Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མྱེས་གུར། ཨ་ཨ། ཁྱོས་ང་ཅིག་བཅས་ཐང་ཐ།

Posted on 2016-06-302016-07-01 By ཁ་བརྡ་ 11 Comments on ཨ་མྱེས་གུར། ཨ་ཨ། ཁྱོས་ང་ཅིག་བཅས་ཐང་ཐ།

—-unnamedགསལ་ལེ་རྒྱལ།

 
གུར་མགོན་སྐྱབས་སམ་ཨ་མྱེས་གུར་ནི་ངའི་ལོ་ངོ་ཉི་ཤུའི་གྲོགས་པོ་ཡིན། ང་ཚོས་ཁོའི་མིང་ལ་ཨ་མྱེས་གུར་ཟེར་བ་ལས་གུར་མགོན་སྐྱབས་མི་ཟེར། དེ་ནི་སེམས་ཐག་ཉེ་བའི་འབོད་སྟངས་ཤིག་ཡིན། ཁོའི་ཨ་ཕའི་མིང་ལ་ཨ་རྡོ་ཟེར་ཞིང་ཁོའི་ཨ་ཕ་དང་ངེད་གཉིས་ཀས་2002 ལོར་ང་རང་ཕ་ཡུལ་ལ་སོང་བའི་སྐབས་དེར་ངེད་ཚང་ནས་མཚན་གཅིག་ལ་ཁ་བརྡ་བྱས་མྱོང་། ཨ་ཕ་ཨ་རྡོས་ཡིད་ཚིམས་པའི་ཉམས་དང་བཅས་ང་ལ་”ངའི་བུ་ཕྲུག་གསུམ་ཕྱི་རྒྱལ་ན་ཡོད། མི་གཞན་པས་ང་ལ་ཁྱོད་ཀྱི་བུ་ཕྲུག་གསུམ་ལྡོམ་སོང་ནའང་ཁྱོད་ད་དུང་འདི་ལྟར་འདུག་གི་ཡིན་ནམ། ང་ཚོ་ར་མ་ཞིག་བོར་སོང་ནའང་འདུག་མི་ཐུབ་གི་ཟེར། ཧ་ཧ་ཧ་”ཞེས་རང་གི་བུ་ཕྲུག་དག་ཕྱི་རྒྱལ་ན་ཡོད་པ་དེ་ཁོའི་སྤོབས་པར་བརློམ་འདུག ངའི་ཨ་ཅེས་ཁོ་ལ་འདིར་ཡོང་བར་ལམ་ཐག་རིང་ངམ་ཞེས་བའི་ལན་དུ་ཁོས་” ནུ་མ་ནུས་ཡིས་ཡོང་བ་ཡིན་”(ཉི་མ་གཉིས་ཀྱིས་ཡོང་བ་ཡིན)ཞེས་བས་ངའི་ཨ་ཅེ་ངོ་ཚ། དེ་ནི་གཙོའི་སྐད་ཅིག་རེད། ཨ་མྱེས་གུར་གྱིས་ཀྱང་”དེ་རིང་ནུ་མ་ཧྲ་གི”(དེ་རིང་ཉི་མ་ཧྲ་གི)སོགས་ནུ་སྐད་མང་བོ་བཤད།

གང་ལྟར་མདང་དགོང་རླངས་འཁོར་བརྡབ་ནས་ཨ་མྱེས་གུར་གཙོ་དང་བླ་བྲང་གི་ལམ་བར་ཞིག་ནས་གྲོངས་སོང་ཟེར། གོ་བཞི་ལོའི་ལོ་མགོར་ངེད་གཉིས་སུ་ཇའམ་སྦིར་སློབ་གྲྭ་ནས་ཐུག་ཅིང་རིམ་གྱིས་ངོ་ཤེས་དང་གྲོགས་པོར་གྱུར། རྗེས་སུ་ཁོ་རང་སི་ཇའམ་སྦིར་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་རྡ་ས་རུ་མྱི་འཁྱམས་ཀྱི་འཚོ་བ་རོལ། དེ་ནས་གློག་བརྙན་ཧི་མ་ལ་ཡའི་གཙོ་འཁྲབ་པར་བདམས་པ་ནས་ལོ་འགར་མ་མཐོང་མོད། གོ་དགུ་ལོར་ངེད་གཉིས་ཧྥ་རན་སི་ནས་ཡང་བསྐྱར་འཕྲད་དེ་སློབ་གྲོགས་སུ་གྱུར་བ་མ་ཟད་ཆང་གྲོགས་ཀྱང་ཡིན། ངེད་གཉིས་ཀས་ལོ་ངོ་འགའ་ལ་ཧྥ་ཡིག་སྦྱང་ཞོར་དང་ཆང་འཐུང་ཞོར་བྱས་མྱོང་། དེ་དུས་ངེད་གཉིས་ལ་སྒོར་མོ་མང་བོ་མེད་ཀྱང་ཁོ་རང་སེར་སྣ་ཅན་ཞིག་ཡེ་ནས་མིན། གང་ཡོད་པ་དེ་ཟ་རྐྱང་འཐུང་རྐྱང་ཡིན། ང་ཚོས་ཟ་མ་ཟོས་ན་སུ་ངར་གྱི་འགྲན་བསྡུར་བྱས་མྱོང་ལ་ཆང་འཐུང་ན་སུ་ངར་ལའང་མང་བོ་བལྟས་མྱོང་། ང་ཚོས་མཉམ་དུ་མ་ཅང་བརྒྱབ་མྱོང་། ཁོང་གིས་སྒོར་མོ་ལ་རྩི་མཐོང་དེ་ཙམ་མི་བྱེད་མོད་མཚམས་ལན་རེར་སྒོར་མོ་གཅིག་དང་གཉིས་ཀྱི་དོན་དུ་ན་བསྐྱལ་ནས་གནམ་ལ་ལྡིང་གི་རེད། ང་ཚོས་དེའི་མིང་ལ་”ཨ་མྱེས་གུར་གྱི་རྩེས་སྟངས་”ཟེར།

ཁོང་ལ་སློབ་སྦྱོང་གི་བརྒྱུད་རིམ་དེ་ཙམ་མེད་ལ་སྐད་ཆའི་སྒྱུ་རྩལ་ནི་དེ་བས་ཀྱང་མེད། ཁོང་གིས་རྒྱ་སྐད་དང་དབྱིན་སྐད། ཧྥ་སྐད་སོགས་སྐད་རིགས་ཅི་ཞིག་བཤད་ཀྱང་བརྡ་སྤྲོད་ཀྱི་འགྲོས་ལ་མི་བསྟུན། ཐ་ན་བོད་སྐད་བཤད་ནའང་སྐད་ཆར་གོ་རིམ་མེད་ལ་འོས་འཚམ་གྱི་ཐ་སྙད་ཀྱང་མི་བཀོད། ལོ་རེ་རེ་ཡི་དབྱར་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ནི་ཧྥ་རན་སིའི་རོལ་མོའི་དུས་ཆེན་ཡིན་ལ་མི་ཚང་མས་རོལ་མོ་བཏང་ནས་མཚན་གང་བོར་མི་གཉིད། ལོ་ནམ་ཡིན་མི་དྲན་མོད་དྲུག་པའི་ཉེར་གཅིག་གི་མཚན་མོ་ཞིག་ལ་ང་ཚོ་ཁ་འཐོར་ནས་ང་ཚོས་ང་ཚོ་མ་རྙེད་པར་ཁ་པར་བཏང་། གྲོགས་པོ་ཞིག་གིས་”ཁྱོད་གང་ན་ཡོད་”ཅེས་བའི་ལན་དུ་ཨ་མྱེས་གུར་གྱིས་ནམ་མཁར་བལྟས་ནས་་”ཁྱོད་ཀྱིས་ཟླ་བ་མཐོང་ངམ། ང་ཟླ་བའི་ཁ་ཐུག་གི་འོག་ཏག་ཏག་ན་ཡོད་”ཅེས་བ་ལྟ་བུའི་དགོད་སྤྲོ་བའི་སྐད་ཆའང་མང་བོ་བཤད་མྱོང་།

ཁོ་ནི་མྱི་དྲང་མོ་ཞིག་ཡིན། སེམས་ལ་ཅི་ཞིག་ཤར་བ་དེར་བཟོ་བཅོས་ཅི་ཡང་མེད་པར་ཐད་ཀ་ཐད་ཀར་བཤད་འཇོག་པའི་མི་དྲང་མོ་ཞིག་ཡིན། གོང་གི་སྐད་ཆ་དེའང་དེའི་དཔེ་མཚོན་ཡིན། ཁོ་ནི་གྲོགས་པོའི་བདེ་སྡུག་ཤེས་བའི་མི་ཞིག་ཡིན་པ་མ་ཟད་ལག་ལེན་གྱི་ཐོག་ནས་རོགས་རམ་བྱེད་ཐུབ་མཁན་ཞིག་ཀྱང་ཡིན། ཁོས་ཁ་ཡག་བཤད་མི་ཤེས་ལ་ངོ་དགའ་དེ་བས་ཀྱང་བྱེད་མི་ཤེས།

unnamed-1ཁོང་གིས་གྲོགས་པོར་རོགས་བྱེད་ཐུབ་ལ་དགྲ་བོར་དགྲའང་བྱེད་ཐུབ། མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་ཞིག་ཡིན་པ་མ་ཟད་བློ་ཁོག་ཅན་ཞིག་ཀྱང་ཡིན། ད་དུང་བདེ་མྱུར་ཅན་ཞིག་ཀྱང་ཡིན། 2008་ལོར་རྒྱ་ནག་གིས་བོད་ས་ཡོངས་ལ་བཙན་གནོན་བྱས་བའི་ན་ཟུག་གི་སྟེང་ལ་ད་དུང་ཨོ་རྩེད་ཀྱི་དཔའ་འབར་སྒྲོན་པ་དེས་ང་ཚོ་ཚང་མ་ཁོང་ཁྲོ་ལངས་སུ་བཅུག་ཡོད། ལོ་དེའི་ཟླ་གསུམ་པའི་ཚེས་བཅུ་ཉིན་ང་ཚོ་ཚང་མ་ཕ་རེ་སིའི་རྒྱ་ནག་དོན་གཅོད་ཁང་གི་ཉེ་སར་འཛོམས་ནས་ནམ་རྒྱུན་ལྟར་ཞི་བའི་སྐད་འབོད་བྱེད་བཞིན་ཡོད།
གློ་བུར་ཏུ་ཕོ་གསར་འགས་གངས་སེང་རྒྱལ་དར་འཕྱར་ཏེ་ཉེན་རྟོགས་པའི་ལག་རྡང་གཏོར་ནས་རྒྱ་ནག་དོན་གཅོད་ཁང་གི་སྒྲོ་འགྲམ་དུ་བསླེབས་སོང་། དེ་དུས་ང་ཚོས་ཀི་ཧེ་གཉིས་ཀ་བཏབ་ནས་ཁུ་ཚུར་གནམ་ལ་འཕྱར་ནས་འཕག་གིན་ཡོད། ང་ཚོར་མི་སྟོང་ཕྲག་ཁ་ཤས་ཡོད། གློ་བུར་ཏུ་ཨ་མྱེས་གུར་མཐོང་བྱུང་། ཁོང་གིས་གངས་སེར་དར་ཆ་རྒྱབ་ལ་གོན་ཏེ་ཁང་བརྩེག་གི་ཆུ་སྦུག་བརྒྱུད་ནས་ཉིས་ཐོག་ལ་འགོས་ཤིང་ཐེམ་སྐས་ཆུང་ཆུང་ཞིག་བརྒྱུད་ནས་སྐར་ལྔའི་དར་དམར་གྱི་རྩིབ་ལ་བསླེབས་སོང་། ང་ཚོས་”ཧྲ་ལ་བྱོས”་ཞེས་ཀི་བཏབ། ཉེན་རྟོག་པ་ཚོས་ཅི་ཡང་བྱེད་མ་ཐུབ་པར་བལྟས་བསྡད་སོང་། ཨ་མྱེས་གུར་གྱིས་ལྷོད་ལྷོད་བྱས་ཏེ་སྐར་ལྔའི་དར་དམར་མར་ཕབས་ནས་དེའི་ཚབ་ལ་རང་གི་རྒྱབ་ན་ཡོད་པའི་གངས་སེང་རྒྱལ་དར་བསྒྲེངས་རྗེས་ཕྱིར་ལམ་བརྒྱུད་ནས་མར་བབས་བྱུང་། སྐབས་དེར་ཉེན་རྟོགས་པས་ཁོ་རང་འཛིན་རྩིས་བྱས་ཀྱང་ང་ཚོ་སྟེ་བོད་མི་ཚང་མས་ལག་རྡང་སྦྲེལ་ནས་ཨ་མྱེས་ཀུར་བསྐོར་ཞིང་ཉེན་རྟོགས་པའི་ལམ་ཁ་བཀག་སྟེ་ཁོ་ཐར་ཐབས་བྱས་བ་ཡིན།

འདི་ནི་ཨ་མྱེས་གུར་གྱི་ཉི་མ་གཅིག་གི་གཏམ་རྒྱུད་ཡིན་ཡང་གཏམ་རྒྱུད་འདིས་ཨ་མྱེས་གུར་ཀྱི་མི་གཤིས་མཚོན་ཐུབ། མཚོན་ཐུབ་སྟེ། ཨ་རི་ནས་བོད་པའི་ཕོ་གསར་འགས་ང་ཚོས་གསུམ་བཅུའི་དུས་དྲན་ལ་སྐད་འབོད་མི་བྱེད། ང་ཚོ་ཕ་ཡུལ་ལ་འགྲོ་དགོས་བས་དེ་ལ་བར་ཆད་ཡོང་ངེས་རེད་ཅེས་བཤད་མྱོང་བས་ན་ང་ཚོས་མི་དང་མི་བསྡུར་ནས་བཤད་ཆོག

ཨ་མྱེས་གུར་གྱིས་དངོས་སུ་འཁྲབ་མྱོང་བའི་གློག་བརྙན་དེ་དག་ལ་མི་ཚང་མས་བལྟས་མྱོང་བས་ན་ངས་ཁོང་གི་གློག་བརྙན་སྒྱུ་རྩལ་ལ་འགྲེལ་བཤད་རྒྱག་དགོས་དོན་མི་འདུག ཁོ་ནི་མི་ལག་བདེ་ཞིག་ལ་སྒྲིག་སྦྲོར་ལ་ཧ་ཅང་མཁས། དེ་བས་ཁོང་གིས་ཤིང་ལས་དང་དེའི་སྒྱུ་རྩལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད་ཁོང་ལ་དེའི་སྐོར་ནས་འཆར་གཞི་ཡང་ཡོད། ད་ལོ་ཁོང་ཨ་རི་ནས་འདིར་ཡོང་སྟེ་ང་ཚོས་མཉམ་དུ་ཆང་འཐུང་བཞིན་ཁོང་གི་འཆར་གཞི་གླེང་བ་ཡིན། ཁོང་གིས་ཕྱི་རྒྱལ་ནས་ཤིང་ཁང་བཟོ་སྟངས་ལ་དོ་སྣང་མང་བོ་བྱས་བའི་ཉམས་མྱོང་འཁྱེར་ཏེ་ཕ་ཡུལ་ལ་སོང་ནས་ཕྱི་རྒྱལ་གྱི་ལག་རྩལ་བཀོད་དེ་ཕ་ཡུལ་ནས་ཤིང་ཁང་བཟོ་བསྐྲུན་བྱེད་བཞིན་ཡོད་ཟེར། ད་ལོ་ཁོ་རང་ཕ་ཡུལ་ལ་འགྲོ་དོན་གཙོ་བོ་གཅིག་འདི་ཡིན་ལ་དེ་ནི་ཁོང་གི་འཆི་རྐྱེན་ཞིག་ཀྱང་ཡིན་སོང་། མཐར་དེད་ན་ཕ་ཡུལ་གྱི་བཟོ་ལས་སྒྱུ་རྩལ་ལ་ཕོགས་པའི་གྱོང་ཁུལ་ཞིག་རེད་ཅེས་བཤད་ཀྱང་ཆོག གང་ལྟར་ཨ་མྱེས་ཀུར་གྱིས་སྐར་ཆ་འགའི་ན་ཟུག་ཁུར་ནས་ཕེབས་སོང་། ཁོང་ལ་སྐར་མ་གང་གི་སྨོན་ལམ་འདེབས་ཁོམ་ཡང་བྱུང་མེད་པས་ན་ངས་གྲོགས་པོ་ཁོང་གི་ཚབ་བྱས་ནས་གོང་ས་སྐྱབས་མགོན་མཆོག་ལ་གསོལ་བ་འདེབས་བཞིན་ཡོད། ཡིད་བཞིན་ནོར་བུས་མཁྱེན་མཁྱེན་མཁྱེན། ཁོང་ལ་ཕྱི་མ་ན་འཇིགས་པ་མེད་པར་མཁྱེན།

འདི་ནི་ཨ་མྱེས་གུར་དང་ངེད་གཉིས་ཀའི་སྒེར་གྱི་ལོ་རྒྱུས་ཐུང་ཐུང་ཞིག་ཡིན་པས། ཁོང་གི་ཆུང་མ་དང་ཞི་མོ། ཞི་ལི་སོགས་ཀྱི་ལོ་རྒྱུས་འབྲི་རུང་མིན་གྱི་ཆོག་མཆན་ཡང་མེད་ལ་བྲིས་ཀྱང་མེད།

30/06/2016 ལ་ཕ་རེ་སི་ནས་ཡིད་སྐྱོ་བཞིན་ལས་བྲེལ་གྱི་བར་ནས་བྲིས།

དྲན་ཐོ།

Post navigation

Previous Post: རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༤ པ།
Next Post: གུར་མགོན་སྐྱབས་ལ་བསྔོ་སྨོན་ཀུན་བཟང་ལམ་སྟོན།

Comments (11) on “ཨ་མྱེས་གུར། ཨ་ཨ། ཁྱོས་ང་ཅིག་བཅས་ཐང་ཐ།”

  1. ྸྸཨ་འབར་འཇིགས་དབང། says:
    2016-07-01 at 12:20 am

    ༅༅། གནས་གྲགས་ལྡན་གངས་ཀྱི་མདངས་འཛིན་ཞིང།། རྫ་ཞིང་ཕྱུགས་འཛོམས་ཤིང་ལོ་ཡག་པ།།
    ཡུལ་རི་མཐོ་ས་གཙང་ཆུ་བསིལ་བ།། བོད་གངས་ལྗོངས་ཕྱུག་མོའི་ལོངས་སྤྱོད་ཡིན།།

    གཞུང་ཕར་ཕྱིན་ཆོས་ལ་འཕོ་འགྱར་མེད།། ནང་བྱང་ཆུབ་ལམ་ལ་བྱམས་བརྩེ་ཆེ།།
    ཐུགས་སངས་རྒྱས་གསུང་ལ་འགག་པ་མེད།། བོད་གངས་ཅན་ལྫོངས་ཀྱི་སྤྱི་ནོར་ཡིན།།

  2. ྸྸཨ་འབར་འཇིགས་དབང། says:
    2016-07-01 at 12:24 am

    གཞུང་ཕར་ཕྱིན་ཆོས་ལ་འཕོ་་་་འགྱར་མ་རེད་ འཕོ་འགྱུར་རེད་་་ཐུགས་ལ་འཇགས་པ་འཚལ།

  3. ྸྸཨ་འབར་འཇིགས་དབང། says:
    2016-07-01 at 12:30 am

    ༅༅།་གུར་མགོན་སྐྱབས།
    ཚེ་ཕྱི་མ་སྐྱབས་མགོན་རིན་པོ་ཆེའི་གདུལ་ཞིང་དུ་སྐྱེ་བར་ཤོག།
    ཁྱེད་ལ་ཆུང་མ་དང་ཕྲུ་གུ་ཡོད་ན་་་་བདེ་བར་བཞུགས་་་སྐྱེས་ནས་འཆི་མི་དགོས་པ་མེད་པས་སེམས་ནམ་ཡང་སྐྱོ་མི་རུང། ངས་ཁྱེད་ལ་སེམས་གསོ་ཞུ།
    རྒྱལ་བ་བསྟན་འཛིན་རྒྱ་མཚོའི་རྗེས་སུ་འཛིན་པ་ཞུ།

  4. བསོད་ནམས། says:
    2016-07-01 at 1:44 am

    བཙན་བྱོལ་ནང་ཨ་མྱེས་གུར་ལྟ་བུའི་མི་དྭངས་གཙང་རང་གཤིས་ཡོད་པ་ཅི་འདྲའི་མང་ཨང་། ཡིན་ཡང་ང་ཚོས་བདག་པོ་བརྒྱབ་ཐུབ་མེད། ད་ནི་ཡོད་ཚད་ཤོར་སོང་དུས་བྱ་ཐབས་ཟད། འཆི་རྐྱེན་ནི་རང་དོན་དག་ཅིག་མིན་སྙམ།

  5. ཆོས་ཀྱི་སྣང་བ། says:
    2016-07-01 at 2:56 am

    ཧི་མ་ལ་ཡའི་འཁྲབ་ཁྲིད་གཙོ་གྲས་དོལ་པོ་བ་ཕྲིན་ལས་ལྷུན་གྲུབ་ཀྱང་འདི་ལོར་རྐྱེན་འདས་སུ་ཕྱིན་ཡོད། འདུས་བྱས་འཁོར་བའི་རང་བཞིན་གྱི་འཁྲབ་སྟོན་དངོས་སུ་སྟོན་བཞིན་པ་རེད། སྣང་ཚུལ་འདིས་རང་རེ་རྣམས་མི་ཚེའི་གློག་བརྙན་ཐུང་ཐུང་ལ་སྙིང་པོ་མི་འཛིན་པར། འཆི་ཁར་གདེང་དང་ལྡན་པའི་སྙིང་པོ་དམ་པའི་ལྷ་ཆོས་ལ་ཚེ་མཇུག་བསྒྲིལ་བའི་ཕོ་རྒོད་རེ་ཡོང་བར་སྨོན། འདས་པོར་སྐྱེལ་མའི་ཚུལ་དུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཚར་གཅིག་བྲིས་ཏེ་བསྲིངས།

  6. ྸྸཨ་འབར་འཇིགས་དབང། says:
    2016-07-01 at 12:51 pm

    ༅༅། འཆི་བ་མི་རྟག་པ་རྒྱུན་དུ་སྒོམ་དང་དྲན་པ་གྱིས།
    རྗེ་བཙུན་མི་ལས། ང་ད་ལྟ་ཡོད་ལ་ད་ལྟ་མེད། ང་ཞོགས་པ་ཡོད་ལ་ཕྱི་དྲོ་མེད།
    ང་དེ་རིང་ཡོད་ལ་སང་ཉིན་མེད། ཡོང་ཡང་གཅིག་པུར་ཡོང་བ་ཡིན།
    འགྲོ་ཡང་གཅིག་པུར་འགྲོ་གི་ཡིན་སོགས་མི་རྟག་པའི་སྐོར་གསུངས་ཡོད་རྣམས་
    དྲན་པར་གྱིས་དྲ་གྲོགས་ཚོ།

  7. གཡག་རྒོད says:
    2016-07-01 at 2:11 pm

    འདས་བོ་དེར་མྱ་ངན་ཞུ། གློག་བརྙན་ལས་ཁོ་ཉིད་མཇལ་མྱོང་བ་ལས་རྒྱུས་ཡོད་དེ་འདྲ་མིན། གང་ལྟར་གངས་ཅན་པའི་གསར་རྒོད་ཅིག་དུས་མིན་འཆི་བདག་བདུད་པོས་གཏན་མེད་དུ་བཟོས་བར་བློ་འགྱོད་ཡོད། ཞར་བྱུང་དུ་རྒྱ་དམར་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་འདྲ་སྐྱེལ་མེད་དམ་སྙམ་ནས་ཁོ་བོར་དོག་པ་སྔར་ནས་ཡོད། ཆོལ་དཀྲུགས་མཁན་ཚོ། ནམ་རྒྱུན་ཡིག་ནོར་ལུང་པ་གང་རེ་བྲིས་ཏེ་ནང་ཁུལ་ལ་ཉོག་གཏམ་དང་དབྱེན་དཀྲུག་བྱེད་པར་གཅིག་ལས་གཅིག་སྡང་སེམས་དང་ཚོར་ཤུགས་ཡོད་པ་མ་ཡིན་ནམ། ད་ནི་སྨྱུག་ཁ་དགྲ་ཕྱོགས་ལ་བསྐོར་ཏེ་ཅིག་བཤད་ཚད་མ་རེད་དམ། བདུན་ཕྲག་གཅིག་གི་ནང་དུ་བོད་ནང་དུ་ཡིད་སྐྱོ་བའི་གནས་ཚུལ་ག་ཚོད་ཅིག་འབྱུང་གིན་འདུག ཕོ་ཁྱོད་ག་ཡིན་ན་གནས་ཚུལ་འདི་ཚོའི་རྩ་བ་དང་རྩེ་མོ་ཡོད་ཚད་སྨྱུག་ཁ་རུ་དྲངས་ཏེ་དགྲ་ཕྱོགས་ལ་བསུན་འབྱིན་བྱེད་དགོས་བ་རེད། དེ་མིན་ནང་སྤུན་ཟླའི་
    ཁྲོད་བ་སྟག་བཞིན་འགྱིངས། ཕྱི་དགྲ་བོའི་མདུན་ན་ལྦ་བཞིན་འདར་ན། ཏག་ཏག་ཅིག་འེ་ཡིན་བསམ་བློ་ཐོངས།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-07-02 at 1:57 pm

    གསལ་ལེ་རྒྱལ་ལེགས་ཀྱིས་རང་གི་མཛའ་གྲོགས་གུར་མགོན་སྐྱབས་སམ་ཨ་མྱེས་གུར་མཆོག་གློ་བུར་རྐྱེན་ངན་གྱིས་གྲོངས་པར་བརྩེ་གདུང་མཉམ་བསྐྱེད།
    ཁ་བརྡའི་བགྲོ་ལོ་་ཤས་སྔོན་དུ་ཁོ་བོས་མ་འོངས་པ་ན་འཕྲད་འོང་། ཞེས་སྨྲས་པ་དྲན་ནས། གཤམ་གསལ་མིང་ཚིག་དག་ལ་བོད་ཀྱི་མཁས་པའི་དཔེ་ཆ་ན་བྲིས་པ་བཞིན་དུ་བྲིས་པས། གསལ་ལེ་རྒྱལ་གྱི་དག་ཆ་རྣམས་དང་མི་མཐུན་པ་ནི། ་མང་པོ་དང་། མདང་དགོངས། གྱུར་པར་མ་ཟད། འོང་བ་སོགས་བོད་སྒྲ་དང་། ལེགས་སྦྱར་མཚམས་སྦྱོར་ལྔ་སྦྱངས་པ་ཅུང་ཟད་བྱས་པའི་འབྲས་བུར་ཧི་མཱ་ལ་ཡ་ཞེས་སོགས་འབྲིའོ།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-07-02 at 2:03 pm

    བགྲོ་ལོ་་ཞེས་པར་བགྲོ་གླེང་ནང་། ཞེས་ཞུས་དག་བྱས།

  10. ལོ་ཡག says:
    2016-07-04 at 5:16 am

    ཁ་བྱང་མི་ཡག་དུག་འདྲ། །རྩོམ་ཡིག་ལེགས་སོ་སྨན་འདྲ། ། འདས་པོའི་སྐྱེལ་མ་བཟང་འདྲ། །གྲོགས་པོའི་ཕྱི་ཐག་རིང་འདྲ། །

  11. འབྲོག་རུ་ཆོས་དར། says:
    2016-07-04 at 5:46 am

    དུས་མིན་འཆི་བདག་གི་དབང་དུ་གྱུར་བ་ཨ་ཁ་ཁ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme