Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་འཇིགས་མེད་བློ་གྲོས་དང་རྒྱ་གར་གྱི་འཇིགས་མེད་བློ་གྲོས།

Posted on 2012-10-23 By ཁ་བརྡ་ 18 Comments on ཨ་རིའི་འཇིགས་མེད་བློ་གྲོས་དང་རྒྱ་གར་གྱི་འཇིགས་མེད་བློ་གྲོས།

འཇིགས་མེད་བློ་གྲོས།

བོད་ཁྱིམ་སློབ་གྲྭའི་ཐང་སྟེང་ནས་བསྟན་འཛིན་ཞེས་བོས་ཚེ་མ་མཐའ་ཡང་སློབ་ཕྲུག་གཉིས་གསུམ་ཙམ་གྱིས་ཁྱོད་ལ་ཨ་ལན་སྟེར་གྱི་རེད། ང་ཚོའི་བོད་ཕྲུག་ཚོ་མིང་འདྲ་བ་ཙམ་དུ་མ་ཟད་དོན་གྱི་ཤེས་ཡོན་ཀུན་སྤྱོད་སོགས་ཀྱང་བཟོ་གྲྭ་གཅིག་ནས་བཏོན་བཞག་པ་ལྟར་འདྲ་པོ་འདྲ་པོ་རྐྱང་རྐྱང་རེད། ད་ལྟ་མིང་དོན་གཉིས་ཆར་ནས་མི་འདྲ་བའི་ཁྱད་ཆོས་ཅན་ཤ་སྟག་ཏུ་སྐྱེད་སྲིང་བྱེད་པའི་ཐབས་བཀོད་འཐེན་དགོས་པའི་དུས་ལ་བབ་ཡོད།
བར་སྐབས་དྲྭ་རྒྱ་ཉུལ་བའི་གོ་སྐབས་མ་བྱུང་བར་རྒྱུན་རིང་ཕྱིན་ཞིང་དེ་རིང་བོད་ཁྱིམ་སློབ་གྲྭའི་དབུ་བརྙེས་དུས་དྲན་གྱི་དགུང་གསེང་འདི་དང་སྟབས་བསྟུན་དྲྭ་ཉུལ་ཞིག་བྱེད་སྐབས་བོད་ཀྱི་དུས་བབ་སྟེང་མིང་གི་ཆག་སྒོ་ཞེས་པའི་རྩོམ་ཡིག་ཅིག་མཐོང་། རྩོམ་ཡིག་དེ་ ༢༠༡༢ སྤྱི་ཟླ་ ༡༠ ཚེས་ ༡༥ ཉིན་བཀོད་འདུག་ཅིང་རྩོམ་འབྲི་བའི་མཚན་ལ་མཚེར་ནགས་རྡོ་རྗེ་རིན་ཆེན་ཞེས་ཞུ་ཡི་འདུག ཁོང་གིས་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞུ་བ་དང་ངའི་བར་གྱི་དོན་དག་ཅིག་ཀྱང་རྩོམ་ཡིག་དེའི་ནང་གླེང་འདུག་སྟབས་ཐོག་མར་ཁོང་གི་ཚིག་འགའ་འདིར་དྲངས་ཏེ་གསལ་བཤད་ཐུང་ཙམ་ཞུ་འདོད་བྱུང་།
ཁོང་གིས། ༼ སྔོན་ཆད་ལོ་རབས་དགུ་བཅུའི་ནང་བཙན་བྱོལ་རྒྱ་གར་དུ་རྩོམ་འབྲི་བ་འཇིགས་མེད་བློ་གྲོས་ཞེས་པ་ཞིག་བྱུང་ཞིང་། སྐུ་ཞབས་ཁོང་ད་ལྟ་ཨ་རིར་བཞུགས་ཡོད་ནའང་། ད་དུང་རྩོམ་འབྲིའི་ལས་ལ་འཇུག་བཞིན་པ་དང་། རྩོམ་རིག་གི་བྱ་དགའ་ཡང་ཐོབ་མྱོང་མཁན་ཞིག་ཡིན། ལོ་ཤས་གོང་ནས་བཙན་བྱོལ་རྒྱ་གར་དུ་བསྐྱར་དུ་འཇིགས་མེད་བློ་གྲོས་ཞེས་པའི་མིང་གཅིག་མཚུངས་ཅན་ཞིག་གིས་རྩོམ་ཡིག་རེ་གཉིས་བྱུང་སྟབས། ཁོ་གཉིས་བར་འཁྲུལ་གཞིར་གྱུར་ཅིང་འཁྲུལ་བ་དེ་སེལ་སླད། ཕན་ཚུན་བར་གསལ་བཤད་ཀྱིས་མཐའ་དོན་འཇིགས་མེད་བློ་གྲོས་ཕྱི་མས་རིག་སློབ་འཇིགས་མེད་བློ་གྲོས་ཞེས་ཁྱད་མིང་ཞིག་སྦྱོར་རྒྱུའི་ཁས་ལེན་ཞུས་པ་ལྟ་བུ་རེད།༽ ཅེས་གསུངས།

ང་ལོ་ན་བཅུ་བཞིར་མ་སོན་བར་ངའི་མིང་ལ་བསྟན་འཛིན་ཆོས་འཕེལ་ཞེས་འབོད་ཀྱི་ཡོད། མིང་དེ་ངའི་ཕ་མས་བཏགས་པ་རེད། ལོ་ན་བཅུ་བཞིའི་སྟེང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་གསལ་བྱེད་༸རྒྱལ་དབང་འབྲུག་ཆེན་སྐུ་ཕྲེང་བཅུ་གཉིས་པའི་ཞལ་སྔ་ནས་སྤྱི་ཡི་གཙུག་ཕུད་བཅད་དེ་མིང་ལ་འཇིགས་མེད་བློ་གྲོས་ཞེས་སྩལ། དེའི་རྗེས་རང་ལོ་བཅུ་དགུ་དང་ཉེར་བདུན་གཉིས་ལ་རིམ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་ཚིག་སྔ་མ་དགེ་ཚུལ་དང་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་རིམ་པར་ཞུས་ཏེ་མིང་ལ་བསྟན་འཛིན་བཤད་སྒྲུབ་ཅེས་འདོགས་པར་མཛད། འོན་ཀྱང་ད་ལྟ་ངོ་ཤེས་ཀུན་ལ་ཡོངས་གྲགས་སུ་གྱུར་ཟིན་ཅིང་སྐྱབས་བཅོལ་ལག་དེབ་དང་དྭང་བླང་བཅའ་དངུལ་ལག་དེབ་སྟེང་འཁོད་པའི་འཇིགས་མེད་བློ་གྲོས་ཞེས་པའི་མིང་དེ་རང་འབོད་བཞིན་ཡོད།
ན་ནིང་ཁ་བརྡ་དྲྭ་བའི་སྟེང་རྩོམ་ཡིག་རེ་ཟུང་སྤེལ་སྐབས་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞུ་བས་ཁོང་ལ་ཡུལ་ལུང་གི་ཁྱད་ཆོས་དང་འབྲེལ་ཏེ་འགོ་ལོག་འཇིགས་མེད་བློ་གྲོས་ཞེས་འབོད་ཀྱི་ཡོད་པ་དང་། ངེད་གཉིས་དབར་འཁྲུལ་གཞི་མི་ཡོང་ཆེད་ངའི་མིང་གི་འགོར་ཁྱད་ཚིག་ཅིག་སྣོན་དགོས་པའི་དགོངས་འཆར་དང་རེ་འདུན་བཏོན་པ་རེད། སྐབས་དེར་ངས་རང་ཉིད་ད་ལྟ་རིགས་ལམ་སློབ་གཉེར་ཁང་དུ་ཡོད་སྟབས་རང་མིང་གི་འགོར་རིགས་སློབ་ཅེས་ཁྱད་ཚིག་གིས་གསལ་ཁ་བཏོད་ཆོག་སྐོར་ཞུས་ཡོད། འོན་ཀྱང་ད་ལྟ་ཁོ་བོ་རིགས་སློབ་ནས་སློབ་ཐོན་བྱེད་ལ་ཉེ་བར་གྱུར་ཅིང་། མ་གཞི་ནས་བར་སྐབས་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞེས་པའི་མཚན་ཐོག་ནས་མ་གཏོགས་འཇིགས་མེད་བློ་གྲོས་ཞེས་ཁྱད་ཚིག་དང་མ་འབྲེལ་བའི་མིང་རྐྱང་གི་ཐོག་ནས་རྩོམ་ཡིག་སྤེལ་མཁན་ཁོ་བོ་མ་གཏོགས་མེད་སྟབས་ཉེ་བའི་ཆར་ངས་རྩོམ་ཡིག་སྤེལ་སྐབས་ཁྱད་ཚིག་དང་མ་འབྲེལ་བའི་མིང་རྐྱང་སྤྱོད་ཀྱི་ཡོད།
སྤྱིར་ནས་ང་རང་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་སྟབས་ཡུལ་ལུང་དང་སྡེ་པ། རིགས་རུས་སོགས་ཀྱི་ཁྱད་ཚིག་སྦྱར་བའི་མིང་ཅན་ཞིག་ཏུ་འགྱུར་འདོད་ཀྱང་མི་འདུག རབ་ཏུ་བྱུང་བས་ཕ་མས་གནང་བའི་མིང་ལ་ཡང་ཞེན་ཆགས་མེད་པར་འདོར་དགོས་པར་གསུངས་ན་ཡུལ་ལུང་དང་སྡེ་པ། རིགས་རུས་སོགས་ཀྱི་ཁུངས་ལུང་དང་འབྲེལ་བའི་མིང་ཞིག་ཀྱང་གདགས་སུ་མི་རུང་བ་འདི་སྟོན་པ་ཐམས་ཅད་མཁྱེན་པའི་དགོངས་པར་སེམས། དེ་ལྟ་ན་ཡང་དགག་དགོས་ཀྱི་རྒྱུ་མཚན་ཧ་ཅང་ཆེ་བ་དང་འབྲེལ་ཞིང་ཕྱིན་ཆད་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞུ་བ་མིན་པར་འཇིགས་མེད་བློ་གྲོས་ཞེས་པའི་མིང་རྐྱང་གི་ཐོག་ནས་རྩོམ་འབྲི་བ་ཞིག་བྱུང་ཚེ་དུས་དེ་ནས་རང་མིང་གི་འགོར་ཁྱད་ཚིག་ཅིག་སྦྱར་འཐུས། ད་ལྟ་ངེད་རང་རིས་མེད་སློབ་དཔོན་ཐོན་ལ་ཉེ་བར་སོང་རིས་མེད་སློབ་དཔོན་འཇིགས་མེད་བློ་གྲོས་ཞེས་པའི་ཁྱད་ཚིག་ཅིག་བསྣན་དགོས་པར་བསམ་མོད། ཡང་བསམ་མེད་འགས་སློབ་དཔོན་འཇིགས་མེད་བློ་གྲོས་ལ་འགྲན་ཟླ་བྱེད་པར་འདུག་ཅེས་རྣ་བ་དབྲལ་བར་བསམ་ནས་བཞག་པ་ཡིན། ཨ་ཀྱང་རྩེད་མཚར་ཡིན།
མིང་གི་འགོར་ཁྱད་ཚིག་སྦྱར་བས་ཀྱང་འཁྲུལ་པ་གཞི་མེད་དུ་འགྲོ་རྒྱུ་ཞིག་ནི་མི་འདུག དཔེར་ན་སྒམ་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་དང་བྱ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གཉིས་ལ་མཚན་གྱི་འགོར་ཁྱད་ཚིག་རྣམ་པར་གསལ་ཡང་གང་ཟག་གཉིས་རྒྱུད་གཅིག་ཏུ་འཁྲུལ་བ་ཞིག་མང་དག་ལ་བྱུང་འདུག་ཅིང་། ད་ནས་བརྩིས་པའི་ཟླ་བ་གཅིག་གི་སྔོན་ཙམ་དུ་ཁོ་བོས་དེའི་ཐད་གསལ་བཤད་ཞུས་ཚར་ཙམ་པ་ཡིན། སྔ་མ་ནི་རོང་སྟོན་ཤེས་བྱ་ཀུན་རིག་གི་སློབ་མ་དང་འོད་ཟེར་སྐོར་གསུམ་གྱི་གཞུང་མཛད་པ་པོ་ཡིན་ལ། ཕྱི་མ་ནི་བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན་བྱ་པ་ཁྲི་སྐོར་གྱི་ཁྲི་དཔོན་ཆོས་རྒྱལ་བཀྲ་ཤིས་དར་རྒྱས་ལ་སྲས་གཉིས་བྱུང་བའི་ཆུང་བ་དེ་ཡིན་ཅིང་། ཀརྨ་བདུན་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་དང་འབྲུག་པ་ཀུན་མཁྱེན་པད་དཀར་གྱི་ཡོངས་འཛིན་ཡང་ཡིན། ཁོང་གཉིས་ཀྱི་དབར་ལོ་རབས་ཧ་ཅང་མང་པོས་ཆོད་ཡོད་ཀྱང་མཚན་དང་མཛད་པའི་ཕྱོགས་འདྲ་བའི་ཆ་ནས་འཁྲུལ་གཞི་བྱུང་འདུག
ལས་ཚུལ་བསམ་མི་ཁྱབ་པའི་བྱེ་བྲག་ལས། ། གྲངས་མེད་འགྲོ་བའི་གཟུགས་དང་སྤྱོད་ལམ་སོགས། ། རྣམ་པ་ཀུན་ཏུ་གཅིག་པ་རྙེད་མ་ཡིན། ། རིགས་མཐུན་འདྲ་ཆོས་མེད་པའང་སྲིད་མ་ཡིན། །
རྣམ་པར་རྟོག་པའི་འཆར་སྒོ་མཐའ་མེད་ཀྱང་། ། བརྡ་དང་ཐ་སྙད་གཅིག་པ་མང་བ་འདི། ། རྟོག་པའི་རྒྱུ་བ་ཚིག་གིས་མ་སྙེག་པའི། ། ཚུལ་གསུམ་སྐྱོན་མེད་ཚང་བའི་གཏན་ཚིགས་ཡིན། །
སྔོན་ཚེ་ཅང་མེད་ཅི་ཡང་མི་ཤེས་དུས། ། དགོན་ཆུང་ཞིག་ཏུ་མིང་འདྲ་གསུམ་བྱུང་མོད། ། ཕན་ཚུན་གོ་སྐལ་རྩོད་པའི་སྒྲོས་མེད་ཅིང་། ། མིང་འདྲ་གསུམ་གྱིས་རྩོད་པ་བསླངས་པའང་མེད། །
ད་ལྟ་འཆད་རྩོད་རྩོམ་པ་བྱེད་པའི་དུས། ། ཉིན་མཚན་གོ་ལྡོག་འཁོར་བའི་གླིང་གཉིས་སུའང་། ། མིང་འདྲ་ཞིག་གིས་རྩོད་འགོ་ལངས་པ་འདི། ། འཇིག་རྟེན་འདི་ཡི་གཤིས་ཀ་ཡིན་པར་གསལ། །
ཨ་རིའི་འཇིགས་མེད་རྒྱ་གར་འཇིགས་མེད་སོགས། ། འཇིགས་མེད་མཚན་གྱིས་བརྗིད་པ་ཆེས་མང་མོད། ། སྲིད་པ་གསུམ་པོ་བླ་འོག་འགྱུར་བའི་དུས། ། མི་འཇིགས་སྤོབས་པའི་གདེངས་ལྡན་འཇིགས་མེད་སུ། །
བོད་རྒྱལ་ལོ་ ༢༡༣༩ ཟླ་བ་ ༩ ཚེས་ ༩། སྤྱི་ལོ་ ༢༠༡༢ ཟླ་བ་ ༡༠ ཚེས་ ༢༣ ཉིན་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་རང་ཤག་ནས། འཇིགས་མེད་བློ་གྲོས་ཀྱིས་བྲིས།

སྣ་ཚོགས།

Post navigation

Previous Post: བསང་ཆུ་རྫོང་དུ་ཡང་བསྐྱར་རང་ལུས་མེར་བསྲེགས།
Next Post: སྦྲ་ནག

Comments (18) on “ཨ་རིའི་འཇིགས་མེད་བློ་གྲོས་དང་རྒྱ་གར་གྱི་འཇིགས་མེད་བློ་གྲོས།”

  1. དབང་རྡོར་ says:
    2012-10-23 at 9:35 am

    ཁྱོད་རང་འཇིགས་མེད་བློ་གྲོས་ཀྱི་མིང་ཁུར་ནས་ལས་དོན་ཆེན་པོ་ཞིག་བསྒྲུབ་ཀྱི་ཡོད་པའི་ཟོ་འདྲ་ག་རེ་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཔེ་དེ་ཚོ་ལ་ནི་གནའ་སྔོན་མའི་མཁས་དབང་ཤ་དག་བཀོད་འདུག་

  2. བྱམས་པ། says:
    2012-10-23 at 9:35 am

    ༡༢༽ བོན་རྒྱ་བསྟན་འཛིན་རབ་རྒྱས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ གི་ཆུ་ཚོད་ ༩ སྐར་མ་ ༥༢
    འདི་ནི་བདག་གི་དྲ་གྲོགས་འཇིགས་བློ་ཡི་སྐད་རེད།
    ཁ་བརྡའི་ཐོག་ཏུ་བཞུགས་ཡོད་པའི་སྐུ་ཞབས་འཇིགས་མེད་བློ་གྲོས་ཞུ་བ་ལགས་སུ་ཞུ་དོན། ལོ་ཤས་སྔོན་ནས་བཟུང་སྐུ་ཉིད་ཀྱིས་རྩོམ་ཡིག་འགའ་རེ་འཇིགས་མེད་བློ་གྲོས་ཞུ་བའི་མཚན་ཐོག་ནས་སྤེལ་བཞིན་འདུག་སྟབས་ཁོ་བོས་རང་གི་མིང་ཆ་ཚང་བཀོལ་ནས་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞེས་བྲིས་པ་ཡིན། འོན་ཀྱང་ད་དུང་ཉིད་ཀྱིས་རྩོམ་རེ་སྤེལ་སྐབས་མི་མང་པོས་ཁོ་བ ོ་ཡིན་ཤག་བྱེད་ཀྱི་འདུག་སྟབས། རྗེས་སུ་སྐུ་ཉིད་ཀྱིས་མཚན་གྱི་དབུར་དཔེར་ན་གཡུ་བྲག་པ་འཇིགས་མེད་བློ་གྲོས་ཟེར་བ་ལྟ་བུ་ཕ་ཡུལ་གྱི་མིང་ངམ། ཡང་ན་དེ་ལས་གཞན་པའི་ཐབས་ཤེས་ཤིག་གནང་རོགས་ཞུ་བ་ཡིན། གང་ཡིན་ཞུ་ན་རྩོམ་པ་པོ་རྣམས་ལ་རང་རང་སོ་སོ་ལ་ལྟ་གྲུབ་མི་འདྲ་བ་རེ་ཡོད་པས་རྩོམ་པ་པོ་རྣམས་ཀྱི་མིང་གཅིག་པ་བཀོལ་ན་སྐབས་རེ་ཕྱོགས་མང་པོ་ནས་སྟ བས་མ་བདེ་བ་རེ་ཡོང་བཞིན་འདུག་པས་དེ་ལུགས་ཐུགས་ལ་འཛིན་རོགས་ཞུ་བ་ཡིན། དགོངས་པ་མ་ཚོམས་རོགས། ཕྲན་གྱིས་ཉོབ་སྣང་སེལ་ཆེད་བོད་ཡིག་གི་དྲ་རྒྱ་ཁག་ཀློག་བཞིན་ཡོད་ཀྱང་གནས་སྐབས་དྲ་ཞབས་སུ་མཆན་གང་ཡང་མི་འབྲི་བར་དམ་བཅའ་བྱས་ནས་ཡུན་རིང་འགོར་ཟིན། དེ་བས་ཡིག་ཆུང་འདི་དྲ་གྲོགས་བོན་རྒྱ་ལགས་བརྒྱུད་ནས་ཕུལ་གྱི་ཡོད། ད་དུང་ཞུ་རྒྱུ་ཞིག་ལ། སྐུ་ཉིད་ངའི་གྲོགས་པོ་རྙིང་པ་གཡུ་བྲག་པ་འཇིགས་མེད་བློ་གྲོས་ཡིན་ནམ། གལ་ཏེ་ཡིན་ན་ངའི་ངོ་དེབ་ཀྱི་ཐོག་ཏུ་ཕེབས་རོགས་གནང་། ཐུགས་རྗེ་ཆེ། མགོ་ལོག་འཇིགས་མེད་བློ་གྲོས་ཀྱིས་ཕུལ།

    ༡༣༽ འཇིགས་མེད་བློ་གྲོས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༣ གི་ཆུ་ཚོད་ ༠ སྐར་མ་ ༥༤
    མགོ་ལོག་འཇིགས་མེད་བློ་གྲོས་ལགས། ལོ་གསར་ལ་སྐུ་ཁམས་བཟང་།
    ངེད་གཉིས་མིང་གཅིག་པ་ཡིན་པ་དེས་ཀློག་པ་པོ་རྣམ་པར་འཁྲུལ་གཞི་ཡོང་བཞིན་ཡོད་ན་ད་ལྟ་ཁོ་བོ་རིགས་ལམ་སློབ་གཉེར་ཁང་དུ་ཡོད་པའི་ཆ་ནས་ངའི་མིང་གི་འགོར་རིགས་སློབ་ཅེས་སྦྱར་ཆོག དེ་སྔོན་ཁོ་བོས་གསང་མིང་སྤྱད་དེ་ཁ་བརྡའི་དྲྭ་ཐོག་ཏུ་རྩོམ་ཡིག་འགའ་རེ་བཀོད་ཅིང་གཞན་རྩོམ་ལ་མཆན་འདེབས་ཀྱང་བྱེད་ཀྱི་ཡོད། འོན་ཀྱང་རང་དབང་ལུང་པར་ངོ་གདོང་སྦས་འགེབས་ཀྱིས་སྐད་ཆ་བཤད་རྒྱུ་དེ་མི་གཤིས་ཀྱི་ཆ་ནས་འགྲིག་གི་མེད་པའི་མཐོང་ཚུལ་ཤུགས་ཆེ་བྱུང་སྟབས་ཉེ་ཆར་ནས་རྩོམ་ཡིག་འགོད་པ་དང་མཆན་བུ་འདེབས་པའི་གནས་སྐབས་གང་དུ་ཡང་དངོས་མིང་བེད་སྤྱོད་བྱ་རྒྱུའི་ཆོད་སེམས་བཟུང་ཡོད།
    ངའི་རྩོམ་ཡིག་གི་ལྟ་ཚུལ་མི་འདྲ་བའི་ཐད་ནས་ཁྱེད་ལ་ཁ་བརྡུང་གཏོང་མཁན་བྱུང་ཡོད་ན་དགོངས་སེལ་ཞུ།
    དྲྭ་གྲོགས་གཞན་དག་ཁག་ཅིག་ཀྱང་ཕེབས་ནས་དགོངས་ཚུལ་གསུངས་པར་གུས་བརྩི་ཡོད། འོན་ཀྱང་རྒྱ་མིའི་གླ་རྔན་རེག་བཞིན་ཡོད་ས་རེད་ཟེར་མཁན་ཚོར་ཁ་ཡ་བྱེད་ལོང་མེད་པས་དགོངས་དག
    ངས་རྒྱུ་མཚན་ཇི་མཐོང་སྦས་འགེབ་མེད་པར་རྩོམ་ཡིག་ཏུ་བྲིས་ཏེ་ཞི་རྒོལ་མཚམས་འཇོག་གི་རེ་བ་འདོན་བཞིན་ཡོད་པ་རེད། རླབས་ཆེན་གྱི་ཚེ་སྲོག་མུ་མཐུད་ནས་འཆི་ལམ་དུ་བསྐྱོད་རྒྱུར་མི་བཟོད་པའི་ཆ་ནས་ཞི་རྒོལ་མཚམས་འཇོག་གི་རེ་བ་འདོན་བཞིན་ཡོད། བཙན་བྱོལ་གཞུང་ནས་ཞི་རྒོལ་མཚམས་འཇོག་ཆེད་བཀའ་གཏོང་དགོས་ཀྱི་རེད་ཞུ་རྒྱུ་མ་བྱུང།
    ཁྱེད་ཚོས་ཞི་རྒོལ་མཚམས་འཇོག་གི་རེ་བ་འདོན་ཆོག་གི་མ་རེད་ཟེར་གྱི་ཡོད་ན་ནི་དེའི་ཐད་ང་ལ་ཞུ་རྒྱུ་གང་ཡང་མེད།

    ༡༤༽ བོན་རྒྱ་བསྟན་འཛིན་རབ་རྒྱས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༤ གི་ཆུ་ཚོད་ ༨ སྐར་མ་ ༤༤
    “ནོར་རིགས་འདྲ་རིག་ན་འཁོན་སྐྱེད། །མི་རིགས་འདྲ་རིག་ན་དགོད་སྐྱེད། །” ཟེར་བ་ཞིག བོད་སྐད་ལ་ཡོད་པ་རེད། ད་དེའི་སྟེང་ལ་”མིང་རིགས་འདྲ་རིག་ན་འཁྲུག་སྐྱེད”ཟེར་བ་འདི་སྣོན་དགོས་པ་འདྲ། ཀུ་རེ་ཡིན་ཏེ། ངས་ཀྱང་དྲ་གྲོགས་འཇིགས་བློ་ཡིན་རྒྱུ་བསམ་བསྡད་མོད། རྩོམ་ཕྱི་མ་འདི་ལ་ངའི་དྲ་གྲོགས་འཇིགས་བློ་ཡི་ཐོས་རྒྱ་དང་རྩོམ་རྩལ་མེད་པ་འདྲ་ཞིག་ཀྱང་འདུག གང་ལྟར་ཡང་ང་བར་ནས་ཕོ་ཉ་བྱས་པ་ལེགས་འགྲུབ་བྱུང་ནས་ཁྱོད་ལ་བརྡ་འཕྲོད་འདུག་པས། དེ་མིན་ཡང་གན་གཉན་འདུག་བྱས་ནས་ང་ལས་སླ་བོར་འཇོག་གི་མ་རེད། ཀུ་རེ་ཡིན། ཧ་ཧ་་་་་གང་ལྟར་ལྟ་ཚུལ་ལ་རང་དབང་དགོས་ནི་རེད། མི་སྟེར་ན་ཅག་ཅག་བྱས་ནས་སྤེལ་དགོས་པ་རེད།

  3. རྫ ་ཚེ་རིང་བཀྲ་ཤིས། says:
    2012-10-23 at 9:45 am

    (རབ་ཏུ་བྱུང་བས་ཕ་མས་གནང་བའི་མིང་ལ་ཡང་ཞེན་ཆགས་མེད་པར་འདོར་དགོས་པར་གསུངས་ན་ཡུལ་ལུང་དང་སྡེ་པ། རིགས་རུས་སོགས་ཀྱི་ཁུངས་ལུང་དང་འབྲེལ་བའི་མིང་ཞིག་ཀྱང་གདགས་སུ་མི་རུང་བ་འདི་སྟོན་པ་ཐམས་ཅད་མཁྱེན་པའི་དགོངས་པར་སེམས། )གྲོགས་མཆོག་ཁྱེད་དང་མ་མཇལ་ཡུན་རིང་། བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ།
    གོང་གི་དགོངས་པ་ལྟར་ན་སངས་རྒྱས་ལ་ཤཱཀྱ་ཐུབ་པ་ཟས་གཙང་སྲས་པོ་ལྟ་བུ་རིགས་དང་རུས་ལས་སྨོས་པ་དང་། ཤ་རིའི་བུ་ལྟ་བུ་ནང་མིའི་མིང་ནས་སྨོས་པ་དང་། ཙོང་ཁ་པ་ལྟ་བུ་ཕ་ཡུལ་གྱིས་སྨོས་པ་སོགས་ཀྱི་མིང་འདོགས་སྟངས་དག་ཅི་ལྟར་བཀྲལ་རྒྱུ་བཀའ་ལན་ཡོད་པ།

  4. འཇིགས་མེད་བློ་གྲོས། says:
    2012-10-23 at 12:24 pm

    གྲོགས་མཆོག་མཁན་པོ་ཚེ་བཀྲ་ལགས་སྐུ་ཁམས་བཟང་། ཉིད་ཀྱི་བྱ་གཞག་ཡར་ཟླ་ལྟར་རྒྱས་པའི་སྨོན་འདུན་ཡོད།
    ཟས་གཙང་སྲས་དང་ཤ་རིའི་བུ་ལྟ་བུ་རིགས་རུས་ཀྱི་ཁྱད་ཚིག་དང་འབྲེལ་ནས་སྐྱེས་བུའི་མཚན་བོས་པར་ཆོས་འདུལ་བའི་ལུགས་ལ་དགག་དགོས་ཅི་ཡང་ཡོད་པར་མི་སེམས་ཏེ། ཅིའི་ཕྱིར་ན་རང་ཅག་ཐ་མལ་པ་ལྟར་རིགས་རུས་ལ་དམིགས་པའི་སྲེད་པ་ཅན་མིན་པའི་ཕྱིར་སྙམ།
    རིགས་དང་རུས་དང་ཡུལ་ལུང་སོགས་ལ་སྲེད་ཞེན་གྱི་བསམ་པ་དང་ལྡན་ཞིང་བསམ་པ་དེ་དང་འབྲེལ་ནས་ཡུལ་སྡེ་དང་རིགས་རུས་རིས་བཅད་ཀྱི་བྱ་བ་བཙོག་པར་ཞུགས་རུང་གི་སྲིད་པ་ཆེ་བའི་ཁོ་བོ་ཅག་ལྟ་བུར་ནི་སྤྱོད་རུང་གི་གནང་བ་ཡོད་པར་མི་སེམས། དེ་ལྟ་མིན་ན་རབ་ཏུ་འབྱུང་བའི་ཚེ་ན་གོས་དང་མིང་སོགས་བསྒྱུར་དགོས་པ་ཆོ་ག་ཕྱག་ལེན་ཙམ་ཞིག་ཏུ་འགྱུར་འགྲོ། འོན་ཀྱང་ཤེས་རབ་ལྡན་པས་དཔྱད་པར་མཛོད་ཅིག

  5. སངས་དོན། says:
    2012-10-23 at 12:46 pm

    མཁས་མི་མཁས་ཀྱི་ཐད་ནས་རྡ་སའི་འཇིགས་མེད་བློ་གྲོས་འདི་མཁས། འཇིགས་མེད་བློ་གྲོས་གཞན་དེ་ནི་དེ་འདྲའི་མཁས་པ་ཞིག་ཡིན་རབས་གོ་ཐོས་མེད། རྩོམ་ཡིག་ཐར་ཐོར་ནི་དེང་སང་གཞོན་རབས་པ་ཀུན་གྱི་སྤྱི་ཆོས་ཆགས་སྣང་།

  6. ཨོ་རྒྱན་ཉི་མ། says:
    2012-10-23 at 1:06 pm

    དེས་ན་་ཚེ་བཀྲ་ཁྱོད་རང་གིས་༼རྫ༽ ཞེས་པ་དང་། ཚེ་རིང་བཀྲ་ཤིས་ཞེས་པ་ཡང་འདོར་དགོས་ཐུག་ན་མི་ཤེས་ད། ཧཧཧཧཧཧཧཧ

  7. མེ་ཏོག་དཀར་པོ། says:
    2012-10-23 at 1:18 pm

    རིས་མེད་་་་་ཧཧཧཧཧཧཧ
    རུས་མེད་་་་་་་་

  8. གསེར་འབྲུག་སྡེར་ལྔ་ says:
    2012-10-23 at 5:04 pm

    གཤམ་མདའ་ཨའོ་ཧྲལ་པ་ཟེར་ན་གང་འདྲ་འདུག། ཨ་རེ་སྐུ་རྩེད་ཡིན་ད། གྲོགས་མཆོག་བླར་རྒན་མིང་གཅིག་གི་དོན་དུ་རྩོད་པ་རྒྱགས་རིན་ཨེ་འདུག།
    ཨ་རིའི་འཇིགས་མེད་བློ་གྲོས་ཁོང་སྔགས་པ་ཞིག་ཡིན་ཚོད་འདུག། བྱས་ཙང་ཨ་ཅེ་དང་ཨབ་ཕྲུག་གཉོར་སྐྱོང་འོག་ནས་དྲ་རྒྱའི་སྟེང་དུ་རྩོམ་ཡིག་སྤེལ་རྒྱུའི་དུས་ཁོམས་ཞེ་དྲག་མེད་ཚོད་འདུག། འོན་ཀྱང་ཁྱོད་གྲྭ་རྐྱང་རྟར་རྐྱང་ཞིག་་མི་སི་ཏྲར་ཨིན་ཌི་ཡཱ་ནང་བཞིན་འཚམས་རེ་མ་གཏོག་དྲ་ཐོག་ཏུ་མཐོང་རྒྱུ་མེད་པ་ཅི་བྱས་སོང་བ་རེད། ཨིན་ཆུང་རྐུབ་ལ་རྒྱུགས་ཆེ་སོང་བ་ནི་མ་རེད་པཱ། ཧ་ཧ་ཧ་ཧ།

  9. ཟུར་གནས། says:
    2012-10-23 at 9:55 pm

    ངས་རྒྱ་གར་ནས་མིང་དང་འབྲེལ་བའི་མཚར་གཏམ་ཞིག་གོ་མྱོང་། སྔོན་མ་བོད་པའི་ཆུ་སྒང་དམག་མི་རྣམས་ཐོག་མར་རྒྱ་གར་གྱི་དམག་མིར་འཛུལ་ཞུགས་བྱེད་སྐབས། བོད་དམག་མིང་ལ་གངས་དཀར་རྣམ་རྒྱལ་ཟེར་བ་ཞིག་ཡོད་ཟེར། ཁོ་མི་སྤྲོ་ཐུང་ཐུང་རེད་ཟེར། དམག་མི་ཐོ་འགོད་བྱེད་སྐབས་པའི་ཉིན་མོར་བོད་དམག་རྣམས་རུ་བསྒྲིགས། རྒྱ་གར་དམག་དཔོན་ཁོང་ཚོ་རེ་རེའི་མདུན་ལ་ཡོང་ནས། ནམ་ཀྱའོ། ༼མིང་ལ་ག་རེ་ཟེར། ༽ཞེས་སྐད་ཤུགས་ཆེན་པོས་འདོན། དེའི་ལན་དུ་བོད་དམག་ཚོས་རང་རང་གི་མིང་སྨྱོས་བཞིན་ཡོད།

    གངས་དཀར་གྱི་མདུན་ལ་བསླེབས་རྗེས། རྒྱ་གར་བའི་དམག་དཔོན་དེས།
    ནམ་ཀྱའོ། ཟེར།
    བོད་པའི་དམག་མི་དེས། ནམ་ཅའ། ཟེར། ༼། མི་དེ་སྟོད་ནས་ཡིན་པ་དང་སྟོད་པའི་སྐད་གདངས་ལ་རྣམ་རྒྱལ་ལ་ནམ་ཅའ་ཞེས་འདོན། ༽
    རྒྱ་གར་བའི་དམག་དཔོན་དེ་འཐོམས་ནས། ཡང་བསྐྱར་ནམ་ཀྱའོ་ཞེས་དྲིས།
    བོད་དམག་དེ་རྒྱ་གར་སྐད་ཤེས་ཀྱི་མེད་སྟབས། ཁོའི་མིང་འདོན་སྟངས་དེ་ནམ་ཀྱའོ་རེད་བསམས་ནས། ལན་དུ། ནམ་ཀྱའོ་ཟེར།
    མི་ཚང་མ་དགོད་ཤོར་ནས་འུར་སྒྲ་ལིང་ལིང་ཆགས། རྒྱ་གར་བ་དེ་ངོ་ཚ་ནས་
    ས་ལ་ནམ་ཀྱའོ་ཟེར།

    བོད་དམག་དེས། ས་ལ་ནམ་ཀྱའོ་ཟེར།

  10. སྤོབས་པ་མཐའ་ཡས། says:
    2012-10-24 at 3:33 am

    དོན་དག་འདི་འདྲ་ཆུང་ཆུང་ཞིག་ལ་ཚིག་ཉོག་འདི་འདྲ་མང་པོ་ཞིག་བྲིས་ནས་ཕན་ཐོགས་གང་ཡོད།

  11. གནམ says:
    2012-10-24 at 4:46 am

    བོད་ལ་དོན་མགོ་ཆོད་ན་བོད་མིང་དང་།
    ཡུལ་ལ་དོན་མགོ་ཆོད་ན་ཡུལ་མིང་དང་།
    རུས་ལ་དོན་མགོ་ཆོད་ན་རུས་མིང་དང་།
    དོན་མགོ་མེད་པའི་མི་ངན་མིང་རྐྱང་ཡིན།

  12. གངས་རིའི་ལས་དབང། says:
    2012-10-24 at 5:43 am

    གྲྭ་རྐྱང་དཀྱུས་མ་ཞིག་གི་མིང་འོག་ནས་ཡུལ་ལུང་དང་སྡེ་པ་རིགས་རུས་སོགས་ཀྱི་ཁྱད་ཚིག་སྦྱར་བའི་མིང་ཅན་ཞིག་ཏུ་འགྱུར་འདོད་མི་འདུག་ཅེས་གནམ་འོག་གི་མི་རྣམས་ལ་དྲིལ་བསྒྲགས་བྱས་པ་དང།།་་་མིང་རྐང་པོ་ཞིག་གི་ཆེད་དུ་ཚིག་རྙོག་ལང་པ་གང་ཨུ་ཚུགས་བཙན་བཙན་གྱིས་བྲིས་འགོད་བྱས་པ་གཉིས་སུས་བལྟས་ཀྱང་ནང་འགལ་བའི་སྐད་ཅོ་ཙམ་ཡིན་པ་ཤེས་གསལ་མ་རེད་དམ།་་་་་་་་་དོན་དམ་གྱི་རྩོམ་པ་པོ་ཨ་རིར་གནས་བཞུགས་སྔགས་འཆང་རིགས་པ་འཛིན་པ་སློབ་དཔོན་ཆེན་པོ་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་གི་ཞབས་རྡུལ་ལ་ཐུག་ཙམ་ཐུག་ཙམ་འགྲན་ཁུལ་བྱས་པ་ནི་མི་ཁག་ཅིག་གིས་ཟམ་གདོང་པཎ་ཆེན་དང་མཁས་པ་བློ་སེང་གཉིས་ལ་མཐོ་ཚད་དམའ་ཚད་བྱས་པའི་དམིགས་ཡུལ་དང་གཅིག་མཚུངས་ཡིན་པ་དེ་བས་ཀྱང་ཀུན་གྱིས་ཤེས་ངེས་རེད།་་་་་

  13. སྤོབས་པ་མཐའ་ཡས། says:
    2012-10-24 at 5:54 am

    སྙན་ངག་མེ་ལོང་ལས་སྐད་ཆ་བཤད་སྟངས་འདི་འདྲ་དེ་ལ་མཚུངས་སྦྱོར་གྱི་རྒྱན་ཟེར་བ་རེད།

  14. ཨ་ཕྱི says:
    2012-10-24 at 7:51 am

    དེ་ལས་སླ་མོ་ཡིན་ས་རེད་བཞག ། གྲྭ་བ་འཇིགས་མེད་བློ་གྲོས་དང་། སྔགས་པ་འཇིགས་མེད་བློ་གྲོས་ཡིན་པར་གསལ་བསྒྲགས་བྱས་ན་ཨེ་མི་དགའ་འམ།

  15. འཇིགས་མེད་བློ་གྲོས། says:
    2012-10-24 at 8:09 am

    དུས་བབ་ཚང་ནས་སྐད་ཅིག་བརྒྱབས་པ་ལ།།
    ཁ་བརྡ་ཚང་ནས་ལན་ཞིག་སྦྱིན་པ་ཡིན།།
    མཚུངས་སྦྱོར་རང་བཞིན་བརྗོད་པ་ཇི་ཡིན་གྱི།།
    རྣམ་པ་མ་འདྲེས་ཁོ་བོའི་སེམས་སུ་གསལ།།
    སུ་དང་གང་ལ་འགྲན་ཟླ་མི་དགོས་པར།།
    རང་ལམ་རང་གིས་བདམས་ཏེ་བགྲོད་བཞིན་ཡོད།།
    དྲང་འགྲོས་འཁྱོག་པོའི་འགྲོས་སུ་འཁྲུལ་བ་ལ།།
    བདེན་ཞེན་བཟློག་པ་ཁོ་བོས་ནུས་མ་ཡིན།།
    སྐུར་འདེབས་སེམས་ཀྱིས་གཞན་གོས་ཕུད་པ་མེད།།
    སྒྲོ་འདོགས་རྟོག་པས་བརྙན་རྒྱན་སྤྲད་པའང་མེད།།
    འདི་ནི་རང་བྱུང་བདེན་པའི་ལོ་རྒྱུས་ཏེ།།
    འགལ་འཁྲུལ་དྲི་མ་སེལ་བའི་སྤོས་སུ་བཏུལ།།

  16. མེ་ཏོག་དཀར་པོ says:
    2012-10-24 at 11:33 am

    འདི་ནི་རང་བྱུང་ཡིན་སྟངས་གང་འདྲ་ཡིན་ན། བླ་རྒན་འདི་སྣང་མཐོ་ཡིན་པའི་བཟོ་ཏོག་ཙམ་འདུག སྤྱང་པོ་ཡང་རེད་འདུག་སྟེ། རིས་མེད་ཡིན་མདོག་བྱས་འདུག་པས་སོ།།

  17. མེ་ཏོག་དཀར་པོ says:
    2012-10-24 at 1:05 pm

    སྔགས་འཆང་རླིག་པ་འཛིན་པ་ཧཧཧཧཧཧཧ

  18. བསྟན་འཛིན།། says:
    2012-10-24 at 9:39 pm

    ཀྱེ་ཀྱེ་བློ་གསལ་མཁྱེན་ལྡན་དྲ་གྲོགས་ཚོགས།།
    ངན་རྟོག་རླུང་གིས་སྤྲོས་པའི་ཚོར་འདུ་ལ།།
    མཐའ་མེད་ཕྱིར་ན་དེ་རྗེས་མི་འབྲང་བར།།
    དོན་ལྡན་གཏམ་གྱིས་གྲོས་ཁ་སྡུར་བར་མཛོད།།
    འོན་ཏང་རྡ་སའི་འཇིགས་མེད་བློ་གྲོས་ཀྱིས།།
    རང་མིང་སོར་བཞག་འདོད་ན་འགོག་དགོས་ཅི།།
    རང་གི་ལུགས་ལ་རང་ཉིད་དབུ་མ་ཞེས།།
    རྡོ་རྗེ་དཀྱིལ་ཀྲུང་ངང་དུ་བཞུགས་སོ་ལོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme