Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྲིད་འཛིན་གྱི་བསྟོད་བསྔགས་རྒྱང་རིང་བོང་བུའི་མགྲིན་བཟང་།

Posted on 2017-02-122017-02-12 By ཁ་བརྡ་ 4 Comments on ཨ་རིའི་སྲིད་འཛིན་གྱི་བསྟོད་བསྔགས་རྒྱང་རིང་བོང་བུའི་མགྲིན་བཟང་།

འདབ་པ་ཚེ་དབང་མགོན་པོ།

 
ཀྱེ། ལས་ཀྱིས་བཀོད་པའི་ཨ་རིའི་ཞིང་མཆོག་ན།།
ཁྲོ་ལྡན་བདམས་ཐོན་སྲིད་འཛིན་ཌོར་ནག་ཊྲོམ།།
སྐྲ་ལོ་འཕྱང་འཕྱང་ཁམ་སེར་གཉིས་འདྲེས་པ།།
འདྲེན་བྱེད་བཟོ་དབྱིབས་སྤྱང་ཀི་ཙཀྵུ་ལྟར།།

ལུས་ཀྱི་བོངས་ཚད་གླང་ཆེན་གཟུགས་བཞིན་དེ།།
སྲིད་ཀྱི་ཁྲི་སྟེང་བཞུགས་དུས་མངོན་པར་འཕགས།།
གོམ་པའི་འདེགས་འཇོག་དྲེད་མོང་འགྲོས་དང་མཚུངས།།
དལ་ལྷོད་སྡིངས་ཆར་ལངས་ན་བརྗིད་ཉམས་ཅན།།

ཞལ་ནས་བྱུང་བའི་འབེལ་མཆིད་ཚིག་གཅིག་གིས།།
གོ་ལ་ཟླུམ་པོར་གཡོ་འགུལ་ལེན་གསུམ་བྱས།།
སྲིད་ཀྱི་ཁྲི་སྟེང་སླེབས་པའི་ཉིན་གསུམ་སྐབས།།
ཁ་ཆེ་ཡེ་མིན་དྲག་སྤྱོད་ཆམ་ལ་ཕབ།།

རྒྱ་ནག་སྐམ་ས་ཐེ་ཝན་གཞུང་འཛིན་གཉིས།།
རྒྱལ་ཁབ་གཅིག་ལ་ངོས་འཛིན་ཐ་དད་འོག །
རེ་ཞིག་གཉུག་མའི་ཚུལ་དུ་ལྷག་པའི་སྐབས།།
ཁ་པར་ཐེངས་གཅིག་དགྲ་ངོར་ཡོངས་སུ་བསྒྱུར།།

སྲིད་འཛིན་ལས་འཁུར་བགྱིས་པའི་ཉིན་བདུན་ནང་།།
ས་རྟགས་གཉིས་གསུམ་ཙམ་ཞིག་བཀོད་མཛད་པས།།
ཨ་རིའི་རྒྱལ་ཁམས་མཐའ་དག་འུར་སྒྲས་བརྒྱངས།།
སྲིད་ཟུར་ཨ་བྷོམ་བཟའ་ཚང་གཉིད་སྟོང་ཕུད།།

ཡང་བསྐྱར་ས་རྟགས་འགའ་ཞིག་བསྐྱར་སྣོན་གྱིས།།
ཨ་ལ་ཞིང་ཁམས་ཆེན་པོ་བདུན་ཙམ་གྱི།།
ལས་ཀྱིས་བསྐོས་པའི་འགྱུར་མེད་ཞལ་སློབ་རྣམས།།
འགྲོ་འོང་མཚམས་ནག་དགུ་བཅད་ཆེན་པོར་མཛད།།

དེ་ཡི་ནུས་པས་ཨ་རིའི་གནམ་ཐང་འགར།།
ཁ་ཆེ་བཟའ་ཟླ་བུ་ཕྲུག་མཛའ་བཤེས་ཀུན།།
སེམས་ཀྱི་སྡུག་བསྔལ་མཐའ་དག་ཕྱིར་མངོན་ནས།།
ཉིན་མཚན་ཁྱད་མེད་ངུ་སྒོ་ཕྱོགས་བཞིར་འབྱེད།།

རྒྱལ་ཁབ་གཞན་ལ་ཕྱིར་འཇོག་མ་དངུལ་རྣམས།།
རང་གི་ཡུལ་ལ་ནང་འདྲེན་བྱ་བའི་ཕྱིར།།
སླར་ཡང་སེམས་ཐག་གཙང་མ་རྦད་བཅད་ནས།།
སྤྱན་གཉིས་བཙུམས་ཏེ་ས་རྟགས་གཡོ་ཐེངས་ཀྱིས།།

ཨ་རིའི་ཕྱུག་བདག་སྟོང་ཚོ་འགའ་ཞིག་གི །
སྙིང་རྡོག་ཁ་ནང་དབང་མེད་ཤར་ཤར་བཏོན།།
དེ་མིན་ཕྱུག་བདག་རྒྱ་ཕྲག་འགའ་ཞིག་གི །
ཡིད་ལ་མ་འབད་དགའ་བ་འབུམ་ཕྲག་སྤེལ།།

ཕ་བསད་བུ་ཡིས་ཞེན་འཁོན་འཛིན་པ་ལྟར།།
ཡུན་རིང་སྙིང་ལ་གནག་པའི་ཨ་རིའི་དགྲ །
ཨུ་སུའི་གཞུང་གི་སྲིད་འཛིན་ཕོ་ཏྲན་དང་།།
སྙིང་གཏམ་བཅོལ་སའི་སྲོག་གི་གྲོགས་སུ་བསུས།།

ཕ་མེས་ཡང་མེས་དུས་ནས་འགོ་བཟུང་སྟེ།།
འབྲལ་མེད་གྱུར་པའི་ཁྱིམ་མཚེས་མེད་སེ་ཁ།
ཆོས་དང་ཟང་ཟིང་འབྲེལ་བ་རབ་བཅད་དེ།།
ལྕགས་རི་ཐོག་བརྩེགས་ཆེན་པོ་དགུ་གཅོད་བརྩིགས།།

འཛམ་གླིང་གནས་ཚུལ་རབ་ཏུ་གསལ་འདེབས་པའི།།
ཚད་མར་གྱུར་པའི་གསར་འགྱུར་ཆེ་ཁག་རྣམས།།
ཁུངས་མེད་འཆལ་གཏམ་སྤེལ་བྱེད་འབའ་ཞིག་ལ།།
ནན་གྱིས་བརྩིས་ནས་ཐད་ཀར་དགྲ་ལ་བསླངས།།

དྲང་པོའི་དོན་རྣམས་དྲང་ཕྱོགས་བསྲུང་མཁན་ལ།།
ཁྲིམས་ཀྱི་རྩེ་མོར་འཁོད་པའི་ཁྲིམས་ཞིབ་པ།།
མངོན་པར་མི་གསལ་རྒྱལ་ཁབ་འཕུང་མཁན་ལ།།
སྙོན་འཛུགས་ཐེངས་གཅིག་ས་མཐར་གནས་དབྱུང་བཏང་།།

ཟླ་ངོ་མ་ཚང་དུས་ཚོད་ཐུང་ངུ་ན།།
སྲིད་འཛིན་ཉིད་ཀྱི་ཤེས་འཇོན་བྱིན་རླབས་འོག །
རྒྱལ་ཁབ་བདེ་སྲུང་སློབ་སྟོན་རྩ་དགོངས་སུ།།
མི་ཞུ་ཐབས་མེད་གདམས་པའི་དབང་ཆེན་བསྐོར།།

འོས་བསྡུ་ལས་རིམ་རྩོད་རར་འགྲིམ་པའི་སྐབས།།
རྒྱ་ནག་བརྒོལ་པའི་འབྲུག་སྐད་ཐལ་བ་འཕེན།།
ཉེ་འཆར་ཁ་པར་ཐད་ཀར་མདའ་ཐོགས་བཞིན།།
གཏང་བར་བསྙེངས་ནས་ཚོད་བགམ་འཕྲིན་ཅིག་བསྐུར།།

རང་གི་སྙིང་རྡོག་འཕར་བ་འཇམ་རྗེས་སུ།།
རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་ཕྱོགས་ཐད།།
མཇུག་དང་མ་རྔ་གཡོ་རྒྱུ་ཡིན་ཟེར་ཏེ།།
རྡོ་རྗེ་བྲག་བཞིན་འགྱུར་མེད་ཁས་འཆེ་བླངས།།

ད་ཆར་རྡ་སའི་གཞུང་དང་ཐེ་ཝན་གཉིས།།
ཆབ་སྲིད་མི་སྣས་འཛིན་པའི་ཕུགས་བསམ་ཏེ།།
ཁྱི་རྒན་རྒྱ་བོ་གཙང་བོའི་རབ་ཁ་ལ།།
ལང་བཞིན་ཚུལ་ལ་ཉིད་ཀྱིས་དེ་མར་བསྒྱུར།།

མཚན་སྙན་ལྡན་པའི་ཨ་རིའི་སྲིད་འཛིན་ཁྲིར།།
བདམས་ཐོན་ལམ་ལྷོང་བྱུང་བའི་སྲིད་འཛིན་མཆོག །
སྒོ་གསུམ་བྱ་སྤྱོད་ལ་ཁའི་དར་ཅོག་བཞིན།།
ནུབ་མོའི་དམ་བཅའ་སང་ཉིན་ཐོ་རངས་ཤོར།།

ཕྱིན་ཆད་དོན་ལ་རྒྱལ་ཁ་མ་ཐོབ་ཀྱང་།།
ཕོ་བྲང་དཀར་པོའི་ཕྱི་ནང་ཁོར་ཡུག་ཀུན།།
མཛེས་ལྡན་ལང་ཚོ་བཞད་པའི་ན་ཆུང་ཚོར།།
བྱི་ཕྲུག་མང་ཙམ་སྤེལ་བའི་རེ་སྐུལ་ཞུ།།

གནས་ཚུལ་འདི་དག་ཚིག་ངོར་བསྒྲིལ་པའི་དོན།།
སྲིད་འཛིན་ལས་འཁུར་བགྱིས་པའི་དུས་ཚོད་ནང་།།
མཛད་པ་འཕྲིན་ལས་གནམ་འོག་གཤོང་དཀའ་ཁག །
མདོར་བསྡུས་ཙམ་ཞིག་ཟིན་ཐོར་ཕབ་པ་དགེའོ། །

ཨ་རིའི་སྲིད་འཛིན་ཌོར་ནག་ཊྲོམ་ལ་བསྟོད་བསྔགས་རྩོམ་ཡིག་རྒྱང་རིང་བོང་བུའི་མགྲོན་བཟང་ཞེ་བྱ་བ་འདིས། ཆབ་སྲིད་པའི་མི་སྣ་རྣམས་ཀྱི་སེམས་ཁམས་དང་བྱ་སྤྱོད་ཡོངས་སུ་དམར་རྗེན་མ་ལ་མཚོན་གྱིན་ཡོད་པའི་ཕྱིར་ན། ཕྱིན་ཆད་བློ་གསར་པ་རྣམས་ཀྱིས། སྐྱ་སེར་ཕོ་མོ་ཁྱད་མེད་ཀྱིས་སྒོ་ནས་ཆབ་སྲིད་པ་ཞིག་ཡིན་ནས་བཟུང་། དེ་དག་ལ་ནམ་ཡང་ཡིད་ཆེས་དང་བློས་འཁེལ་མི་རུང་བ་དང་། ལྷག་པར་ཁོང་ཚོས་སྐད་ཆ་བཟང་ངན་གང་ཞིག་བཤད་ཀྱིན་ཡོད་ན་ཡང་དེ་ནི་བསླུ་བའི་ཆོས་ཅན་རང་བཞིན་ལས་མ་འདས་ཕྱིར། དེ་ལ་བརྟག་པ་ནན་ཏན་བགྱིད་དགོས་པའི་ཉེན་བརྡ་ཐོའི་ཚུལ་དུ་རྩོམ་ཡིག་སྤེལ་བའོ། །
ཤར་ནུབ་ཀྱི་ཡུལ་ཁམས་པ། སྙན་ངག་མཁན་འདབ་པ་ཚེ་དབང་མགོན་པོས་ལམ་ཌོན་གྲོང་ཁྱེར་དབུས་ན་སྤེལ་བའོ། །

སྙན་ངག

Post navigation

Previous Post: སིད་སུའི་བོད་མི་ཚོ་རྒྱ་ནག་གི་མི་སེར་ཡིན་པའི་ངོས་འཛིན་བྱས་འདུག
Next Post: ༄༅། །བློ་རིག་གི་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

Comments (4) on “ཨ་རིའི་སྲིད་འཛིན་གྱི་བསྟོད་བསྔགས་རྒྱང་རིང་བོང་བུའི་མགྲིན་བཟང་།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2017-02-12 at 8:55 am

    ཁ་པར་ཐེངས་གཅིག་དགྲ་ངོར་ཡོངས་སུ་བསྒྱུར།
    ཞེས་པ་ཕལ་སྐད་བཙན་པོས་དབང་བསྒྱུར་བྱས།
    ཆོས་སྐད་དང་བསྟུན་འདི་བཞིན་འབྲི་བ་སྟེ།
    ཁ་སྤར་ཐང་གཅིག་དགྲ་ངོར་ཡོངས་སུ་བསྒྱུར། །

  2. འདབ་པ་ཚེ་དབང་མགོན་པོ། says:
    2017-02-12 at 1:11 pm

    ལ་དྭགས་བློ་བཟང་གིས་གསུངས་པ་དེར། དམིགས་བསལ་གྱིས་ལེགས་བཤད་ཡིན་པ་དང་། རྒྱུ་མཚན་ཆེན་པོ་མ་ཞིག་མཐོང་མ་སོང་། ནང་ཆོས་དང་བསྟུན་ནས་ཁ་སྤར་དང་། ཐང་གཅིག་ཟེར་བ་ནི་ཁོང་གི་བསམ་ཚུལ་ཙམ་རེད། ནང་ཆོས་ནང་ལ་ཁ་པར་གྱི་ཐ་སྙད་སྐོར་རྒྱ་གར་གྱི་བཀའ་བསྟན་གཉིས་ཀའི་ནང་མེད་ལ། བོད་ཀྱི་མཁས་པའི་འབུམ་རྣམས་སུའང་འདི་མེད་དོ། ཁ་པར་ཟེར་བ་འདི་ཕལ་སྐད་དང་ལུང་སྐད་གང་ཡིན་ཡང་། བཀའ་དང་བསྟན་བཅོས། ཡིག་སྐད་སོགས་ལ་ཕུགས་གཏུག་ས་མེད་པ་ཞིག་ཡིན་པར་ཤེས་དགོས་སོ།

    དེ་བཞིན་ཐང་གཅིག་ཟེར་བ་ཡང་། ཡིག་སྐད་ཁོ་ན་ཞིག་མ་རེད། དཔེར་ན་ངའི་ལུང་པར་ད་ལྟ་ཡང་མི་རྣམས་ཀྱིས་ཐང་གཅིག་དང་། ཐང་གཉིས། ཐང་གསུམ་ཟེར་བ་མ་གཏོགས། ཐེངས་གཅིག ཐེངས་གཉིས་ཟེར་བའི་ལུགས་སྲོལ་ཡེ་ནས་མེད་དོ།

    འོ་ན་ཐང་གཅིག་ཟེར་བ་འདི་ལུང་སྐད་དང་ཕལ་སྐད་ཨེ་རེད་ཟེར་ན། དེ་ཡང་མ་རེད། འདི་ནི་མངོན་པའི་གཞུང་དང་། མཁས་འཇུག་སོགས་ལས་ཁྱིམ་ཞག་དང་ཉིན་ཞག་སོགས་བཤད་པའི་སྐབས་སུ་ཡུད་ཙམ་དང་ཐང་ཅིག་སོགས་ཡོངས་པ་མ་ཟད། ཐང་ཅིག་ནི་སྐད་ཅིག་མ་དྲུག་ཅུའི་ཚད་ཡིན་པར་བཤད་ཡོད་དོ།

  3. Abharu Jigwang says:
    2017-02-12 at 5:02 pm

    ༅༅། སྐུ་ཞབས་ཚེ་མགོན་ནས་་་་ཨ་རིའི་སྲིད་འཛིན་གསར་པར་བསྟོད་བསྔགས་རྒྱང་རིང་བོང་བུའི་
    མགྲིན་བཟང་ཞེས་པ་རྕོམ་གྱི་ཚིགས་བཅད་གང་ལེགས་བྲིས་པར་ཡིད་ལ་ཐད་བྱུང་བས་བཀྲིས་བདེ་
    ལེགས་ཞུ། དངོས་བྱུང་དངོས་བདེན་རང་རེད་འདུག་

  4. ཀ་བ་ཚེ་རིང་ says:
    2017-02-13 at 7:21 am

    ངས་རྩོམ་དེ་ཆ་ཚང་ཀློག་རྒྱུ་མ་བྱུང། ་ཡིག་ཕྲེང་འགའ་ཤས་བཀློགས་པའི་རྗེས་མུ་མཐུད་ཀློག་འདོད་ཀྱང་མ་བྱུང།
    གལ་ཏེ་རྩོམ་དེ་སྲིད་འཛིན་ཁྲམ་པ་ལ་བསྟོད་བསྔགས་ཤིག་ཡིན་ན་ཅུང་སྔ་དྲགས་པ་རེད།
    སྲིད་འཛིན་ཁྲམ་པའི་བྱས་སྟངས་མང་པོ་ཞིག་ཁྲིམས་མཐུན་ཆགས་ཀྱི་མེད་པས་རང་དབང་ཅན་གྱི་ཁྲིམས་ཁག་གིས་གོ་རིམ་བཞིན་ཁོང་གི་དབང་ཚད་ལོག་པར་སྤྱད་པ་འཁྲུལ་ལོག་གཏོང་བཞིན་ཡོད།
    ཁོང་གིས་ཐེ་ཝན་གྱི་རྩ་དོན་ལ་རྒྱབ་སྐྱོར་ཡོད་མདོག་བཤད་ དེའི་རྗེས་རྒྱ་ནག་གཞུང་གིས་ཁོང་གི་བོུ་ལ་གསོལ་སྟོན་རྒྱས་པོ་ཞིག་དང་གཞུང་དང་འབྲེལ་བ་ཆེན་པོ་ཡོད་པའི་ཚོང་པ་སྦྱོར་ལྡན་ཞིག་གིས་ཁོང་གི་བོུའི་གཟའ་ཟླའི་མཉམ་ཚོང་འབྲེལ་བཙུགས་པའི་ཉིནའགའ་ཤས་རྗེས་སྲིད་འཛིན་ཁྲམ་པས་རྒྱ་ནག་གཅིག་གི་རྩ་དོན་བརྩི་་སྲུང་བྱེད་ཀྱི་བཤད་སྟངས་ལ་བསྟོད་པ་ཀླད་ཆུང་མིན་ནམ།
    དེང་དུས་ཆབ་སྲིད་ཀྱི་ཤེས་བྱ་འབེན་པས་དེ་སྔ་ཡང་ཕུངས་ཡོད།
    ད་ལྟའང་ཆབ་སྲིད་ཀྱི་རྨོངས་ཏེ་མུ་མཐུད་ཕུངས་མ་བཅུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme