Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིག་རྭ་རྒྱའི་བཀའ་འགྱུར་པར་མ་གསར་རྙེད་བྱུང་བ།

Posted on 2015-01-052015-01-05 By ཁ་བརྡ་ 10 Comments on ཨ་རིག་རྭ་རྒྱའི་བཀའ་འགྱུར་པར་མ་གསར་རྙེད་བྱུང་བ།

རྭ་རྒྱ་བློ་དབང་།

 

རྭ་རྒྱའི་བཀའ་འགྱུར་དཔར་ཤིང་ཇི་ལྟར་བསྐྲུན་པ་ངོ་སྤྲོད་མདོར་བསྡུས།

རྭ་རྒྱའི་བཀའ་འགྱུར་པར་ཤིང་ནི་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱ་མཚོས་(1752-1824) ཞབས་བཀོད་དང་མཐུན་རྐྱེན་སྦྱར་ཏེ་བོད་རབ་བྱུང་བཅུ་བཞི་བའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༨༡༤ ལོར་དབུ་བཙུགས་ཤིང་སྤྱི་ལོ་༡༨༡༩ ལོར་མཇུག་གྲུབ་པ་སྟེ། ཁྱོན་བསྡོམས་ལོ་ངོ་ལྔའི་རིང་མི་གྲངས་བརྒྱ་ཕྲག་ལྷག་གིས་བརྐོས་ཏེ་གྲུབ་པ་ཞིག་ཡིན། དེ་ཡང་མདོ་ཁམས་ཕྱོགས་སུ་ལི་ཐང་དང་། སྡེ་དགེ། ཅོ་ནེ་གསུམ་མ་གཏོགས་བཀའ་འགྱུར་པར་ཤིང་མེད་ལ། ཡུལ་དེ་གསུམ་ཀྱང་ཁ་ཐག་ཧ་ཅང་རིང་བ་དང་། སྐབས་དེའི་འགྲིམ་འགྲུལ་ཆ་རྐྱེན་འོག་མདོ་ཁམས་སྟོད་སྨད་ནས་གསུང་རབ་བསྡུ་སྒྲིག་བྱེད་པར་ཧ་ཅང་དཀའ་ཞིང་། དུས་དེར་བར་ཁམས་དང་ཨ་མདོའི་ཕྱོགས་སུ་ཆོས་སྡེ་མང་པོ་གསར་འདེབས་དང་འབྲེལ་དུས་ཡུན་རིང་པོའི་ལོ་རྒྱུས་ནང་ཆོས་དང་རིག་གནས་ཐད་ཅུང་རྗེས་ལུས་སུ་གྱུར་པའི་མདོ་ཁམས་སུ་ཤེས་རིག་གི་གཟི་དཔལ་ཆེས་ཆེར་འབར་བཞིན་པའི་སྐབས་ཡིན་པས་བཀའ་བསྟན་སོགས་ཀྱི་དཔེ་ཆའི་དགོས་མཁོ་ཧ་ཅང་ཆེ་བ་ཡིན།

unnamed-7

སྐབས་དེའི་འཚོ་བའི་གནས་ཚུལ་ལྟར་པར་བཤུས་སོགས་ཀྱང་མེད་པས་དཔེ་ཆ་ཞིག་འགྲེམས་སྤེལ་བྱེད་དགོས་ཀྱང་པར་ཤིང་མེད་ན། ལག་བྲིས་བྱ་རྒྱུ་ལས་ཐབས་གཞན་མེད་ལ། བཀའ་འགྱུར་ལྟ་བུའི་དཔེ་ཚོགས་ཆེན་པོ་མ་ཟད། པོ་ཏི་གཅིག་ལག་བྲིས་བྱེད་དགོས་ཀྱང་ཇི་འདྲའི་དཀའ་སྤྱད་བྱེད་དགོས་པ་བསམ་ཙམ་གྱིས་དཔོག་ཐུབ་པ་ཞིག་རེད། དེའི་ཕྱིར་སྐབས་དེར་རྭ་རྒྱ་དགོན་པར་བཀའ་འགྱུར་པར་ཤིང་བཞེངས་པ་ཡུལ་དུས་གནས་བབས་གང་གི་ཐད་ནས་ཀྱང་དགོས་མཁོ་ཆེ་བ་དང་། ཨ་རིག་རྭ་རྒྱའི་ཡུལ་དེ་ནི་མདོ་ཁམས་ཀྱི་དཀྱིལ་ཚིགས་ལྟ་བུར་གནས་པས་རྒྱལ་པའི་གསུང་རབ་པར་འདེབས་དང་མཁོ་སྐྲུན་ལ་གལ་ཆེའི་རིན་ཐང་ཡོད་པར་དགོངས་ཏེ་བཞེངས་པ་ལས། དེང་སང་ལྟར་ཁོས་གསེར་སྐུ་བཞེངས་ནས་ངས་ཀྱང་གསེར་སྐུ་བཞེངས་དགོས་པའི་ཆོས་བརྒྱད་འགྲན་རྩོད་དུ་བྱས་པ་ཞིག་གཏན་ནས་མིན་ནོ། །

བཀའ་འགྱུར་པར་ཤིང་འདི་མ་དཔེ་བཞི་ཙམ་བསྡུར་ཏེ་བརྐོས་པར་གསལ་ན་ཡང་པར་གཞི་གང་དག་ཡིན་པ་མ་འཚལ། སྡེ་དགེ་བཀའ་འགྱུར་དག་ཤོས་སུ་གཟིགས་ཏེ་མ་ཡིག་གཙོ་བོར་བཟུང་ཞིང་། སྔགས་རམས་པ་བློ་བཟང་དོན་གྲུབ་ཅེས་པ་དཔར་དཔོན་དང་། སེར་བྱེས་བཀའ་བཅུ་བ་བྱམས་པ་དཔལ་འབྱོར་གྱིས་ཞུས་ཆེན་པ་དང་ཁོང་གི་རོགས་འདེགས་སུ་དགེ་སློང་མཁས་བཙུན་སེང་གེ་བ་དང་། ཞུས་ཆུང་བ་མདོ་སྔགས་རིག་གནས་དང་བཅས་པར་མཁས་ངེས་པ་བཅུ་ཕྲག་ལྷག་གིས་མཉམ་རུབ་ཀྱིས་ཤོག་ལྡེབས་རེ་རེར་ཡང་པར་ཞུས་དང་། ཤིང་ཞུས། ཤོག་ཞུས་བཅས་ལན་གསུམ་གྱི་ཞུ་དག་བརྒྱུད་གཏན་ལ་ཕབ་ཅིང་། པར་ཡིག་འབྲི་མཁན་གྲྭ་གཞོན་སུམ་ཅུ་ལྷག་བཅས་ཀྱིས་བགྲང་བྱ་ལྔ་ལྷག་ལ་འབད་པས་བསྒྲུབས་ཏེ་གྲུབ་པ་དང་། པར་བརྐོས་པ་སྔ་ཕྱིར་མི་གྲངས་བརྒྱ་ལྷག་བརྒལ་པ་ཕལ་མོ་ཆེ་སྡེ་དགེ་ནས་བོས་པ་དང་། རང་དགོན་གྱི་གྲྭ་པ་རེ་འགའ་ཡང་ཡོད། (སྡེ་དགེ་ནས་འབྱོར་བའི་པར་རྐོ་པ་དག་གི་མིང་དང་བཅས་པ་རྭ་རྒྱའི་བཀའ་འགྱུར་དཀར་ཆག་ཏུ་གསལ།)

པར་ཤིང་འདིའི་ཤིང་ཆ་ཡང་ཐེ་བོ་རོང་དང་རྔ་མདོ་སོགས་ས་ཐག་རིང་ནས་དྲངས་ཤིང་། པར་ཁང་གི་བཟོ་སྐྲུན་སོགས་རྔ་བ་ནས་བོས་ཏེ་བསྒྲུབས་ལ། དེ་དག་གི་རྒྱུ་དངོས་འཚོལ་སྒྲུབ་སོགས་ཕྱོགས་ཡོངས་ཀྱི་མཐུན་རྐྱེན་གོ་སྒྲིག་པ་རྗེ་ཤིང་བཟའ་པཎྜི་ཏའི་དབོན་པོ་བསྟན་འཛིན་རྒྱ་མཚོ་དང་། ཨ་ཆི་ཐུ་ཨེར་ཁེ་བྱམས་པ་ཆོས་འཛིན། མཁས་དབང་ཕྱག་མཛོད་བྱམས་པ་གསུང་རབ་སོགས་ཀྱིས་རྩོལ་བས་བསྒྲུབས་པ་དང་། བརྐོས་གླ་སོགས་རགས་རྩིས་ཙམ་ལ་དངུལ་སྲང་ལྔ་ཁྲི་ལྷག་སོང་བ་སྟེ་མདོར་ན་མདོར་ན་བོད་བརྒྱུད་ནང་བསྟན་དང་རིག་གནས་ཀྱི་འཛུགས་སྐྲུན་ཆེན་པོ་ཞིག་ཡིན་ཏེ། བཀའ་འགྱུར་པར་ཤིང་བཞེངས་པ་ནས་མཚམས་ཆད་མེད་པར་པར་ཤིང་བརྐོ་བ་རྒྱུན་མཐུད་དུ་བསྐྱངས་ཡོད་ལ། དེ་སྔ་ལོ་རྒྱུས་ཡིག་ཚང་དུ་གསལ་ཁ་ཡོད་པ་ནི་རྗེ་ཙོང་ཁ་ཆེན་པོའི་བཀའ་འབུམ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་པོའི་གསུང་རྩོམ་གྱི་པར་ཤིང་བརྐོས་པར་གསལ།

unnamed-6

དཔར་ཤིང་བཞུགས་སར་དཔར་ཁང་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་སུ་འཁྱིལ་བའི་ཕོ་བྲང་ཞེས་པ་བཞེངས་གནང་ཞིང་། སྐྱབས་མགོན་ཤིང་བཟའ་པཎྜི་ཏའི་བླ་བྲང་དང་འཕྲོ་མཐུད་དུ་ཡོད། པར་ཁང་འདིའི་དཀྱིལ་དུ་ལྷ་ཁང་ཐོག་བརྩེགས་གསུམ་ལྡན་ཆེ་ལེགས། དཔར་ཁང་དངོས་གཞི་བརྩེགས་གཉིས་མ་ཀ་བ་སུམ་བརྒྱ་དང་བདུན་ཅུ་སྐོར་ཡོད་པ། ངོ་མཚར་བའི་ལྡེབ་བྲིས་སོགས་སྐུ་གསུང་ཐུགས་རྟེན་ཕྱུར་བུར་སྤུངས་ཤིང་། ངེས་པ་དོན་གྱི་གཙུག་ལག་རིག་གནས་ཀྱི་མཛོད་ཁང་ཆེན་པོ་ཞིག་ཡིན་ལ། ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་གི་སྐུ་རིང་ལ་ལེགས་བཅོས་བྱས་པ་ཁོ་ནར་ཡང་དངུལ་སྲང་ཁྲི་གཅིག་སྟོང་གཉིས་བཞི་བརྒྱ་ལྷག་སོང་བར་གསལ་བས་པར་ཁང་གི་རྒྱ་ཁྱོན་དང་འཛུགས་སྐྲུན་གྱི་རྣམ་པ་ཡང་ངོ་མཚར་ཞིག་ཡིན་འདུག

ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ཀྱིས་དཔར་ཤིང་ལས་གཞན་པའི་བཀའ་འགྱུར་ཞིག་ཀྱང་བཞེངས་ཡོད་དེ། སྤྱི་༡༨༡༡ ལོའི་ས་ག་ཟླ་བ་ནས་མགོ་བརྩམས་ཡི་གེ་འབྲི་མཁན་བདུན་ཅུ་རྩ་ལྔ་དང་། ཞུས་དག་པ་བཅུ། གསེར་འདུལ་བ་དང་། གཉེར་ཇ་མ་སོགས་ཁྱོན་མི་བརྒྱ་ཕྲག་བརྒལ་བ་རྩ་འཛུགས་བྱས་ཏེ་ཟླ་ངོ་བཞི་དང་ཞག་མ་བརྒྱད་ཀྱིས་རིང་འབད་དེ་མཐིང་ཤོག་ལ་གསེར་སྦྱངས་ཀྱིས་བྲིས་པའི་བཀའ་འགྱུར་ཞིག་ཀྱང་བཞེངས་སྐྲུན་མཛད་མྱོང་ལ། བཀའ་འགྱུར་དེའི་ལྷག་འཕྲོའི་པོ་ཏི་རེ་འགའ་དང་། ཤོག་འཛར་སོགས་ལོ་ངོ་ཉི་ཤུའི་ཡར་སྔོན་གུས་པ་བདག་ཕ་ཡུལ་དུ་ཡོད་སྐབས་ཀྱང་ཧེད་པོ་ཁྱུང་མགོན་རི་སྐེད་ཀྱི་སྒྲུབ་ཁང་སོགས་ན་མཐོང་རྒྱུ་འདུག གང་ལྟར་རྒྱུ་ལ་རྒྱུ་ནོམ་གྱི་འདུ་ཤེས་ཞན་པས་དེང་སྐབས་ཕལ་ཆེར་མཐོང་ཡུལ་དུ་མེད་སྙམ།

unnamed-8

མདོར་ན་གོང་དུ་བཤད་པའི་རྭ་རྒྱ་བཀའ་འགྱུར་དཔར་ཤིང་དེ་གསར་བཞེངས་བྱས་ནས་མདོ་ཁམས་དང་། སོག་ཡུལ་བཅས་སུ་དཔར་ཤིང་དེའི་དཔེ་རྒྱུན་མང་པོ་ཞིག་འགྲེམས་སྤེལ་བྱས་ཡོད་ངེས་ལ། མདོ་སྨད་ཆོས་འབྱུང་དུའང་དགོན་པ་རེ་འགའ་དང་སྡེ་ཚོ་ཆེན་པོ་འགས་རྭ་རྒྱ་ནས་བཀའ་འགྱུར་བླུས་ཚུལ་གསལ་ཡོད། འོན་ཀྱང་། སྤྱི་ལོ་༡༩༥༨ ལོར་སྨད་ཕྱོགས་ནས་འོང་བའི་རྒྱའི་ལས་བྱེད་པ་མཚོ་སྔོན་ཞིང་ཆེན་གྱི་ཅུའུ་རིམ་པའི་གོ་གནས་ཡོད་པ་ཆོ་པུའུ་ཀྲང་ཞེས་པ་དང་། སྒོ་མེ་ཕྱོགས་ནས་འོང་བའི་ཚེ་རིང་འབུམ་སྔོ་ཐོ་ཞེས་པ་དང་། ཁ་པོ་ཆ་ཞར་ཞེས་པ་གསུམ་གྱིས་སྣེ་ཁྲིད་ཅིང་། ས་གནས་ཀྱི་སྔོན་ཐོན་པ་རེ་འགས་རྗེས་བསྐྱངས་ཏེ་བཀའ་འགྱུར་དཔར་ཁང་ངོ་མཚར་དགེ་ལེགས་རྒྱ་མཚོ་གཡས་སུ་འཁྱིལ་བའི་ཕོ་བྲང་གི་ནང་རྟེན་གྱི་ཁྲོད་ནས་ཤོག་བུ་དང་རས་ཆར་གཏོགས་པ་རྣམས་མེར་བསྲེགས་པ་དང་། གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེར་གཏོགས་པ་རྣམས་གཞུང་བཞེས་ཞེས་བཙན་འཕྲོགས་བྱས་པ་དང་། དམིགས་བསལ་བརྙས་ཐབས་ཀྱི་རྣམ་པས་པར་ཤིང་རྣམས་སྤྱི་ཁང་དུ་ཁྱེར་ཏེ་ཇ་བསྐོལ་བྱེད་དུ་བཀོལ་བ་དང་། པར་ཤིང་གིས་བསྐོལ་བའི་ཇ་དད་ལྡན་མང་ཚོགས་ལ་བཙན་ཐབས་ཀྱིས་བླུད་པ་སོགས་བརྗོད་ལས་འདས་པའི་ཁྱད་གསོད་མཐོང་ཆུང་། དྲག་རྩུབ་རྡུང་རྡེག་གི་ཀླ་ཀློའི་གདོལ་སྤྱོད་རྗེན་པར་མངོན་ནས་རིག་གནས་ཀྱི་འཛུགས་སྐྲུན་ཆེན་པོ་དེ་རྨེག་མེད་དུ་བཏང་ཞིང་། པར་ཁང་ཆེན་མོ་ཡང་ཐལ་བར་བརླགས་ཤུལ་དུ་ཚལ་ཞིང་འདེབས་སར་སྤྱད།

སྤྱིར་སྤྱི་ལོ་༡༩༥༨ དང་རྗེས་ཀྱི་རིག་གནས་གསར་བརྗེ་བཅས་ཀྱི་སྐབས་སུ་བོད་ཀྱི་དགོན་པ་སྤྱི་ལ་རྨེག་མེད་རང་བཞིན་གྱི་གནོད་འཚེ་ཐེབས་ཡོད་ལ། མདོ་སྨད་ལ་མཚོན་ན་ཨ་རིག་རྭ་རྒྱ་དགོན་པར་གཞན་དུ་མཐོང་དཀའ་བའི་རྩ་བརླགས་དང་ཤུལ་མེད་ཀྱི་གནོད་པ་ཐེབས་ཡོད། དཔེར་ན། སྐུ་འབུམ་བྱམས་པ་དང་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུར་སྔར་གྱི་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་མཆོད་ཁང་མང་པོ་ཞིག་སྲུང་སྐྱོབས་བྱ་ཐུབ་པ་བྱུང་ན་ཡང་། རྭ་རྒྱ་སླར་གསོ་བྱེད་པའི་སྐབས་སུ་ལྷ་ཁང་མཆོད་ཁང་དང་། གསུང་རབ་གླེགས་བམ་ཕར་ཟད། ཐང་སྐུ་ཞིག་བཤམས་རྒྱུ་ཡང་མེད་པའི་ཚོད་དུ་བསྐྱལ་ཡོད་ལ། འདི་ལྟ་བུའི་གཏོར་བརླགས་མི་བཟད་པ་བྱུང་བ་འདི་ལ་ཡང་གོང་གསལ་དཔར་ཤིང་མེ་ཤིང་དུ་སྤྱོད་པའི་མི་དེ་གསུམ་དང་འབྲེལ་བའི་དམིགས་བསལ་གྱི་རྒྱུ་རྐྱེན་རེ་འགའ་བགྲང་རྒྱུ་འདུག་མོད་གནས་སྐབས་ཅམ་འཇོག་བྱས་པ་ཡིན།

 

རྭ་རྒྱའི་བཀའ་འགྱུར་གྱི་པར་གཞི་གསར་རྙེད་བྱུང་བའི་སྐོར།

སྤྱིར་བཏང་སྔ་ཕྱིར་བོད་དང་། རྒྱ་ནག མན་ཇུ། སོག་པོ་བཅས་ཀྱི་ལོ་རྒྱུས་ཐོག་བཀའ་འགྱུར་པར་མ་བཅུ་གཉིས་ཙམ་ལས་བྱུང་མ་མྱོང་ལ། རེ་འགའ་དེང་སང་དཔེ་རྒྱུན་ཆད་དེ་མཐོང་ཡུལ་དུ་མེད། རྭ་རྒྱའི་བཀའ་འགྱུར་ཀྱང་དཔེ་རྒྱུན་གཏན་ཆད་དུ་འགྱུར་བའི་ཉེན་ཁར་ལྷུང་ན་ཡང་མཐར་ལག་སོན་བྱུང་བ་ནི་ནང་པའི་གསུང་རབ་དཔར་སྐྲུན་ཞིབ་བསྡུར་དང་། རིག་གནས་ཞིབ་འཇུག་གི་ཆ་ནས་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པ་མ་ཟད། གནའ་དངོས་སྲུང་སྐྱོབ་སོགས་ལོ་རྒྱུས་ཀྱི་ཆ་ནས་ཀྱང་གཟི་བརྗིད་ལྡན་པ་ཞིག་ཡིན་ཏེ། ད་ལྟའི་མཚོ་སྔོན་ཞིང་ཆེན་ཧྲིལ་བོའི་ལོ་རྒྱུས་ཐོག་ཨ་རིག་རྭ་རྒྱའི་བཀའ་འགྱུར་པར་མ་ལས་བྱུང་མ་མྱོང་བ་ཡིན།

unnamed-10

གོང་དུ་བཤད་པ་ལྟར་རྭ་རྒྱའི་བཀའ་འགྱུར་ཆེན་མོ་གཙོས་པའི་གསུང་རབ་གླེགས་བམ་མང་པོའི་དཔར་ཤིང་ཐམས་ཅད་ཇ་སྐོལ་བྱེད་དུ་བཀོལ་ནས་མེད་པར་བཟོས་ཤིང་། གཙུག་ལག་ཁང་དང་གྲྭ་ཤག་རེ་རེ་བཞིན་གྱི་སྐུ་གསུང་རྟེན་མཐའ་དག་པ་རྩ་མེད་གཙང་དག་བཟོས་ཟིན་པས། བརྒྱད་ཅུ་ཐམ་པ་ལོར་རྭ་རྒྱ་དགོན་པ་སླར་གསོའི་དབུ་ཚུགས་དུས་མགོ་ལོག་དང་རྔ་བ། རེབ་ཀོང་། སྐུ་འབུམ། བླ་བྲང་སོགས་སུ་སོང་ནས་ཐང་སྐུ་རེ་དང་། གསུང་རབ་གླེགས་བམ་རེ། དཔར་ཤིང་རེ་ལྟ་བུའི་རྟེན་སྐལ་བསླངས་ཏེ་དབུ་ཚུགས་ཤིང་། དགོན་པ་རང་གི་ཤུལ་ལུས་རྟེན་སྣ་ནི་ཕལ་ཆེར་སྣ་གཅིག་ཙམ་ཡང་ལྷག་མེད་དུ་གྱུར།
ཨ་རིག་དགེ་བཤེས་ཆེན་མོའི་བཅའ་ཡིག་དང་། ཤིང་བཟའ་པཎྜི་ཏའི་དྲང་ངེས་དང་། དགེ་བཤེས་ཆེན་མོའི་ལམ་རིམ་ཟིན་བྲིས། བཀའ་འགྱུར་དཀར་ཆག ཤིང་བཟའ་པཎྜི་ཏ་སྐུ་ཕྲེང་དང་། རྗེ་གསེར་ཁང་པའི་རྣམ་ཐར་སོགས་ད་ལྟ་མཐོང་དུ་ཡོད་པའི་རྭ་རྒྱ་དགོན་པའི་ཡིག་ཚགས་འདི་དག་ཀྱང་དགོན་སྡེ་གཞན་ནས་དུས་ཕྱིས་སུ་རག་པ་ཤ་སྟག་ལས་དགོན་སྡེ་རང་ནས་སྲུང་སྐྱོབས་ཐུབ་པ་ཆོག་སྒྲིག་ཐར་ཐོར་དང་། ཁ་འདོན་དཔེ་ཆ་འགའ་ལྟ་བུ་རེ་གཉིས་ལས་ལོ་ངོ་ཉིས་བརྒྱ་ལྷག་གི་ཆོས་སྲིད་རིག་གནས་ཀྱི་ཤུལ་བཞག་ཡོད་དོ་ཅོག་ལ་རྗེས་ཤུལ་ཙམ་གྱི་རྣམ་པའང་མེད་པར་བྱས་ཡོད།

རྭ་རྒྱའི་བཀའ་འགྱུར་དཀར་ཆག་དེ་ཡང་རྒྱུ་རྐྱེན་ཅི་ཡིན་མ་འཚལ་བར་པཎ་ཆེན་སྐུ་ཕྲེང་བདུན་པའི་གསུང་འབུམ་དུ་འཁོད་ཐུབ་མེད་ལ། གཞིས་སུའང་དེའི་དཔེ་རྒྱུན་གང་དུ་ཡོད་ཕྱོགས་ཙམ་ཡང་མི་ནོན་པར་གྱུར་ཡོད་མོད། བྱེས་བཞུགས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་ཞིག་ཏུ་ཡོད་པ་ལག་སོན་བྱུང་ནས་ངོ་སྤྲོད་ཀྱི་དཔྱད་བརྗོད་དང་ལྷན་དུ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་རྒྱུན་སྤེལ་བས་དེང་སྐབས་ཕྱི་ནང་གང་སར་མཐོང་རྒྱུ་ཡོད་ལ། རྭ་རྒྱའི་བཀའ་འགྱུར་པར་མ་ཞེས་པའི་མིང་གི་ལྷག་མ་ཙམ་ལུས་པ་ཡང་ཁོང་གི་བཀའ་དྲིན་ཡིན།

unnamed-9

གང་ལྟར་རྭ་རྒྱ་དགོན་པའི་ཆོས་སྒོ་ཕྱེས་པའི་རྗེས་སུ་ཐོག་དང་པོ་ནས་བཀའ་འགྱུར་གྱི་པར་གཞི་ཞིག་འཇིག་རྟེན་འདིར་ལྷག་ལུས་བྱུང་ཡོད་མེད་སྐོར་ལ་བསམ་ཡོད་ཚང་མས་འདྲི་རྩད་བྱས་ཤིང་། སོག་པོ་ཝང་དཔོན་ཚང་གིས་རྭ་རྒྱ་ནས་བླུས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་ལ་བཞག་པ་ཞིག་བླ་བྲང་འདུ་ཁང་ཆེན་མོས་མེ་དགྲ་མ་བཞེས་ཡར་སྔོན་དུ་ཡོད་སྐད་ལ། ཕྱིས་སུ་དེ་ཡང་རེ་བ་མེད་པར་གྱུར་པས་གཞིས་བྱེས་གཉིས་ནས་སོག་པོ་ཕྱི་ནང་སོགས་ལ་རྩད་གཅོད་བྱས་ཤིང་། གུས་པ་བདག་ལྟ་བུས་ཀྱང་ལན་གྲངས་མང་པོའི་རིང་སོག་ཡུལ་དུ་འགྲོ་མཁན་བྱུང་ངོ་ཅོག་ལ་འདྲི་རྩད་བྱེད་དགོས་པའི་རེ་བ་འདོན་མྱོང་མོད་གྲུབ་འབྲས་ཅི་ཡང་མ་ཐོན་པས། ད་ནི་ཕལ་ཆེར་རྭ་རྒྱའི་བཀའ་འགྱུར་པར་ཤིང་གི་འཕྲིན་ལས་མཇུག་བསྡུས་ཟིན་པའི་ཚོད་རྩིས་བརྒྱབ་སྟེ་བསྡད་ཡོད་པའི་སྐབས། སྤྱི་ལོ་༢༠༡༣ ལོའི་ཟླ་༩ ཚེས་༢༢ ཉིན་སློབ་དཔོན་ཆེན་པོ་འཇིགས་མེད་རྒྱལ་མཚན་མཆོག་མཚོ་སྔོན་དཔའ་ལུང་ས་ཆར་རྩད་གཅོད་དུ་ཕེབས་ཏེ་འཁྱག་ཆུ་དགོན་ཞེས་པར་རྭ་རྒྱའི་བཀའ་འགྱུར་དཔར་ཤིང་གི་པར་མ་བཞུགས་པ་གསར་རྙེད་བྱུང་ཡོད།

དེ་ཡང་ཉིན་མོ་དེར་སློབ་དཔོན་ཁོང་གི་འཕྲིན་སྟེགས་སུ། “…………….དེ་རིང་ནི་ནམ་མཁའ་སྤྲིན་དཀར་གྱི་དར་ཐག་འཐེན་ཞིང་ས་གཞི་ལ་དགེ་མཚན་གྱི་འཇའ་ཚོན་བཀྲ་བའི་ཉི་མ་ཞིག་ལ་གྱུར་སོང་། དེ་གང་ཡིན་ཞེ་ན། ཨ་རིག་རྭ་རྒྱ་དགོན་པའི་བཀའ་འགྱུར་མཚལ་པར་མ་ཞེས་པའི་གནས་ཚུལ་ཞིག་ཞུ་རྒྱུ་ཡིན། རིག་གསར་གྱི་དུས་ཟིང་ངན་པའི་རླུང་ནག་ཁྲོད་དུ་རྭ་རྒྱ་དགོན་ནང་དུ་བཞུགས་པའི་བཀའ་འགྱུར་གྱི་པར་ཤིང་གླེགས་བམ་དང་བཅས་པར་མེ་རུ་བསྒྲོན་པར་མ་ཟད། དགོན་པ་སོགས་ས་གནས་གཞན་དག་ཏུ་བཞུགས་པའི་རྭ་རྒྱའི་བཀའ་འགྱུར་རྣམས་ཀྱང་ཤུལ་མེད་མིང་རྐྱང་དུ་གྱུར་ཏེ་རྒྱལ་ཕྱི་ནང་ཀུན་ཏུ་པན་ཆེན་སྣང་མཐའི་མགོན་པོ་སྐུ་ཕྲེང་བདུན་པས་མཛད་པའི་རྭ་རྒྱའི་བཀའ་འགྱུར་གྱི་དཀར་ཆག་ཙམ་ལས་གཞན་རྭ་རྒྱའི་བཀའ་འགྱུར་གྱི་ཤོག་ཤར་ཙམ་ཡང་མཇལ་ཐུབ་ཀྱིན་མེད། འདས་པའི་ལོ་ངོ་བཅུ་ཕྲག་ལྷག་ལ་རང་ཉིད་ཀྱིས་བླ་མའི་གསུང་ལ་གཞི་བཅོལ་ནས་འཚོལ་ཞིབ་ཡང་ཡང་བྱས་མོད་རེ་བའི་འབྲས་བུ་སྨིན་པའི་སྐལ་བ་མ་བྱུང་།

དེ་རིང་སྐོམ་པ་ཆུ་ལ་རེ་བ་ལྟར་རྩད་བྱེད་ཀྱི་གྲོགས་པོ་དང་ལྷན་དུ་དགོན་པ་ཆུང་ངུ་ཞིག་ལ་འབྱོར་སྐབས་དངོས་གནས་རྭ་རྒྱའི་བཀའ་འགྱུར་རྙེད་སོང་། དངོས་གནས་རེད་འདུག དགའ་བ་འབུམ་གྱིས་ཁེངས་སོང་། ཤི་གསོན་འཕྲད་པ་བཞིན་ཡང་ནས་ཡང་དུ་མཇལ་བར་འདོད། ཡང་ནས་ཡང་དུ་མཇལ། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ།”ཞེས་བྲིས་ཡོད་ལ། སློབ་དཔོན་ཁོང་གི་འཕྲིན་སྟེགས་སུ་གསལ་བའི་དགོན་པ་དེ་ནི་མཚོ་སྔོན་དཔའ་ལུང་ས་ཆའི་འཁྱག་ཆུ་དགོན་པ་ཞེས་པ་དེ་ཡིན་འདུག་ལ། ཁོང་གི་འཕྲིན་སྟེགས་སུ་དགོན་པའི་མཚན་མ་གསལ་བ་ལ་ཡང་རྒྱུ་རྐྱེན་གཞན་དག་ཡོད་པ་ཡིན་གྱི་ཁོང་གིས་བཀོད་འདོད་མ་གནང་བ་ནི་གཏན་ནས་རེད་མི་འདུག་གོ། །

སྤྱི་ལོ་༢༠༡༣ ལོའི་ཟླ་༩ བའི་ཚེས་༢༢ ཉིན་རྭ་རྒྱའི་བཀའ་འགྱུར་པར་ཤིང་གི་དཔེ་རྒྱུན་ཞིག་ད་དུང་ཡང་འཇིག་རྟེན་འདིར་བསོད་ནམས་ཀྱི་རྟེན་དུ་བཞུགས་པ་གསལ་རྟོགས་བྱུང་རྗེས་ཀྱང་། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་པར་འདེབས་དང་དྲིལ་བསྒྲགས་སོགས་ཅི་ཡང་བྱེད་སྐལ་མ་བྱུང་བར་ལུས་ལ། སྔ་ཕྱིའི་རྒྱུ་རྐྱེན་གོ་རིམ་མང་པོ་ཞིག་བརྒྱུད་མཐར་སྤྱི་ལོ་༢༠༡༤ ལོའི་ཟླ་༡༢ པའི་ཚེས་༢༥ ཉིན་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དབུ་ཁྲིད་པའི་རྭ་རྒྱའི་པར་འདེབས་ཚོགས་པ་འཁྱག་ཆུ་དགོན་ཏེ་དགོན་དུ་སོང་སྟེ། ཤོག་ལྡེབ་རེ་རེ་བཞིན་བརྙན་པར་དུ་འབེབས་བཞིན་ཡོད་པ་དང་། མ་འོངས་པར་རིམ་གྱིས་པར་སྐྲུན་གནང་སྟེ་རྒྱབ་ཁྱབ་ངང་འགྲེམས་སྤེལ་གྱིས་འཆར་འགོད་གནང་བཞིན་པ་རེད་འདུག རྭ་རྒྱའི་བཀའ་འགྱུར་གྱི་པར་གཞི་ཞིག་གནས་དེར་ཇི་ལྟར་བྱོན་པ་དང་། རིག་གསར་སྐབས་ཇི་ལྟར་སྦས་སྐུང་དང་བདག་དམ་བྱས་པ་སོགས་ལ་ཡང་བཤད་རྒྱུན་མང་རབ་ཅིག་ཡོད་ཚོད་འདུག་སྟེ། གནས་སྐབས་རིང་ཞིབ་ཚགས་ཀྱིས་འདྲི་རྩད་བྱེད་ས་མ་རྙེད་དོ། །

ཟུར་ཞུ། བཀའ་འགྱུར་པར་ཤིང་འདི་བཞེངས་སྐྲུན་སྐབས་ཀྱི་པར་དཔོན་སྤྱི་ཁྱབ་པ་སྔགས་རམས་པ་བློ་བཟང་དོན་གྲུབ་ཅེས་པ་དང་། ཞུས་ཆེན་པ་སེར་བྱེས་བཀའ་བཅུ་བྱམས་པ་དཔལ་འབྱོར། ཞུས་ཆེན་རོགས་འདེགས་པ་དགེ་སློང་མཁས་བཙུན་སེང་གེ་བ། ཞུས་ཆུང་བ་མདོ་སྔགས་རིག་གནས་ལ་མཁས་ངེས་པ་བཅུ་ལྷག་ཅེས་པ་ལས་རེ་རེ་བཞིན་གྱི་ངོ་སྤྲོད་ཙམ་ཡང་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ལ། སེར་བྱེས་བཀའ་བཅུ་བྱམས་པ་དཔལ་འབྱོར་ནི། རྗེ་ཤིང་བཟའ་པཎྜི་ཏས་དབུས་ནས་རྒྱུད་གྲྭ་འཛུགས་སྐབས་དང་། མདོ་སྨད་དུ་ཕེབས་ལམ་བཅས་སུ་ཁོང་དང་ལྷན་དུ་ཡོད་པ་རྣམ་ཐར་དུ་གསལ་ཞིང་། པཎྜི་ཏའི་དངོས་སློབ་ཆེན་པོ་རྣམས་བརྩི་བའི་སྐབས་སུ་བཀའ་བཅུ་བྱམས་པ་དཔལ་འབྱོར་གྱི་མཚན་མ་ཐོན་པར་གཞིགས་ན་ཁོང་གི་སློབ་མ་མིན་པར་སྙམ་པ་ཙམ་མོ། །

༢༠༡༥། ༡། ༥་ཉིན།

གསལ་བསྒྲགས།

Post navigation

Previous Post: རྒྱལ་ཁམས་དང་གྱེས་པའི་གདུང་གླུ།
Next Post: བོད་རྒྱ་ཞི་མོལ་ལྷན་ཚོགས་ཐེངས་༢༧ པ་དབུ་འཛུགས་གནང་བ།

Comments (10) on “ཨ་རིག་རྭ་རྒྱའི་བཀའ་འགྱུར་པར་མ་གསར་རྙེད་བྱུང་བ།”

  1. ཀླུ་སྨྱོན། says:
    2015-01-05 at 1:57 pm

    རྭ་རྒྱའི་བཀའ་འགྱུར་མི་ཤེས་ཏེ། རྭ་རྒྱའི་ཀོ་ལྷམ་མཐུག་ལྡང་མ་ཚོས་ངེད་ཀྱི་དགོན་པའི་ཆོས་གྲྭའི་མཐིལ་གྱི་རྡོ་ལེབ་སྐོར་ཞིག་ལ་ཐུབ་ཚོད་བཏང་བ་དེ་ད་དུང་དྲན་གི དེ་ནི་ཡོངས་འཛིན་རྡོ་རྗེ་འཆང་ཚང་གིས་དུས་དབང་བསྐུར་ཚར་རྗེས་དེ་མ་ཐག་པ་ཞིག་ཡིན།

  2. གནམ says:
    2015-01-05 at 2:11 pm

    གཏམ་བཟང་པོ་རེད། ངོ་མཚར་ཆེ།
    58་སྐབས་ཀྱི་ཤི་རྨོས་དང་ཆག་འཇིག་གི་ཟུར་ཙམ་གོ་ན་ཡང་། སེམས་ཀྱིས་བཟོད་པ་མི་འདུག། དགྲ་བོ་དགྱ་དམར་ཚང་གིས་ང་ཚོའི་ཡབ་མེས་རྣམས་ལ་ཅི་འདྲའི་སྡུག་བསྔལ་ཞིག་ས་སོ་སོ་ནས་མགོ་ཐོག་ཏུ་བསྐུལ་བ་རེད་མི་འདུག་གམ། དགྱ་སྤང་སྣ་ནག་དེ་ཚོར་མི་རབས་ནས་མི་རབས། ཚེ་རབས་ནས་ཚེ་རབས་ལ་ཉེས་ཆད་འབབ་ཀི་ཡ། ཨ་ཤི་རེ་ཁེར་རོ།
    ས་སོ་སོ་ནས་༥༨ཡར་མར་གྱི་ཆག་འཇིག་དང་ཤི་རྨོས་སོགས་ཀྱི་གོ་ཆག་དཔེ་བརྙན་རིས་གསུམ་ལ་འདེབས་ཐུབ་ན། དེ་ལས་དགེ་མཚན་ཆེ་པ་དང་། ལོ་རྒྱུས་ལྡན་པའི་རང་བཞིན་ཞིག་མི་རབས་ཕྱི་མ་ལ་འཇོག་རྒྱུ་མ་ཡོད་དོ། ཤུགས་བརྒྱབས་ཤོག་དང་། ཡག་སྡུག་གཉིས་ཀ་བྲིས་ཤོག་དང་། ཨ་མའི་བུ་བུ་མོ་ཚོ།

  3. ཡེ་ཤེས་དཔལ། says:
    2015-01-05 at 2:21 pm

    དང་ཐོག་དུས་ད་བར་བདག་ཉར་གནང་མཁན་དེར་ཐུགས་རྗེ་ལེགས་འབུལ་དང་བཀའ་དྲིན་ཞུས་་་་་་་་་་་་་

  4. ཆུ་ཐིགས་སྔོན་མོ says:
    2015-01-05 at 2:30 pm

    ཡུན་རིང་མ་མཇལ་བས་དྲ་གྲོགས་བློ་དབང་ལགས་སུ་འཚམས་འདྲི་ཞུ། དེ་སྔོན་ཪྭ་རྒྱའི་བཀའ་འགྱུར་ཞེས་པ་ཞིག་གོ་ཐོས་ཙམ་བྱུང་མྱོང་་་ཪྭ་རྒྱའི་ཀོ་ལྷམ་དག་གི་མཐིལ་ད་དུང་མིག་ལ་ཤར་གི་འདུག་་་ཧཧཧ

  5. བསྟན་ཟླ། says:
    2015-01-05 at 3:50 pm

    དགའ་བའི་གཏམ་བཟང་ཞིག་རེད་།

  6. དྲི་མེད་ལྷག་བསམ། says:
    2015-01-05 at 10:33 pm

    གནས་ཚུལ་སྙམ་གོ་བས་སྤྲོ་བ་འཕེལ། །ཨ་རིག་རྭ་རྒྱ་དགོན་པའི་གྲྭ་བ་དང་ལྷ་སྡེ་ནི་སྙིང་སྟོབས་ཆེ་བ། ལ་རྒྱ་ཡོད་པ། སྦྱང་ན་བློ་རིག་མྱུར། འཐབ་ན་དཔའ་རྩལ་རྒོད་པ་ཞིག་ཡིན་པར་གྲགས། སྔོན་ཆད་རྒྱ་དང་། སོག་པོ། ཁ་ཆེ་སོགས་ལ་ལན་མང་དམག་འཁྲུགས་བྱས་པའི་ལོ་རྒྱུས་གེ་སར་གྱི་སྒྲུང་ལ་འགྲན་པ་ཡོད། འཆད་ཉན་གྱི་སྡེ་བཙུག ཆོས་རིག་གི་པར་བསྐྲུན། མཁས་མཛང་གི་ཕཎ་ཆེན་བྱོན། གྲུབ་བརྙེས་ཀྱི་རྣལ་འབྱོར་བྱུང་། བོད་སོག་གི་སློབ་གཉེར་གྱི་ཆོས་གཞི་གལ་ཆེན་ཞིག་ཡིན་པར་སུས་ཀྱང་སྙོན་དུ་མེད། ༥༨་ལོར་བསྟན་པ་མི་རིགས་ཀྱི་ཆེད་དུ་སེར་སྐྱ་མང་པོས་སྐུ་སྲོག་བློས་བཏང་། ད་ལྟའི་ཆར་འཇིགས་མེད་སློབ་གྲྭ་སོགས་ཀྱིས་མི་རིགས་དང་ཆོས་ལུགས་ལ་ཕན་པ་རྒྱ་ཆེར་བསྒྲུབས། དེར་མ་ཟད་དགོན་པ་འདི་དགེ་ལྡན་གཙོ་བོར་གྱུར་པས་ཆོས་ལུགས་རིས་མེད་ལ་འཆད་ཉན་སྒོམ་སྒྲུབ་གནང་མཁན་ཡིན་པའི་ལོ་རྒྱུས་ཡོངས་སུ་གྲགས། ངཽ་མཚར་ཆེ།

  7. དྲི་མེད་ལྷག་བསམ། says:
    2015-01-05 at 10:34 pm

    བཅོས། གནས་ཚུལ་སྙན་པོ་གོ་བས་སྤྲོ་བ་འཕེལ།

  8. ཇུས་ཏོག says:
    2015-01-06 at 6:28 am

    གཏམ་བཟང་སྤེལ་ན་དོན་བཟང་འགྲུབ་།
    ར་རྒྱའི་བཀའ་འགྱུར་འཐོན་པ་ན་།
    དར་ཐང་ཇི་བཞིན་མི་མང་གནང་ན་དགའ་།
    སངས་རྒྱས་བསྟན་པའི་རྗེས་འཇུག་ཚོ།
    གཏམ་ཡག་འདའ་།
    ཨ་བོ་ཁ་བྲོ་།
    ཚེ་རིང་ངོ་མའི་ལོ་བརྒྱ་ཐུབ་།

  9. རང་ཤར་རིག་གྲོལ་རྩལ says:
    2015-01-06 at 5:38 pm

    རྭ་རྒྱ་དགོན་པར་གྲྭ་སྲི་ཞིག་ལངས་པས་གྲྭ་བ་མང་བོ་ཞིག་གྲོངས་སྐད་ཐོས། མཐར་བོན་པོའི་སྔགས་འཆང་ཞིག་གིས་གྲྭ་སྲི་དེ་ཚར་བཅད་པའི་སྒྲུང་ཞིག་ཐོས་མྱོང་། བདེན་པ་ཡིན་མིན་ནི་མི་ཤེས། རྭ་རྒྱའི་ལོ་རྒྱུས་སུ་དེ་འདྲ་ཡོད་དམ། ཤེས་མཁན་ཡོད་ན་གསུངས་རོགས་ཞུ།།

  10. དྲི་མེད་ལྷག་བསམ། says:
    2015-01-07 at 6:01 am

    ༄། བཀའ་འགྱུར་ཐོག་མར་བསྒྲིགས་པ་ཐེམ་སྤང་མ་ཞེས་གྲགས་པ་པ་བོད་གཞུང་གིས་སོག་པོ་ལ་རྟེན་སྐལ་སྐལ་དུ་སྤྲད། ད་ལྟ་ཕྱི་སོག་ན་ཡོད། པལ་ཆེར་པོད་དྲུག་ཅུ་རྩ་གྲངས་ཤིག་མེད་དམ་སྙམ་མཇལ་མྱོང་། པར་མ་ཐོག་མ་སྣར་ཐང་དགོན་པའི་བཀའ་འགྱུར།ད་ལྟ་ཤིང་ལེབ་རེ་གཉིས་སུ་གྱུར་མཇལ། ཚལ་བ་བཀའ་འགྱུར་དང་། ཞ་ལུ་བཀའ་འགྱུར། འཕྱོངས་རྒྱས་ཕྱིང་དབར་སྟག་རྩེའི་བཀའ་འགྱུར་ལྗགས་ཞུས་མ་མཇལ་མ་མྱོང་། ཡུང་ལོའི་བཀའ་འགྱུར་རེ་གཉིས་མཇལ། ཏཱ་མིང་དབན་ལིའི་བཀའ་འགྱུར་འབུམ་པོད་མཇལ། ལི་ཐང་བཀའ་འགྱུར་མཚལ་དཔར་མ་མ་མཇལ། སྣར་ཐང་དཔར་མའི་བཀའ་འགྱུར་མཇལ། སྡེ་དགེ་དཔར་མའི་བཀའ་འགྱུརམཇལ། པེ་ཅིན་དམར་མའི་བཀའ་འགྱུར་མ་མཇལ། ཇོ་ནེ་དཔར་མའི་བཀའ་འགྱུར་རེ་གཉིས་མཇལ། སོག་ཡུལ་ཁུ་རེ་ཆེན་མོའི་བཀའ་འགྱུར་མ་མཇལ། ར་རྒྱ་དཔར་མའི་བཀའ་འགྱུར་བརྒྱད་སྟོང་པ་མཇལ། ལྷ་ས་ཞོལ་དམར་མའི་བཀའ་འགྱུར་མཇལ། ཆབ་མདོ་དཔར་མའི་བཀའ་འགྱུར་མ་མཇལ། འཇང་བཀའ་འགྱུར་མ་མཇལ། འདི་དག་གི་ནང་ནས་རང་གིས་གང་མཇལ་བར་དཔྱད་ན་ཡི་གེ་ཡག་ཤོས་ཞོལ་བཀའ་འགྱུར་རེད། དཔེ་དག་ཤོས་སྡེ་དགེ་བཀའ་འགྱུར་ཡོངས་སུ་གྲགས་སོ། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme