Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་འགོག་རང་འདུན་པ་ཞིག་གི་ཟིན་ཐུན།

Posted on 2016-10-302016-10-30 By ཁ་བརྡ་ 2 Comments on ཨེ་འགོག་རང་འདུན་པ་ཞིག་གི་ཟིན་ཐུན།

ཚེ་རིང་དོན་གྲུབ། (རྒྱང་མིག་གིས་འོས་སྦྱོར་བྱས།)

 
ཤུ —— ཁྱོད་ཀྱིས་ང་ལ་ཅི་ཡང་འདྲི་མི་དགོས། ངས་ཁྱོད་ལ་ཡོད་ཚད་བཤད། དྲང་མོར་བཤད། ཞིབ་ཏུ་བཤད། ཁྱོད་ཀྱིས་ངས་བཤད་པ་རྣམས་སྒྲ་བླངས་རྗེས་ཟིན་བྲིས་བཏབ་སྟེ་ཆ་ཚང་སྤེལ་ཆོག ཐ་ན་ངའི་ལས་ཁུངས་དང་མིང་ངོ་མའང་བྲིས་ཆོག གང་ལྟར་ངའི་ཡོད་ཚད་བརླགས་ཟིན་པས་ད་ལྟ་ང་ལ་འདང་རྒྱག་ཅི་ཡང་མེད། རེ་བ་ཉག་གཅིག་ནི་མི་རྣམས་ངའི་ལམ་འདིར་མི་ཞུགས་པ་དེ་ཡིན།
ང་རངXXཞིང་ཆེནXXཁུལ་དཔལ་འབྱོར་ཉོ་ཚོང་འཛུགས་སྐྲུན་ཅུའུ་ཅུའུ་ཀྲང་ཟུར་བ་ཡིན།ངའི་མིང་ལXXཟེར། ང་རང་སྔ་རྗེས་སུ་ལས་དཔོན་འགའ་རེས་སྨད་འཚོང་ཁང་དུ་ཁྲིད་མྱོང་མོད། འོན་ཀྱང་དེ་དུས་ངས་སྲུང་ཤུབས་སྤྱད་པས་ནད་བཙོག་འདི་དེ་དུས་འགོས་པ་ཡིན་མི་སྲིད།

ཤུ —— དེས་ན་ག་དུས་འགོས་པ་ཡིན་ཟེར་ན200Xལོ་ཡིན་སྲིད། རེད། ལོ་དེའི་ཟླ་བཅུ་བའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་ཡིན་པ་ཁོ་ཐག་ཡིན། ཕ་ཡུལ་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་ཀྲང་ལས་དཔོན་གྱིས་ང་ལ་ལྐོག་རྔན་སྒོར་ཁྲི་ཉི་ཤུ་བྱིན་རྗེས་ངས་མ་དངུལ་རིན་ཐང་སྒོར་ཁྲི་བཞི་བརྒྱ་ཅན་གྱི་ལས་ཀ་དེ་ཁོ་པར་བྱིན་པ་ཡིན། ཁོ་རང་དགའ་དྲགས་ཏེ་ངXXགྲོང་ཁྱེར་གྱི་ཟ་ཁང་ཆེས་ཡག་ཤོས་ཤིག་ཏུ་གདན་འདྲེན་བྱས། མ་ཅང་བརྒྱབ་པར་ཁོ་རང་ཕམ་ཁུལ་གྱིས་ང་ལ་སླར་ཡང་སྒོར་མོ་སུམ་ཁྲི་ཡས་མས་བྱིན། ཟས་ཆང་གང་བཟང་གིས་ཚིམས་རྗེས་ཁོས་ང་རང་ཁྲུས་ཁང་ཞིག་ཏུ་ཁྲིད། འདི་ནི་མིང་ལ་ཁྲུས་ཁང་ཟེར་ཡང་དོན་ལ་ཁྲུས་བྱེད་རྒྱུ་ཕལ་བ་དང་སྨད་འཚོང་མ་གླ་རྒྱུ་གཙོ་བོ་ཡིན་པ་དེའི་རིགས་རེད།

ཤུ —— ངས་བུ་མོ་གསུམ་བཞི་ཙམ་གྱི་ཁྲོད་ནས་གཅིག་བདམས་པ་དེ་ཕར་བལྟས་ན་ངའི་བུ་མོ་ཆུང་བ་ལས་ཀྱང་ལོ་ན་ཆུང་བར་མ་ཟད་ཧ་ཅང་ཡིད་དུ་འོངས་ཤིང་ཁ་གཤིས་འཇམ་ལ། དེ་བས་ཀྱང་ནུ་མ་མཁྲང་ཞིང་ཟླུམ་ལ་འཕོངས་ཤ་རྒྱས་ཤིང་ནེམ་པ་ཞིག་ཡིན་པས་ཁོ་མོའི་ལུས་ཕུང་ཧ་ཅང་བདེ་ཐང་ཡིན་པའི་སྣང་བ་སྟེར། ཁོ་མོས་རང་ཉིད་རྒྱ་ནག་ཤར་བྱང་ས་ཁུལ་གྱི་ཡིན་ཟེར་ལ། རྒྱའི་སྤྱི་སྐད་དག་མོ་སྨྲ་བར་བལྟས་ན་བདེན་པ་འདྲ། གང་ལྟར་འདི་ནི་ང་རང་སྔོན་ཆད་འཕྲད་མྱོང་བའི་བུ་མོའམ་སྨད་འཚོང་མ་དག་དང་མི་འདྲ་བ་ཞིག་ཡིན་མོད། འོན་ཀྱང་ད་ལྟ་ངས་བུ་མོ་དེ་གཏན་ནས་ཞིབ་ཏུ་གླེང་འདོད་མི་འདུག ཁོ་མོས་ཁྲུས་བྱས་ཚར་རྗེས“ཨ་ཇོ་ཁྱེད་ནི་ཧ་ཅང་ཕོ་སྒོ་ཅན་ཞིག་ཡིན་པ་དང་། ཕར་བལྟས་ན་སྐུ་ལུས་ཀྱང་བདེ་ཐང་ཡིན་པ་འདྲ་བས་སྲུང་ཤུབས་མ་སྤྱད་ཀྱང་ཆོག”ཟེར།
ང་རང་ཅུང་སོམ་ཉིར་ཚུད་ནས་སྡོད་སྐབས་ཁོ་མོས་འཛུམ་དམུལ་དམུལ་གྱིས“ཁྱོད་དང་མཉམ་དུ་ཡོང་བའི་མི་དེས་ང་ལ་ཅི་ཐུབ་གང་ནུས་ཀྱིས་ཁྱོད་རང་དགའ་བདེས་ཚིམ་དུ་འཇུག་དགོས་ཞེས་བཤད་བྱུང་།”ཟེར་བཞིན་ལྟོགས་སྐོམ་གྱིས་ཡུན་རིང་མནར་བའི་ཕྲུ་གུ་ཞིག་ཨ་མའི་ནུ་མར་འཕྲད་པ་ཇི་ལྟ་བ་དེ་ལྟར་དུ་ངའི་འདོམས་ཡོངས་ལ་མཆུ་སྦྱར་བྱུང་བས་ངས་ཀྱང་སྲུང་ཤུབས་སོགས་ལ་བསམ་བློ་གཏོང་ཐབས་བྲལ།

ཤུ —— སྐད་ཅིག་མའི་བདེ་བ་དེས་ངའི་ཚེ་གང་གི་ཡོད་ཚད་དང་། ཐ་ན་ངེད་ཚང་གི་མི་རབས་ཚ་རྒྱུད་འདི་ལྟར་བརླག་སྲིད་པ་སུ་ཡིས་ཤེས། དེའི་ཕྱིར་ནད་བཙོག་འདི་བུ་མོ་དེས་ང་ལ་བགོས་པ་ཁོ་ཐག་ཡིན།
ཕལ་ཆེར་ལོ་དྲུག་བདུན་ཙམ་གྱི་རྗེས་སུ་ངའི་ལུས་ལ་ཚ་བ་འཕེལ་ཞིང་རུས་ཚིགས་ལ་ན་ཟུག་རྒྱས། ངས་དང་ཐོག་དེ་ནི་སྤྱིར་བཏང་གི་ཆམ་ནད་ཅིག་ཡིན་སྲིད་བསམས་ནས་དེ་འདྲའི་དོ་སྣང་མ་བྱས་ནའང་ཉིན་ལྟར་ཇེ་སྡུག་ཏུ་སོང་བས་སྨན་འཐུང་ཞིང་ཁབ་བརྒྱབ་མོད། འོན་ཀྱང་ཕན་འབྲས་ཅུང་ཙམ་མ་བྱུང་བར་མ་ཟད་ལུས་ཀྱི་ཤ་ལྷུང་ཞིང་གང་ས་གང་དུ་རྨ་བུད། ས་ཆ་ཆུང་བའི་སྨན་པ་དག་གིས་ཅི་ལྟར་བརྟག་དཔྱད་བྱས་ཀྱང་ཅི་ཡང་མ་ཤེས་པས་གྲོང་ཁྱེར་གྱི་སྨན་ཁང་ཆེན་པོར་མི་འགྲོ་ཐབས་མེད་བྱུང་།

ཤུ——དེ་རུ་གཞི་ནས“ཨེ་ཛི”ཟེར་བའི་སྔོན་ཆད་རྣ་ཐོས་ཡོད་པ་ཙམ་ལས་རང་ཉིད་དང་ཧ་ཅང་རྒྱང་ཐག་རིང་ཞིང་། ཐ་ན་རང་ཉིད་དང་འབྲེལ་བ་ཅི་ཡང་མེད་པར་སེམས་པའི་ནད་བཙོག་དེ་མ་གཞི་རང་གི་ལུས་ཀྱི་ཆ་ཤས་སུ་གྱུར་ཡོད་པར་མ་ཟད་ངའི་ཚེ་སྲོག་ལའང་དཔུང་འཇུག་བྱེད་བཞིན་པ་ཐག་གིས་བཅད། ང་རང་རེ་ཞིག་རློམ་ཐབས་བྲལ་ཏེ་རིམ་ནད་འགོག་སྲུང་ས་ཚིགས་སུ་སོང་ནས་བརྟག་དཔྱད་བྱས། ཕངས་པ་ཞིག་ལ་བརྟག་དཔྱད་མཇུག་འབྲས་ནི་སྔོན་མ་ནང་བཞིན་ཡིན་པས་ངའི་མིག་ལམ་གྱི་ཡོད་ཚད་སྐྱ་ཐང་ངེ་དང་ནག་ཐོམ་མེར་གྱུར……
འདི་དུས་ཕྱིར་འདང་བརྒྱབ་ན་སྡུག་ཤི་རྒྱག་རྒྱུའི་ཀྲང་ལས་དཔོན་གྱིས་ང་རང་མེ་འོབས་སུ་གཡུགས་པ་གཞི་ནས་ཤེས། དེ་བས་ཀྱང་དམྱལ་བར་སྐྱེ་རྒྱུའི་སྨད་འཚོང་མ་དེས་ང་རང་དམྱལ་བར་གཡུགས་པ་གཞི་ནས་ཤེས། ང་རང་ཀྲང་ལས་དཔོན་ལ་བཟོད་ཐབས་བྲལ་བའི་ཞེ་སྡང་སྐྱེས། ང་རང་སྨད་འཚོང་མ་དེ་ལ་བཟོད་ཐབས་བྲལ་བའི་ཞེ་སྡང་སྐྱེས། དེ་བས་ཀྱང་རང་ཉིད་ལ་བཟོད་ཐབས་བྲལ་བའི་ཞེ་སྡང་སྐྱེས། ཡིན་ནའང“འགྱོད་པ་ལས་ཀྱི་ཐ་མ་ཡིན”ཟེར་བ་ཅིས་མ་བདེན། ངས་སྔོན་ཆད་གོ་གནས་ཡོད་ན་སྒོར་མོ་ཡོད་སྲིད་ལ། སྒོར་མོ་ཡོད་ན་ཡོད་ཚད་ཡོད་པ་ཡིན་བསམས་ཏེ་ཅི་ནུས་གང་ཐུབ་ཀྱིས་འོག་མའི་ལག་ནས་བླངས་པ་གོང་མའི་ལག་ཏུ་ཕུལ་ནས་སྔར་ལས་མཐོ་བའི་གོ་གནས་བརྩོན་ལེན་བྱས། ཡིན་ནའང་ང་རང་རྦད་དེ་འཆུགས་འདུག ད་ལྟ་གལ་ཏེ་ང་རང་སྒེར་གཅོད་རྒྱལ་ཁབ་ཅིག་གི་གཙོ་འཛིན་ཡིན་ཞིང་། ལག་ན་གསེར་གྱི་རི་བོ་ཞིག་ཡོད་ནའང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་གཞི་ནས་ཤེས།

ཤུ —— རིམ་བཞིན་ངའི་མགྲིན་པ་དང་མཚན་མ་ལའང…… དེ་དག་ཁྱོད་རང་ཨེ་འགོག་རང་འདུན་པ་ཞིག་ཡིན་པས་ན་མ་བཤད་ནའང་ཤེས་གསལ་རེད། གང་ལྟར་རིམ་གྱིས་ལུས་ལ་བློ་ཡུལ་ལས་འདས་པའི་ནད་རྟགས་སྣ་ཚོགས་མངོན་པ་དང་། སེམས་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་སྣ་ཚོགས་སྐྱེས་པའི་ཁར་གང་ལྟར་བཅོས་ཐབས་མེད་པས་ན་ངས་ཡང་ཡང་རང་སྲོག་གཅོད་རྒྱུ་སེམས་ལ་དྲན།ཡིན་ནའང་རིམ་བཞིན་ང་ལ་རང་སྲོག་གཅོད་པའི་ཐབས་དང་ནུས་པའང་མེད་པར་གྱུར། སྤྱིར་ན་ད་ལྟ་ངའི་མིག་མདུན་གྱི་གཉེན་མི་རྣམས་དང་ཐ་ན་ངོ་མི་ཤེས་པའི་མི་རྣམས། མདོར་ན་འཇིག་རྟེན་སྟེང་གི་རི་ཆུ་རྩི་ཤིང་དང་ཁང་བ་གཞུང་ལམ་སོགས་ཡོད་ཚད་ཀྱི་ཡོད་ཚད་མ་གཞི་འདི་འདྲའི་སྙིང་ཉེ་ཞིང་ཡིད་དུ་འོངས་པ་ཞིག་ཡིན་པ་གཞི་ནས་ཤེས་མོད། འོན་ཀྱང་ལུས་སེམས་གཉིས་ཀྱི་སྡུག་བསྔལ་གྱི་དབང་གིས་ང་རང་སྐད་ཅིག་ཉིད་ལ་འཇིག་རྟེན་འདི་དང་ཁ་བྲལ་འདོད་པ་དེ་ཡིན། ཅི་ཙམ་མྱུར་ན་དེ་ཙམ་བཟང་། ང་འཆི་བ་ལ་ཧ་ཅང་སྐྲག་ལ་གསོན་པ་ལ་དེ་ལས་ཀྱང་སྐྲག

ང་རང་ནམ་རྒྱུན་འདི་འདྲའི་འཁྲུལ་སྣང་ངམ་རྨི་ལམ་ངན་པས་གཙེ་བར་བྱེད་དེ། མཚམས་རེར་ཉེན་རྟོག་པ་མང་པོས་ང་ཚོས་གློག་བརྙན་དུ་མཐོང་བའི་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་ཐོགས་ཏེ་ང་རང་ལ་བདའ་ལུང་བདའ་བྱེད་པ་དང་། མཚམས་རེར་ང་རང་ནག་ཚོགས་ཀྱིས་བཟུང་ནས་ལུས་ལ་འཛེར་མ་བཏབ་སྟེ་མཚན་མ་བཅད་རྗེས་གྱོན་པ་ཡོངས་རྫོགས་བཤུས་ནས་མི་ཚོགས་འདུ་སའི་ཐང་ཆེན་ཞིག་ལ་གཡུགས།མཚམས་རེར་ངའི་ཁྱིམ་མི་དང་ལས་གྲོགས། སྨན་པ། ཐ་ན་ཁྱོད་ལྟ་བུའི་རང་འདུན་པ་ཚང་མ་ལྕེ་འདོམ་པ་གང་རེ་དང་མཆེ་བ་མཐོ་གང་རེ་ཡོད་པ་དག་ཏུ་གྱུར་ནས་ངའི་པགས་པ་བཤུ་བ་དང་ཁྲག་འཇིབ་པ། ཤ་བཟའ་བ། རུས་འཆའ་བར་བྱེད་པ་དང་། ཡང་ན་ངའི་ལུས་ཀྱི་ལྷུ་ཚིགས་རེ་རེ་དང་དོན་ལྔ་སྣོད་དྲུག ཕྲ་ཕུང་རེ་རེ་བཞིན་གཏུབ་ནས་འཕྲུལ་ཆས་སྣ་ཚོགས་བཀོལ་ཏེ་ཚོད་བལྟ་དང་བརྟག་དཔྱད་བྱེད་ཀྱིན་འདུག མཚམས་རེར་ང་རང་མི་མེད་ལུང་སྟོང་དུ་གཅན་གཟན་སྣ་ཚོགས་ཀྱིས་ཡུན་རིང་བདས་མཐར་གཏིང་མི་མངོན་པའི་གཡང་གཟར་ཞིག་ཏུ་ལྷུང་། ཤིང་སྡོང་གི་ཡལ་ག་ཞིག་ལག་པས་ཟིན་ནའང་ཡར་འཛེགས་མི་ནུས་པར་བར་སྣང་དུ་དཔྱངས་འདུག་དགོས་བྱུང་། མཚམས་རེར་ལུས་ཡོངས་སུ་ཁྲག་རྣག་འཛར་བཞིན་པའི་བུད་མེད་མང་པོས་ངའི་གྱོན་པ་བཤུས་རྗེས་འཁུན་སྒྲ་སྒྲོགས་བཞིན་གང་ས་གང་དུ་འོ་བྱེད་པ་དང་མཚན་མ་འཇིབ་པར་བྱེད……

ཤུ——ད་ལྟ་ཁྱོད་ཀྱིས་མཐོང་བ་ལྟར་ང་རང་མི་མིན་འདྲེ་མིན་ངང་འཇིག་རྟེན་འདིར་དམྱལ་བ་དངོས་སུ་མྱོང་བཞིན་པ་འདི་རེད། དེ་བས་ཀྱང་ཤི་ཡང་རང་ཉིད་ལ་གཏན་ནས་བཟོད་སྒོམ་བྱེད་ཐབས་བྲལ་བ་ནི་ངའི་བཟའ་ཟླ་ལའང…… གལ་ཏེ་ཚེ་ཕྱི་མ་ཟེར་བ་དེ་ངོ་མ་ཡོད་ན་ང་རང་ཚེ་རབས་ཀུན་ཏུ་ཁོ་མོའི་བཤན་གྲིའི་འོག་གི་སྐམས་ལུག་དང་ཕག་པ་རུ་སྐྱེ་བར་ཤོག ད་དུང་ངའི་བུ་མོ་གཉིས་ཀས་དགའ་གྲོགས་བཙལ་ནས་གཉེན་སྒྲིག་བྱེད་རྒྱུ་ཕར་ཞོག ཐ་ན་མི་གྲལ་ལའང་འགྲོ་སྲོལ་མེད། ད་ནི་ངའི་མི་རབས་ཚ་རྒྱུད་ཚང་མ་ཚར་སོང་། ང་རང་ངེད་ཚང་གི་མི་རབས་ཚ་རྒྱུད་ཀྱི་དགྲ་བོ་དང་ཐ་ན་ལག་དམར་དུ་གྱུར་ཟིན······ ངས་ཅི་ནུས་གང་ཐུབ་ཀྱིས་འདི་དག་ལ་བསམ་བློ་མི་གཏོང་བའི་སེམས་ཐག་བཅད། དོན་དངོས་སུ་ཟུག་གཟེར་དྲག་པོས་འདི་དག་ལ་བསམ་བློ་གཏོང་དབང་ཡང་མི་སྟེར་མོད། འོན་ཀྱང་མཚམས་རེར་རང་དབང་མེད་པར་འདི་དག་ཡིད་ལ་དྲན་ཏེ་ང་ལ་སྔར་ལས་ལྷག་པའི་མནར་གཅོད་གཏོང་གིན་འདུག

ཤུ —— རྗེས་སུ་ངས་ཁྱོད་དང་འདྲ་བའི་ཨེ་འགོག་རང་འདུན་པ་འགའ་རེ་ངོ་ཤེས་པས་ད་གཟོད་ང་ཚོ་བོད་ཡུལ་དུ་ང་དང་འདྲ་བའི་ཨེ་ཙི་ནད་པ་མང་པོ་ཡོད་པར་མ་ཟད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས། དེའི་ཕྱིར་ངས་འདི་ལྟར་སྦ་གསང་ཅི་ཡང་མེད་པར་ཡོད་ཚད་ཁྱོད་ལ་བཤད་པ་ཡིན། དམིགས་ཡུལ་ནི་མི་རྣམས་ངའི་ལམ་འདིར་མི་ཞུགས་པ་དེ་ཡིན། རེ་བ་ནི་ཁྱོད་ཀྱིས་ངས་བཤད་པ་འདི་དག་ཇི་མ་ཇི་བཞིན་འགྲེམ་རྒྱུ་དེ་ཡིན།

ཤུ—— དགོངས་དག ད་ནི་ང་རང་དངོས་གནས་ཐང་ཆད་དེ་སྐད་ཆ་བཤད་པའི་ནུས་པའང་མི་འདུག དགོངས་དག……

 
ཟིན་འགོད་པའི་མཆན།
1.ནད་པ་འདི་ངས་བཅར་འདྲི་བྱས་པའི་ཉིན་ནས་གཟའ་འཁོར་གཉིས་ཀྱི་རྗེས་སུ་གློ་བུར་ཚེ་ལས་འདས་པ་དང་། དེ་ནས་ལོ་གཅིག་གི་རྗེས་སུ་ཁོའི་བཟའ་ཟླའང་ཚེ་ལས་འདས་སོང་།

2.ཟིན་འགོད་པས་ས་མིང་མི་མིང་སོགས་ཀྱི་ཚབ་ཏུ་རྟགས“XX”འདི་བཞག་པ་ཡིན།

3.བཅར་འདྲི་བྱ་ཡུལ་གྱི་སྐད་ཆའི་ནང་དུ“工头”སོགས་རྒྱ་སྐད་མང་པོ་ཡོད་པ་རྣམས་ཟིན་འགོད་པས“ལས་དཔོན”སོགས་བོད་སྐད་དུ་བསྒྱུར་ཡོད།

——2016ལོའི་ཟླ5བར།

 
 

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

1477621117775777ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས། རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་དུ་གནག་རྫི་བྱས། རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭ་འགྲིམ། བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར་ཞོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་སྤེལ། བརྩམས་ཆོས་གཙོ་བོ་སྒྲུང་ཐུང་པོད་གཉིས་དང་སྒྲུང་འབྲིང་པོད་གཅིག སྒྲུང་རིང་པོད་བཞི་ཡོད། བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་ཧྥ་རན་སི། འཇར་མན། འཇར་པན་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད་པར་མ་ཟད་ནུབ་གླིང་གི་སློབ་ཆེན་ཁ་ཤས་དང་བོད་སོག་སློབ་གྲྭ་ཆེ་འབྲིང་གི་བསླབ་དེབ་ཏུ་བདམས་ཡོད། བརྩམས་ཆོས་སྐོར་ཞིག་ལ་ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་བྱ་དགའ་ཐོབ་མྱོང་།

2016ལོའི《སྦྲང་ཆར》དེབ་གསུམ་པར་བཀོད།

བརྩམས་སྒྲུང་།

Post navigation

Previous Post: མང་གཙོའི་བྱུང་བ་བརྗོད་པ།
Next Post: ལོག་རྟོག་རུ་སྡེ་ལ་སྤྲིངས་པ་ཕུ་བོའི་སྙིང་གཏམ།

Comments (2) on “ཨེ་འགོག་རང་འདུན་པ་ཞིག་གི་ཟིན་ཐུན།”

  1. གནམ་ says:
    2016-10-30 at 9:29 am

    ཁ་ལ་བཏགས་གིས་བཏགས་གིར་ཅིག་བྲིས་ཡོད་པ་འདྲ། བདེན་པ་ཡིན་མིན་མི་ཤེས་འི། ཡིན་པའི་དབང་དུ་བཏང་ན་ཡང་། དྲང་མོ་ཟིག་བཤད་མེད་ཀི། མ་གཞི།
    བོད་ནང་གི་མཇེ་དེ་ཚོད་ལ་ཚོད་ཅིག་མེད་པ་དེ་ཡང་བདེན་པ་ཡིན། རྒན་མོ་གཉིས་རེ་གསུམ་རེ། སྨད་བཙོང་རྩིས་ཚོད་མེད་པ་དེ་འདྲ་ལ་བྱུང་ཡ་དེ་ལས་གཞན་ཅི་ཞིག་ཡོད། ཁོ་འདྲ་པོ་ཡོད་ན། མགྱོགས་པོར་ཤི་དགོས་བ་དེ་གལ་ཆེན་རེད། དེ་མིན། མཐོ་སྒང་སྟོང་རྒྱུ་རེད་འདོད། ཨོ་མ་ཎི་ཞིག་གིས་ཆོག་ནི་བྱེད། གང་ལྟར་ཆ་ཚང་བཀླགས་ཡིན།

  2. ཀརྡོ་རབ་འབྱམས་པ་ says:
    2016-10-30 at 9:44 am

    བརླིག་ཤུབ། སྲུང་ཤུབ། མཇེ་ཤུབ་སོགས་མང་དྲགས་བགྱིད། མིང་མང་དྲགས་ནས་བོད་སྐད་རང་བཞིན་གྱིས་དཀའ་རུ་འགྲོ་བགྱིད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme