ་རི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུང་འདོན་གནང་གྲུབ་མཚམས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན།

དེ་རིང་ཉིན་གཉིས་པ་རེད། སྔོན་ལ་འདི་བཤད་འདོད་བྱུང་། སྲོག་ཆགས་སེམས་ལྡན་ཚང་མར་ཚོར་བ་བདེ་སྡུག་ཡོད་པ་དང་། ཚོར་བ་དེར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་རེད། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་གསུང་དུ་རིགས་པ་བཞིའི་ནང་གི་ཆོས་ཉིད་ཀྱི་རིགས་པ་ཞེས་པ་ཆགས་ཀྱི་ཡོད། ཕྱིའི་གཟུང་བ་ནང་འཛིན་པ། འཛིན་པའི་ཤེས་པ་ལ་ཚོར་བ་བདེ་སྡུག་ཡོད་པ་ཆོས་ཉིད་རེད། ཆོས་ཉིད་ཀྱི་རང་བཞིན་དེའི་ཐོག་ནས་བདེ་སྡུག་གཉིས་ལས་ཚོར་བ་བདེ་བ་ནི་ཡིད་ལ་སིམ་པ་ཡོང་བ་དང་། ཚོར་བ་སྡུག་བསྔལ་གྱིས་ཡིད་མི་བདེ་བ་ཡོང་བ་ཆོས་ཉིད་ཆགས་ཡོད། དེའི་བྱེད་ལས་ལྟ་བུའང་རེད། ཚོར་བ་བདེ་སྡུག་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་བཞིན་པ་ཞིག་ཡིན། དེར་བརྟེན་ཆོས་ཉིད་ཀྱི་རིགས་པ་གཞི་ལ་བཞག་སྟེ་ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཅས་ཀྱི་ཐོག་ནས་དཔྱད་ཡོང་གི་ཡོད། དེ་གཞི་ལ་བཞག་སྟེ་བདེ་བ་འདོད་པ་ཡིན་པས་བདེ་བའི་རྒྱུ་བཙལ་ནས་དང་དུ་ལེན་པ་དང་། སྡུག་བསྔལ་མི་འདོད་པ་ཡིན་པས་སྡུག་བསྔལ་གྱི་རྒྱུ་བཙལ་ནས་གང་ནུས་ཀྱིས་ཉུང་དུ་གཏོང་བ་ནི་འཐད་སྒྲུབ་ཀྱི་རིགས་པ་ཆགས་ཀྱི་ཡོད། དེ་ལྟ་བུའི་ཐོག་ནས་འཛམ་བུ་གླིང་འདིའི་སྟེང་གི་སྲོག་ཆགས་དུད་འགྲོ་འབུ་སྲིན་ཕྲ་མོ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་རང་གི་ངང་གིས་ཡོད་པ་ཞིག་རེད།

ང་ཚོ་མི་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་རང་བཞིན་ལྷན་སྐྱེས་ཀྱིས་ཡོད་པའི་ཐོག་ཀླད་པ་གཞན་དང་མི་འདྲ་བ་ཡོད་པ་རེད། ཀླད་པའི་ནུས་པ་ཆོས་རབ་ཏུ་རྣམ་འབྱེད་ཅེས་བསམ་བློ་གཏོང་རྒྱུ་ཤུགས་ཆེན་པོ་ཡོད་པས་དེ་དང་འབྲེལ་བའི་དྲན་པའང་ཤུགས་ཆེན་པོ་ཡོད་པ་དང་། དེའི་སྟབས་ཀྱིས་འདས་པའི་ལོ་རྒྱུས་དྲན་ནས་སེམས་ལ་ཆགས་སྡང་སྐྱེ་བ་དང་། རྣམ་དཔྱོད་ཀྱི་ཐོག་ནས་མ་འོངས་པའི་འབྱུང་འགྱུར་ལ་བསམ་བློ་བཏང་ནས་རེ་བ་དང་དོགས་པ་མང་པོ་ཞིག་རུ་འཛིངས་ནས་སེམས་ལ་བདེ་སྡུག་ཡོང་བཞིན་ཡོད། སྤྱིར་བཏང་ལུས་ཀྱི་སྡུག་བསྔལ་མི་འདོད་པ་དང་། ལུས་ཀྱི་འཕྲལ་སེལ་བདེ་བ་དོན་དུ་གཉེར་བ་ནི་དུད་འགྲོ་ཚོ་དང་གཅིག་མཚུངས་རེད། ཡིན་ནའང་། མི་ལ་བསམ་བློ་ཤུགས་ཆེ་བ་ཡོད་པས་བློ་ལ་བརྟེན་པའི་བདེ་སྡུག་ཧ་ཅང་ཤུགས་ཆེན་པོ་ཆགས་ཀྱི་ཡོད།

འབར་གས་ཆེན་མོ་(Big Bang) བྱུང་སྟངས་ལ་ཚན་རིག་པའི་ནང་ནས་ཁ་ཤས་ཀྱིས་ཐེར་འབུམ་ (billions) ༡༢ གོང་ལ་ཡིན་པ་བཤད་ཀྱི་འདུག ལོ་ཤས་སྔོན་ངོས་རང་སུད་སི་རུ་འོད་ཀྱི་མགྱོགས་ཚད་སོགས་ལ་བརྟག་དཔྱད་བྱེད་པའི་ལྟེ་གནས་ཤིག་ཏུ་སླེབས་སོང་། དེ་དུས་ཚན་རིག་པ་ཁ་ཤས་དང་ཐུག་པ་རེད། དེའི་ནང་ཨི་ཊ་ལི་ནས་ཡིན་པའི་ཚན་རིག་པ་ཞིག་གིས་ངོས་ལ་འགྲེལ་བཤད་རྒྱག་པའི་སྐབས་སུ་མིག་འབུར་ཚུགས་སུ་བལྟས་ནས་འབར་གས་ཆེན་མོ་ལོ་ཐེར་འབུམ་(billions)༡༢ གོང་ལ་བྱུང་བ་རེད་ཅེས་ཟེར། དེ་རྗེས་མུབ་བྷེ་ལ་ཚན་རིག་པ་མང་པོ་འཚོགས་ཡོད་པའི་སྐབས་ཤིག་ལ་ཨ་རིའི་ཚན་རིག་པ་ཞིག་གིས་ཐེར་འབུམ་ (billions) ཉི་ཤུ་རྩ་གྲངས་ཤིག་སོང་ཡོད་པ་བཤད་སོང་། དེ་གོ་ནས་ཚན་རིག་པ་ཁོ་རང་ཚོ་ཡང་ཏན་ཏན་མི་འདུག་བསམ་སོང་། གང་ལྟར་འབར་གས་ཆེན་མོ་བྱུང་ནས་ལོ་ཐེར་འབུམ་ ༡༥ སྐོར་འདས་པ་བཤད་ཀྱི་མེད་དམ། ཉི་མ་འཆར་ནས་ཐེར་འབུམ་ ༥ དང་། བརླན་གཤེར་སླེབས་ཏེ་སྲོག་ཆགས་ཀྱི་རིགས་ཆགས་ནས་ཐེར་འབུམ་ ༤ འགྲོ་བཞིན་ཡོད་པ་རེད། འཛམ་གླིང་ཆགས་ནས་རིམ་བཞིན་རྡུལ་ཕྲ་རབ་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་ཐུབ་པའི་མཚམས་ལ་སླེབས་སྐབས་སེམས་ཅན་སྲོག་ཆགས་བྱུང་བ་རེད། ངོས་ཀྱིས་ཚན་རིག་པ་རེ་འགའ་ལ་སྐད་ཆ་དྲིས་མྱོང་། ས་རྡོ་རི་བྲག་ཆགས་པའི་རྡུལ་ཕྲ་རབ་དང་ཀླད་པ་ཆགས་པའི་རྡུལ་ཕྲ་རབ་གཉིས་ལ་ཁྱད་པར་ཡོད་པ་རེད་དམ། ཞེས་འདྲི་སྐབས་ཁྱད་པར་ཡོད་པ་མ་རེད་ཅེས་བཤད་སོང་། འཛམ་གླིང་ཐོག་མ་ཆགས་པའི་སྐབས་སམ་དེང་སང་གི་སྐད་དུ་འབར་གས་ཆེན་མོ་ཐོག་མ་བྱུང་བའི་སྐབས་སུ་རྣམ་ཤེས་ཀྱི་རྟེན་བྱེད་ཐུབ་པའི་རྡུལ་ཕྲ་རབ་རིགས་གཅིག་དང་། རྣམ་ཤེས་ཀྱི་རྟེན་བྱེད་མི་ཐུབ་པའི་རྡུལ་ཕྲ་རབ་ཀྱི་རིགས་ཞེས་ཕལ་ཆེར་དབྱེ་བ་མེད་པ་འདྲ། རྡུལ་ཕྲ་རབ་མང་པོ་འདུས་ནས་རིམ་བཞིན་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་དང་མི་བྱེད་མཁན་ཞིག་ཆགས་ཏེ་སྲོག་ཆགས་བྱུང་ཐུབ་པ་བཤད་དགོས་ཀྱི་འདུག

མངོན་པ་མཛོད་ཀྱི་ནང་དུ་མ་འོངས་པ་ན་ཚེ་ལོ་བཅུ་དང་མགོ་སྟོད་ཚེ་ལོ་དཔག་མེད་ཅེས་གསུངས་ཡོད་པ་ནི་དེ་ཏག་ཏག་བཤད་ཐུབ་པ་ཁག་པོ་རེད། ཐོག་མ་ཁམས་གོང་མ་ཞིག་ནས་སེམས་ཅན་མར་སླེབས་པ་དང་། དེ་དུས་ཏིང་ངེ་འཛིན་གྱི་འཚོ་བ་དང་། དེ་ནས་ས་ཞག་ཟོས་ཏེ་རིམ་བཞིན་དབང་པོ་དོད་ནས་ཁང་པ་བརྩིགས་པ་སོགས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད། དེ་ཕལ་ཆེར་ཁས་ལེན་ཐུབ་རྒྱུ་ཁག་པོ་རེད། སྐབས་རེར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་འདྲེན་བཞི་པ་སོགས་ཚེ་ལོ་དྲུག་ཁྲི་དང་བཞི་ཁྲི་ཟེར་བ་སོགས་ཏག་ཏག་འགྲོ་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་རེད་འདུག གང་ལྟར་མིའི་འགྲོ་བ་ཆགས་ནས་རིམ་བཞིན་བསམ་བློའི་ཐོག་ནས་བདེ་སྡུག་མང་པོ་ཡོང་བ་ཞིག་རེད།

ང་རང་ཚོར་ལུས་དང་སེམས་གཉིས་ཡོད་པ་ལས་ལུས་ལ་བརྟེན་པའི་བདེ་སྡུག་ཕལ་ཆེར་དུད་འགྲོ་ལའང་འདྲ་བོ་རེད། སེམས་ལ་བརྟེན་པའི་བདེ་སྡུག་དེ་མི་ལ་ཧ་ཅང་ཤུགས་ཆེན་པོ་རེད། གང་ཡིན་ཟེར་ན་བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཞིག་ཡོད་པས་དྲན་པ་ཡང་ཤུགས་ཆེན་པོ་རེད། ནམ་རྒྱུན་ངོས་ནས་བཤད་བཞིན་ཡོད། ང་ཚོ་ལུས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་བ་དང་ལུས་བདེ་ཐང་ཡོང་ཆེད་ལུས་པོའི་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། ལུས་པོའི་འཕྲོད་བསྟེན་ནི་ལུས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་བ་དང་། ནད་ན་ཚ་མ་ཡོང་བ། ལུས་བདེ་ཐང་ཡོང་བའི་ཆེད་སྨན་གྱི་མཐུན་རྐྱེན་མང་པོ་ཞིག་རིམ་བཞིན་རྙེད་ཡོང་གི་ཡོད་པ་རེད། ལུས་ཀྱི་བདེ་སྡུག་ནང་བཞིན་སེམས་ཀྱི་བདེ་སྡུག་ཡོད་པ་དང་། མི་ལ་ལུས་ཀྱི་བདེ་སྡུག་ལས་སེམས་ཀྱི་བདེ་སྡུག་ཕན་གནོད་ཤུགས་ཆེ་བ་ཡོད་པས་སེམས་ཀྱི་འཕྲོད་བསྟེན་ལ་བསམ་བློ་གཏོང་དགོས་ངེས་རེད། ངོས་ནས་ནམ་རྒྱུན་སེམས་ཀྱི་འཕྲོད་བསྟེན་ (hygiene of emotion) དགོས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད།

ལུས་པོའི་བདེ་སྡུག་གི་འཕྲོད་བསྟེན་ང་ཚོས་གལ་ཆེན་པོར་བརྩི་བཞིན་ཡོད་པ་རེད། ལུས་ཚོར་གྱི་བདེ་སྡུག་ལས་སེམས་ཚོར་གྱི་བདེ་སྡུག་གི་ཕན་གནོད་ཤུགས་ཆེ་བ་ཡོད། དཔེར་ན། ལུས་ལ་ནད་ན་ཚ་བྱུང་བ་ཡིན་ནའང་སེམས་ལ་ཞི་བདེ་ཡོད་ཚེ་ལྷོད་ལྷོད་སྡོད་ཐུབ་པ་ཞིག་དང་། སེམས་ལ་དངངས་སྐྲག་དང་སྡུག་བསྔལ་ཡོད་ཚེ་ལུས་ཀྱི་མཐུན་རྐྱེན་ཆ་ཚང་བ་ཡོད་ནའང་མ་སྐྱིད་པ་བྱས་ཏེ་སྡོད་དགོས་པ་ང་ཚོའི་མཐོང་ཆོས་རེད། སེམས་ཚོར་གྱི་བདེ་སྡུག་དེ་ལུས་ཚོར་གྱི་བདེ་སྡུག་ལས་ཚོར་བ་རྣོ་བ་དང་། ཕན་གནོད་ཤུགས་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པས་སེམས་ཚོར་གྱི་འཕྲོད་བསྟེན་ཞིག་ལ་བསམ་བློ་གཏོང་དགོས་ངེས་རེད།

བསྐལ་བ་ཡ་ཐོག་ནས་སེམས་ཀྱི་བདེ་སྡུག་སྐོར་ལ་དོ་སྣང་བྱེད་འོངས་དུས་སེམས་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་སུ་རེ་བ་བཅོལ་སའི་ཆོས་བྱུང་བ་རེད། དེ་ནས་རིམ་བཞིན་འཇིག་རྟེན་བཀོད་པ་པོ་འདོད་མཁན་སོགས་ལྟ་གྲུབ་ཀྱི་རིགས་བྱུང་བ་དེ་དག་སེམས་ཀྱི་འཕྲོད་བསྟེན་སྐོར་ཆགས་ཀྱི་ཡོད་པ་རེད། ངོས་ནས་ནམ་རྒྱུན་ཆོས་ཞེས་པ་ནི་མིའི་ཆོས་རེད་མ་གཏོགས་དུད་འགྲོར་ཆོས་བཤད་རྒྱུ་མི་འདུག་ཅེས་རྗོད་བཞིན་ཡོད། ལྷ་དང་ལྷ་མ་ཡིན་ལ་བཤད་རྒྱུ་ཡོད་པ་རེད་ཟེར་གྱི་ཡོད་ཀྱང་ཏག་ཏག་འགྲོ་མིན་མི་ཤེས། གང་ལྟར་ང་ཚོའི་མཐོང་ཆོས་ལ་ཡོད་པའི་འཛམ་གླིང་འདིར་ཆོས་ནི་མིའི་སྤྱི་ཚོགས་ནང་དུ་འདུག་མ་གཏོགས་སྤྱི་ཚོགས་གཞན་པའི་ནང་དུ་མེད་པ་རེད། དེར་བརྟེན་མིའི་བསམ་བློའི་ནང་དུ་དཀའ་ངལ་ཆེན་པོ་འཕྲད་དེ་སོ་སོས་སྟངས་འཛིན་བྱེད་ཐུབ་པའི་ཚད་ནས་བརྒལ་ཡོང་བའི་སྐབས་སུ་ཡིད་ཆེས་བྱས་ཏེ་སྐྱབས་ཡོད་པ་རེད། དཀོན་མཆོག་ཡོད་པ་རེད། ལྷ་ཡོད་པ་རེད་ཅེས་འགྲོ་བཞིན་ཡོད། ཁ་སང་ཞུས་པ་ལྟར་བྱམས་བརྩེ་ནི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཡིན་པ་དང་། ཆོས་ལུགས་ཚང་མ་མིའི་ཆོས་ལུགས་ཡིན་པས་ཆོས་ལུགས་ཚང་མས་བྱམས་བརྩེ་གལ་ཆེན་པོ་ཡིན་པ་གསུང་གི་འདུག

ལུས་པོའི་འཕྲོད་བསྟེན་ལྟར་སེམས་ཀྱི་འཕྲོད་བསྟེན་ལ་བསམ་བློ་གཏོང་སྐབས་ལུས་ནི་གཟུགས་ཅན་གྱི་རྟེན་ནས་ནད་ན་ཚ་དང་། ནད་འབུ་ཕྲ་རབ་ཀྱི་ཐོག་ནས་གནས་ཡོང་གི་ཡོད་པ་རེད། དེ་སེལ་ཐབས་ཀྱང་རྫས་ཀྱི་རིགས་འདྲ་མིན་ཟོས་ནས་འགྱུར་བ་གཏོང་གི་ཡོད། སེམས་ཀྱི་སྡུག་བསྔལ་སེལ་རྒྱུ་ནི་སེམས་རང་གི་སྟེང་ནས་ཡོང་བ་དང་། རྣམ་རྟོག་གི་སྟེང་ནས་ཡོང་བ་ཞིག་ཡིན་པས་གཉེན་པོ་ཡང་དེ་ག་རང་ནས་བསྟེན་དགོས་པ་མ་གཏོགས་སྨན་ཟོས་ནས་ཕན་ཐོགས་རྒྱུ་མེད། དཀོན་མཆོག་ལ་ཡིད་ཆེས་དང་དད་པ་བྱས་པ་དེས་ཀྱང་ཕན་གྱི་ཡོད་པ་རེད། ཡིན་ནའང་། ད་དུང་དེ་མིན་པའི་ཐབས་ཤེས་གང་ཡོད་པ་ལ་བསམ་བློ་གཏོང་དགོས། རྒྱ་གར་གྱི་ཆོས་ལུགས་ཚོས་སྒོམ་རྒྱག་རྒྱུ་གསུང་གི་ཡོད་པ་རེད། བློའི་རྣམ་གཞག་མང་པོ་ཞིག་རྒྱ་གར་གྱི་ཆོས་བརྒྱུད་ཚོའི་ནང་ལ་ཐོན་ཡོང་གི་ཡོད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་བརྒྱུད་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རེད། བཅོམ་ལྡན་འདས་རང་གིས་ཀྱང་བདག་ཉིད་བདག་གི་མགོན་ཡིན། ཞེས་གསུངས་ཡོད། ང་རང་ཚོ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་བྱེད་མཁན་ནི་སོ་སོ་རང་ཉིད་རེད། སོ་སོའི་སེམས་བཏུལ་ན་བདེ་སྐྱིད་ཡོང་བ་དང་སེམས་མ་བཏུལ་ན་སངས་རྒྱས་ཀྱི་སྐྱོབ་ཐུབ་ཀྱི་མ་རེད་ཅེས་གསུང་གི་འདུག

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

ཞེས་ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་ཕྱག་གིས་སེལ་ཐུབ་ཀྱི་མ་རེད། སྡུག་བསྔལ་གྱི་རྒྱུ་སྡིག་པ་ལྟ་བུར་ཆ་བཞག་ན་ཆུ་ཡིས་འཁྲུ་རྒྱུ་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཁོང་གི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་མར་གསོལ་རས་གནང་རྒྱུ་ཡོད་པ་མ་རེད། འོ་ན། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་ཇི་ལྟར་གནང་གི་ཡོད་པ་རེད་ཅེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ཞེས་བདེན་པ་དེ་རང་རང་གི་སེམས་མ་བཏུལ་བའི་ཆ་ནས་སྡུག་བསྔལ་ཡོང་གི་ཡོད་པ་རེད། སེམས་འདུལ་ཐབས་ཀྱི་སྐོར་ལ་གསུང་གི་ཡོད་པ་རེད། སངས་རྒྱས་པའི་ཆོས་ཀྱི་ནང་དུ་འཇིག་རྟེན་བཀོད་པ་པོ་ལྟ་བུ་ཕྱི་ལོགས་སུ་བདེ་སྡུག་ཞུ་ས་གང་ཡང་མེད་པར་སོ་སོས་བསམ་བློ་གཏོང་དགོས། དེར་བརྟེན་ང་ཚོ་རང་ཉིད་ཀྱིས་སེམས་མ་སྐྱིད་པ་ཇི་ལྟར་ཡོང་གི་ཡོད་པ་དེ་བཙལ་ནས་མ་སྐྱིད་པ་ཡོང་བའི་ལྡོག་ཕྱོགས་སམ་གཉེན་པོ་གང་ཡིན་པ་དེ་བཙལ་ནས་ཤེས་པ་བྱེད་དགོས། དེ་ལྟར་བྱས་ཏེ་སེམས་ཀྱི་བདེ་སྐྱིད་སྒྲུབ་དགོས། གང་ལྟར་སེམས་ཀྱི་བདེ་སྡུག་གི་ཚོར་བ་ཤུགས་ཆེན་པོ་ཡོད་པ་དེའི་འགྲོ་སྟངས་ཇི་ལྟར་ཡིན་པ་ཤེས་དགོས། ཞེས་སོགས་བཀའ་སློབ་སྩལ་ཏེ་ཆུ་ཚོད་ ༡༠།༠༠ ཙམ་ལ་བར་གསེང་དང་འབྲེལ་དྲི་བ་ཁག་ཅིག་ལ་བཀའ་ལན་སྩལ་བ་དང་། དེ་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་གནང་སྟེ་ཆུ་ཚོད་ ༡༡།༣༠ ཐོག་ཉིན་གཉིས་པའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས། །

གསུང་བཤད།

Post navigation

Previous Post: མེ་ལོང་གི་གས་ཁ།
Next Post: རླུང་ལ་རེ་བ།

Comments (3) on “ཨེ་ཤ་ཡའི་གསུང་ཆོས་ཉིན་གཉིས་པར་སེམས་ཁམས་འཕྲོད་བསྟེན་སྐོར་ལ་བཀའ་སློབ་སྩལ་བ།”

  1. བློ་བཟང་༡༩༩ says:
    2017-08-30 at 9:12 am

    སྐྱབས་སུ་མཆི།

  2. ཏི་སི། says:
    2017-09-03 at 12:25 am

    ༧ གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཚོ་ལ། སྔོན་འགྲོ་གསུང་ཆོས་ལ་བསྡུས་གྲྭ་བཀའ་ཁྲིད་མི་གནང་བ་གང་ཡིན་ནམ། ཁོང་གིས་རྟག་ཏུ་བསྡུས་གྲྭའི་རིག་ལམ་དེ་གལ་ཆེན་ནང་གི་དོན་ཆེན་རེད་གསུངའ་བསྡད་པ་རེད། སྐུ་ཉིད་ནས་དུས་རྟག་ཏུ་དེ་སྐོར་གསུང་བསྡད་པ་ལས་རྟེན་ནས། ཨ་མ་པང་ལྡན་ཁྲ་ཚོམ་བཏགས་ནས་བསྡུས་གྲྭའི་རྟགས་བསལ་གོཏང་བཞིན་པ་མཐོང་གསལ་དེར་བསྔགས་བརྗོད་གནང་བཞིན་པ་རེད། གང་ནས་དུས་རྟག་ཏུ་དབུ་མ་དག་སྤྱོད་འཇུག་རིན་པོ་ཆེ་བཀའ་ཁྲིད་གནང་བཞིན་འདུག་པས། ཕལ་ཆེར་བསྡུས་གྲྭ་ལས་གལ་ཆེ་ངས་ཡིད་ཆེས་སྐྱེ་བྱུང་། ཡང་ན་མ་འོངས་པར་དུས་དབང་གི་སྔོན་འགྲོ་གསུང་ཕྱ་ཆོས་ཆོས་བསྡུས་གྲྭ་དེ་གསུང་རོག་གནང་ཞུས་ན་རྟག་རྟག་མ་ཡིན་ནམ།

  3. ཀརྡོ་རབ་འབྱམས་པ་ says:
    2017-09-05 at 1:02 pm

    ་་་་་་་ མངོན་པ་མཛོད་ཀྱི་ནང་དུ་མ་འོངས་པ་ན་ཚེ་ལོ་བཅུ་དང་མགོ་སྟོད་ཚེ་ལོ་དཔག་མེད་ཅེས་གསུངས་ཡོད་པ་ནི་དེ་ཏག་ཏག་བཤད་ཐུབ་པ་ཁག་པོ་རེད། ་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme