Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མའི་དཀའ་ལས་དང་བྱམས་བརྩེ།

Posted on 2025-06-03 By ཁ་བརྡ་ No Comments on ཨ་མའི་དཀའ་ལས་དང་བྱམས་བརྩེ།

ཆབ་མདོ་ངག་ཕུན།

 

དེ་རིང་ངས་སྒྲུང་ཞིག་བཤད་པར་འདོད། དེ་ཡང་སྔོན་དུས་གྲོང་གསེབ་ཀྱི་ཁྱིམ་ཚང་ཞིག་ཏུ་བུད་མེད་དབྱངས་ཅན་ཟེར་བ་ཞིག་ཡོད་ཅིང་། གྲོང་གསེབ་རང་དུ་བསྡད་པ་ལས་སློབ་གྲྭ་ཉིན་གཅིག་ཀྱང་འགྲོ་མྱོང་མེད། ནང་དུ་བསྡད་ནས་ཞིང་ལས་བྱེད་དགོས་ཀྱི་ཡོད།

ནམ་རྒྱུན་དུ་ཕ་མ་གཉིས་ཀྱིས་གང་ཞིག་ལབ་པ་ཡིན་ན་དེར་རྡོ་ལ་རི་མོ་བྲིས་པ་ལྟར་ཕ་མའི་ཁར་ཉན་པོ་ཡོད། རིམ་གྱིས་བུ་མོ་དབྱངས་ཅན་ན་གསོན་དུས་གཡུ་ལུང་ཚང་དུ་མནའ་མར་སྟེར། གཡུ་ལུང་ཚང་གི་བུ་ཆོས་འཕེལ་ནི་རང་བཞིན་ལས་ཀའི་ཐོག་ཏུ་འབད་བརྩོན་ཆེན་པོ་ཡོད།

ཁོ་གཉིས་གཉེན་སྒྲིག་བྱས་ནས་ལོ་ཤས་སོང་རྗེས་མནའ་མ་དབྱངས་ཅན་ལ་བུ་ཞིག་བཙས། བུའི་མིང་ལ་ཀུན་མཁྱེན་ཞེས་བཏགས། ཆོས་འཕེལ་ལ་དུས་ཚོད་ག་དུས་ཡོད་ན་བུ་ཀུན་མཁྱེན་ཉག་བའི་ཐོག་ཏུ་བཞག་ནས་འགྲོ་བཞིན་ཡོད།

གྲོང་གསེབ་དེར་སློབ་གྲྭ་ཞིག་ཡོད་པ་དེར་བུ་ཀུན་མཁྱེན་སློབ་གྲྭར་བཏང་། ཀུན་མཁྱེན་ནི་ཉམས་ཆུང་ཞིང་། ཁ་གཡེང་མིག་གཡེང་མེད་པ་དགེ་རྒན་གྱིས་གང་ཞིག་སློབ་ཁྲིད་གནང་བ་ཡིན་ན་གཟབ་གཟབ་ཉན་གྱི་ཡོད། གནས་སྟངས་དེ་འདྲའི་འོག་ནས་རིམ་གྱིས་གྲོང་གསེབ་ཀྱི་སློབ་གྲྭ་དེ་ནས་ཀུན་མཁྱེན་སློབ་མཐར་ཕྱིན།

ཀུན་མཁྱེན་ད་དུང་ཡང་གྲོང་ཁྱེར་གྱི་སློབ་གྲྭར་འགྲོ་འདོད་ཀྱང་ཕ་ཆོས་འཕེལ་གྱིས་ཡི་གེ་སྦྱོར་ཀློག་ཤེས་ཙམ་བྱུང་ན་འགྲིགས་ཀྱི་རེད། དེ་ལས་ལྷག་དགོས་མ་རེད་ཟེར།

བུ་ཀུན་མཁྱེན་སློབ་གྲྭར་འགྲོ་འདོད་ཆེ་ནའང་ནང་མི་རྣམས་ཀྱིས་བཏང་འདོད་མེད་པས་སློབ་གྲྭར་འགྲོ་མ་ཐུབ་ནས་ཞིང་ལས་བྱེད་ནས་སྡོད་དགོས་བྱུང་།

བུ་ཀུན་མཁྱེན་ལ་ཁོམ་པ་ག་དུས་ཡོད་ན་ཨ་མའི་ལས་ཀ་བྱེད་སའི་འགྲམ་དུ་ཡོང་ཞིང་། དེར་བསྡད་ནས་ཨ་མར་རོགས་པ་བྱེད་ཀྱི་ཡོད། མ་དབྱངས་ཅན་ནི་ཞོགས་པ་སྔོ་པོ་ལངས་ནས་མེ་ཁ་ཕྱེས་དགོས་པ་དང་། དེ་ནས་ནོར་ལུག་གོ་རུབ་བྱེད་དགོས། དེ་དག་ཚར་དུས་ནང་མི་རྣམས་ཀྱི་ཁ་ལག་ཀྱང་གཡོ་དགོས་ཀྱི་ཡོད། ནང་དུ་ལྷོད་ལྷོད་སྡོད་དུས་སྐར་མ་གཅིག་ཀྱང་མེད།

ཨ་མའི་དཀའ་སྡུག་དེ་དག་མཐོང་དུས་ཀུན་མཁྱེན་གྱིས་ཨ་མ་ལགས་སྙིང་རྗེ་སྐྱེས་ཀྱི་ཡོད། ཡིན་ནའང་བྱ་ཐབས་ཤིག་ག་ལ་ཡོད། ཨ་མའི་ལུས་ན་ཕྱུ་པ་རྒྱ་མུག་ཅན་ཞིག་གྱོན་རྒྱུ་ཡོད་ཅིང་། ཕུ་ཐུང་ཁ་ཚང་མ་རལ་བ་དང་། སྤང་གདན་ཡང་རལ་པ་ཞིག་ལས་བཅིངས་རྒྱུ་མེད། སྐྲ་ཡང་དུས་ལྟར་འཁྲུ་ལོང་ཡོང་གི་མེད་པས་ཕྱིང་པ་ལྟར་གྱུར།

ཀུན་མཁྱེན་གྱིས་ང་ཚོའི་གྲོང་གསེབ་ཀྱི་བུད་མེད་དེ་དག་འཕྲོད་བསྟེན་ཧ་ཅང་ཞན་པོ་ཡིན་པ་དྲན། བུད་མེད་ཀྱི་ཟླ་མཚན་འབབ་ནས་ལྷམ་ཀོག་གཡས་གཡོན་ཁྲག་གིས་དམར་ཁྱབ་ཁྱབ་འགོས་ཀྱི་ཡོད་ལ། སྐབས་རེ་བུད་མེད་འགའ་ཤས་ཟླ་མཚན་སླེབས་པ་མ་ཤེས་པར་ལམ་དུ་ཁྲག་གི་ཐིག་པ་བརྒྱབ་ནས་འགྲོ་གིན་ཡོད། དེ་འདྲའི་ལུང་པར་ཆ་རྐྱེན་ཞན་པོ་ཡོད། ངས་ཀྱང་ཨ་མ་དེ་འདྲར་གྱུར་བ་ཐེངས་མང་མཐོང་མྱོང་ཡོད།

དེ་དག་མཐོང་དུས་མི་རྒན་པ་འགའ་ཤས་ཀྱིས་གྲིབ་ཡོད་རེད་ཟེར་ནས་ཁྲིས་སུ་འགྲོ་བར་འཛེམ་གྱི་ཡོད། ད་ལྟ་དེ་དག་དྲན་དུས་དེ་འདྲའི་བྱབ་ཆུང་གིས་སྐད་ཆ་ཞིག་ཡིན་པ་ཤེས་ཀྱི་འདུག་ཅིང་། ང་ཚོ་དེར་བརྟེན་ནས་མི་ལུས་བླངས་པ་ཞིག་ཡིན་པ་མ་ཤེས་པ་རེད། ཨ་མས་ཇ་འཐུང་དུས་ཀྱང་སར་ལྷོད་ལྷོད་བསྡད་པ་ཞིག་གཏན་ནས་ངས་མཐོང་མྱོང་མེད། ཕོར་པ་ལག་པར་བཟུང་ཞོར་འཐབ་ལས་གནང་གི་ཡོད།

ངའི་ཨ་མ་ལགས་ཀྱིས་བུ་ཕྲུག་ཆེད་དུ་དཀའ་ལས་ཧ་ཅང་སྐྱོན་གནང་གི་ཡོད། སྐབས་རེ་དགོང་མོ་ཐང་ཆད་ནས་ཐབ་ཟུར་དུ་ཉལ་ཁུག་གནང་བ་ངས་ཐེངས་མང་མཐོང་མྱོང་ཡོད། དེ་འདྲའི་དཀའ་སྡུག་ཡོད་ནའང་ད་དུང་ཁོང་གིས་བུ་ཕྲུག་རྣམས་ལ་བྱམས་བརྩེའི་ངང་ནས་ལྟ་རྟོག་གནང་གི་ཡོད། དགུན་དུས་སུ་ཞིང་པ་ལ་མཚོན་ན་ལས་ཀ་ཉུང་བའི་དུས་སྐབས་ཤིག་ཡིན་ཡང་། ཨ་མ་ལགས་ནི་དལ་ཁོམ་དུ་སྡོད་ལོང་མེད་པར། ཁོང་གིས་སྒོ་ར་ནང་སྤུས་མོ་བཙུགས་ཏེ་བསྡད་ནས་བལ་གྱི་སྐུད་པ་བསྒྲིམས་ཞིང་། ཞལ་ནས་ཡིག་དྲུག་བགྲང་བཞིན་ལས་ཀ་བྱེད་པ་དང་། མ་ཟད་ནང་མི་རྣམས་ལ་ལྟོ་དུས་གསུམ་གྱི་ཁ་ལག་གཡོ་དགོས་པ་རེད།

དགུན་ཁའི་གྲང་ངར་ཤུགས་ཆེ་བའི་སྐབས་སུ་ཨ་མ་ལགས་ནོར་ལུག་རྣམས་ལ་རྩྭ་སྟེར་བར་འགྲོ་གྲབས་སྐབས་སུ། ང་རང་གིས་“ཨ་མ་ལགས། དེ་རིང་ཧ་ཅང་གཉམ་གཤིས་གྲང་མོ་འདུག་པས། ནོར་ལུག་རྣམས་ལ་རྩྭ་སྟེར་རྒྱུ་བཞག་ན་ཇི་ལྟར“ཞེས་བརྗོད་སྐབས། ཨ་མ་ལགས་ཀྱིས་“དུད་འགྲོ་ལ་རྩྭ་མ་སྟེར་ན་ག་ལ་འགྲིགས། ང་ཚོ་གྲོད་ཁོག་གི་ལྟོ་སྐོམ་གྱི་དཀའ་ངལ་ཅི་འདྲ་ཡོད་མིན་བསམ་ཞིག །དེ་འདྲའི་དུད་འགྲོ་ཡོད་པ་ནི་བརྗོད་མ་དགོས་པ་རེད“ཟེར་བཞིན། བུ་ཡུག་འཚུབ་ཅིང་གྲང་ངར་ལ་མ་བལྟས་པར་ལག་པ་ལ་ཁ་རླངས་གཏོང་བཞིན་ནོར་ལུག་རྣམས་ལ་རྩྭ་སྟེར་གྱི་ཡོད།

དུད་འགྲོ་རྣམས་ཀྱང་ཨ་མ་ལགས་ཀྱི་གོམ་སྒྲ་ཐོས་མ་ཐག་དགའ་བའི་ངུར་སྒྲ་འཐེན། ཁོང་མཐོང་བ་དང་རྔ་མ་གཡུག་གཡུག་བྱེད་ཀྱི་ཡོད། དེ་འདྲའི་དུད་འགྲོ་ལའང་ཁོང་གིས་བྱམས་བརྩེའི་ངང་ནས་ལྟ་སྐྱོང་གནང་གི་ཡོད་པའི་དབང་གིས་རེད།

སྐབས་རེ་དུད་འགྲོའི་བེའུ་ཞིག་ཤི་སོང་ན། ནང་མི་ཞིག་མེད་པར་གྱུར་བ་ལྟ་བུའི་ཨ་མ་ལགས་ཀྱིས་སྡུག་བསྔལ་ཤུགས་ཆེ་གནང་གི་ཡོད། དེ་ནི་ཁོང་གིས་དུད་འགྲོ་རྣམས་ལ་ཇི་ཙམ་བྱམས་པ་གཏོང་གི་ཡོད་པའི་གྲུབ་འབྲས་རེད།

སྐབས་རེ་ཨ་མ་ལགས་ནམ་ལངས་མ་ལངས་གོང་སྔ་དྲོ་ཉལ་ས་ནས་ལངས་ཏེ། བྲེང་པ་ཁྱེར་ནས་ལུང་པའི་ཕུ་ལ་འབུད་ཤིང་འཐུ་བར་གཅིག་པུ་ཕྱིན་གྱི་ཡོད། འབུད་ཤིང་འཁྱེར་ཏེ་ནང་དུ་སླེབས་ཚེ་ནམ་གཞི་ནས་གསལ་ཡོད། ཤིང་གི་ཁུར་པོ་སར་བཞག་མ་ཐག །ཞལ་རས་ཀྱི་རྔུལ་ནག་ཕྱིས་ལོང་ཙམ་མེད་པར་མེ་ཁ་ཕྱེས་ཏེ་ཞོགས་ཇ་གཡོ་དགོས་ཀྱི་ཡོད། ཨ་མ་ལགས་ཀྱི་ཞལ་རས་ཀྱི་རྣམ་འགྱུར་དེ་དག་ད་ལྟ་ཡང་ངའི་སེམས་ནང་དུ་གསོན་པོར་གནས་ཀྱི་འདུག

ཁོང་གིས་དབྱར་དགུན་སྟོན་དཔྱིད་མེད་པར་ལུས་ལ་བལ་གྱི་འཐག་པའི་ཕྱུ་པ་རྒྱ་མུག་ཅན་ཞིག་ལས་གྱོན་རྒྱུ་མེད། གོང་དུ་བརྗོད་པ་ལྟར་རུམ་པ་དང་ཁོག་སྟོད། ཕྱུ་པའི་སོག་པ་གཡས་གཡོན་རལ་ཡོད་པ་དེར་ལྷེན་པོ་བརྒྱབ་ཡོད། དེ་ནི་དུས་ཚོད་རིང་པོ་གྱོན་པའི་དབང་གིས་ཕྱུ་པའི་མཐའ་དང་ཕུ་ཁ་བཅས་རལ་ནས་ལ་མོའི་དར་ལྕོག་ནང་བཞིན་ཟད་ཏོ་གྱུར་ཡོད། བོད་ལྷམ་གྱི་ལྷམ་ཀྲད་བུག་ཡོད་ནའང་གྱོན་རྒྱུ་དེ་ལས་མེད། དབྱར་དུས་ཆར་པ་འབབ་དུས་རྩིས་པ་འཐག་པའི་རེ་ལྡེ་ཞེས་པའི་ཆར་ཁེབས་འདྲ་པོ་ཞིག་ཡོད་པ་དེ་གྱོན་གྱི་ཡོད། ཆུ་ལྷམ་དེ་འདྲའི་རིགས་སྐབས་དེ་དུས་གྱོན་རྒྱུ་མེད་པས་རྐང་རྗེན་མ་འགྲོ་དུས་རྐང་པར་རྨ་བཟོ་གིན་ཡོད། སྐབས་རེ་རྐང་པར་རྨ་ཆགས་ནའང་བྱ་ཐབས་མེད།

ཁོང་གིས་སྐྲ་ལྷས་མ་ལྷས་ནས་སྟོང་སྐུད་དམར་པོའི་འཛར་ལོ་བརྒྱབ་སྟེ་མགོར་དཀྲིས། ཀོ་བས་བཟོས་པའི་ཁབ་བཅུག་སའི་ཁབ་ཤུབ་ཅེས་ནར་མོ་ཞིག་བཏགས། གློ་གྲི་ཆུང་ཆུང་ཞིག་དང་། སྐེད་པར་འུར་རྡོ་ཆུ་མིག་དགུ་བསྒྲིལ་སྐེ་རགས་ལ་འཛེར། གློ་ཁུག་ཀྱང་བཏགས་ཡོད་ཅིང་། དེའི་ནང་དུ་སྐུད་པ་སོགས་བཅུག་གི་ཡོད། བུ་ཕྲུག་ཚོས་གྱོན་ཆས་རལ་སོང་ན་ཨ་མ་ལགས་ཀྱིས་འཚེམ།

དེ་འདྲའི་དཀའ་ངལ་ཞིག་ཡོད་རུང་། ད་དུང་སུན་སྣང་མེད་པར་ལས་ལ་བརྩོན་གྱི་ཡོད། “རྒྱུ་མེད་པ་སྐྱེ་བ་སྔོན་མའི་ལས་རེད། ལས་ཀར་རྣམ་གཡེང་བྱ་མི་རུང་“ཞེས་ལས་དོན་ལ་བརྩོན་འགྲུས་གཏོང་གི་ཡོད། མི་ཚེ་ནང་འཚོ་བའི་ཐོག་ཏུ་དཀའ་ངལ་དང་། ཕྲུ་གུ་རྣམས་ཆུང་བའི་ཨ་མ་གཅིག་པུས་ནང་གི་ལས་ཀ་ཀུན་བྱེད་དགོས་པའི་དཀའ་སྡུག་དེ་འདྲ་ཡོད་ནའང་། ད་དུང་ཞལ་རས་འཛུམ་གྱིས་ཁེངས་ཤིང་ལས་དོན་གཉེར་གྱི་ཡོད།

མི་སེམས་ལ་ཆོག་ཤེས་ཡོད་ན་རྟག་ཏུ་བདེ་སྐྱིད་ཡོད་ཅེས་པའི་ཚིག་དེ་གང་ཙམ་བདེན་པ་རེད། དྲིན་ཅན་གྱི་ཨ་མ་ལགས་དེ་འདྲའི་དཀའ་སྡུག་ཡོད་ནའང་སེམས་ནང་སུན་སྣང་མེད་པར་ཞལ་རས་འཛུམ་གྱིས་ཁེངས་ཤིང་གནས་ཀྱི་ཡོད། སྐབས་རེ་ཨ་མ་ལགས་ཀྱིས་མ་ཎི་དབྱངས་སྙན་མོ་འཐེན་བཞིན་ལས་ཀ་གནང་གི་ཡོད། ནང་ལ་འཚོ་བའི་ཐོག་ཏུ་དཀའ་ངལ་ཞིབ་མོ་ཡོད་རུང་། དྲིན་ཅན་ཨ་མ་ལགས་ཀྱི་ཞལ་རས་འཛུམ་མདངས་དེས་ནང་མི་རྣམས་ཀྱི་སེམས་ནང་བདེ་སྣང་དང་སྦྱོར་བ་བྱིན་གྱི་ཡོད།

འདས་ཟིན་པའི་ལོ་ཟླ་དེ་དག་དྲན་དུས། གཞན་ཚུགས་ཟིན་པའི་སེམས་ནང་དྲིན་ཅན་ཨ་མ་འདས་པོ་དེ་ཉིད་ཡང་ཡང་དྲན་གྱི་ཡོད།

ཀུན་མཁྱེན་གྱིས་སྨྲས་པ།

ཨ་མའི་དྲན་གསོ་སྙན་ངག

ཞལ་རས་འཛུམ་གྱིས་ཁེངས་ཤིང་།།
དྲིན་གྱིས་སྐྱོང་བའི་ཨ་མ།།
ལུས་སྦྱིན་བཀའ་དྲིན་ཅན་མ།།
སེམས་ནང་ཡང་ཡང་དྲན་གྱིན།།

ཨ་མ་ཞལ་བཞུགས་སྐབས་ལ།།
ཨ་མ་བཀའ་དྲིན་མ་ཤེས།།
ཨ་མ་མ་བཞུགས་སྐབས་སུ།།
ཨ་མ་ཡང་ཡང་དྲན་གྱིན།།

ལས་ངན་ཟད་པའི་བུ་ངས།།
ཨ་མ་གྲོངས་པའི་དུས་སུ།།
སྨན་ཆུ་ཙམ་ཡང་འབུལ་བའི།།
ཕན་ཐོགས་སྣེ་གཅིག་བྱུང་མེད།།

ཨ་མ་དྲན་ཐེངས་རེ་ལ།།
བྲང་ཁོག་ནང་ལ་འཚང་གིན།།
བཀའ་དྲིན་ཅན་གྱི་ཨ་མ།།
བདེ་བ་ཅན་དུ་སྐྱེ་སྨོན།།

ཕ་བུ་བར་གྱི་གཏམ་རྒྱུད།

ངའི་ཨ་ཕའི་མིང་བློ་བཟང་ཟེར་ཞིང་། ངའི་ཨ་ཕ་ནི་རང་བཞིན་མི་གཤིས་བཟང་པོ་ཞིག་རེད། ཨ་ཕ་ཞོགས་པ་སྔ་པོ་ལངས་ཏེ་ནོར་ལུག་རི་ལ་དེད་ནས་འགྲོ་གིན་ཡོད་ལ། ངས་དྲན་གསོ་བྱེད་པ་ནི་ཨ་ཕས་མགོ་ལ་གྱོན་པའི་ཚེ་རིང་པགས་ཞྭ་དེ་རེད། དེ་ནི་ཨ་ཕས་དབྱར་དགུན་སྟོན་དཔྱིད་མེད་པར་མགོ་ལ་གྱོན་ནས་འགྲོ་བཞིན་ཡོད་ཅིང་། ནང་དུ་སླེབས་དུས་ཚེ་རིང་པགས་ཞྭ་དེ་ཕུད་ནས་རྐ་ངོས་ལ་བཀར་གྱི་ཡོད། དེ་མིན་ལུས་དང་བྲལ་མེད་གྱོན་གྱི་ཡོད། རས་ཀྱི་ཕྱུ་པ་ནག་པོ་དེ་བལ་གྱི་འཐག་པ་སྐེད་རགས་དམར་པོས་བཅིངས། ཁོག་སྟོད་ལ་རྒྱ་རས་དཀར་པོའི་བོད་བཟོས་འོག་འཇུག་དང་། རས་ཀྱིས་བཟོས་པའི་གོས་འཐུང་ནག་པོ་རྙིང་ནས་སྤུས་མོ་གཡས་གཡོན་ལ་ལྷན་པ་བརྒྱབ་པ་ཞིག་གྱོན། རྐང་པར་ལྷམ་གྱོན་ཞིང་ལྷམ་སྒྲོག་དམ་པོ་བཅིངས། སྐེད་པར་འུར་རྡོ་ཆུ་མིག་དགུ་བསྒྲིལ་འཛེར། སྐེད་པར་གློ་གྲི་ཞིག་གང་དུས་ཡིན་ནའང་ལུས་དང་བྲལ་མེད་བཏགས། མདུན་དེར་མེ་ཆ་ཞིག་ཀྱང་བཏགས།

ནོར་ལུག་རྣམས་ལྷས་ར་ནས་བཏང་སྟེ་ཨ་ཕས་དལ་གྱིས་དེད་ནས་ཕྱིན། ནོར་ལུག་རྣམས་སྤང་ངོས་སུ་བརྒྱབ་ཏེ་རྫི་རོགས་ཚོ་དང་མཉམ་དུ་ཕ་བོང་ན་མོར་ཞིག་གི་ཐོག་ཏུ་བསྡད། རྫི་རོགས་འགའ་ཤས་རི་ནས་འབུད་ཤིང་བསྒྲུབ་ནས་ཡོང་ཞིང་། བློ་བཟང་སྡོད་ནས་དལ་གྱིས་ལངས་ཏེ་ཇ་བསྐོལ་ཐབ་བཅས་ཏེ་མེ་ཆ་ནས་སྦྲ་བ་ཕྱིར་བཏོན་ཏེ་རྡོ་ལྕགས་དང་མེ་རྡོ་ཕྲད་པ་ལ་མེ་སྦར། མཁའ་དབྱིངས་ལ་དུད་པ་སྔོན་འཕྱུར་འགྲོ་བ་མཐོང་དུས་ད་གཟོད་རྫི་བོ་ཚོས་མེ་སྦར་བ་ཡིན་པ་ཤེས། རྫི་རོགས་ལོ་ཆུང་རྣམས་བ་ཇ་ཐང་བསྐོལ་ཚར་རྗེས་འཐུང་ནས་སྤང་ངོས་སུ་རྩེད་མོ་རྩེ་བཞིན་བསྡད། དེ་ཉིན་གནམ་གཤིས་མདངས་ཤིང་། མཁའ་དབྱིངས་སུ་སྤྲིན་པ་ལྕང་ལོ་ཙམ་ཞིག་མེད། དབྱར་ཡིན་པས་སྤང་སྟེང་དུ་མེ་ཏོག་རིགས་སྣ་ཚོགས་བཞད། བྱ་ཚོགས་རྣམས་ཀྱང་སྤང་ངོས་སུ་འབབ་ནས་སྦུར་འབུ་འཐུ་བཞིན་མཆིས། བྱིས་ཕྲུག་རྣམས་ཀྱང་ཕ་མའི་རྗེས་སུ་བསྐད་རྒྱག་བཞིན་རྒྱུ།

གཡོན་རི་ཕྱོགས་ཀྱི་ཤིང་ནགས་གསེང་གི་ཆུ་འགྲམ་དུ་གནའ་བོ་ཁྱུ་དང་ཁྱུ་བྱས་ཏེ་འབབ་སྟེ་ཆུ་འཐུང་བཞིན་འདུག་ལ། གནའ་བོ་ཕོ་གཅིག་རི་ཟུར་ནས་སོ་ལྟ་བྱེད་བཞིན་མཆིས། རི་གདོང་ལ་ཡོད་པའི་གཡའ་བ་དེ་ངས་མཐོང་བ་དང་། ཉེན་ཁ་ཡོད་པའི་བརྡ་སྟོན་པ་དང་། ལམ་སེང་ཆུ་འགྲམ་དུ་ཡོད་པའི་གནའ་བོ་རྣམས་འུར་སྒྲ་དང་བཅས་ཏེ་བྲོས་ཏེ་ཤིང་ནགས་གསེང་དུ་ཡིབ་ཏུ་གང་ས་ཡོད་མེད་དུ་གྱུར།

རིམ་གྱིས་བློ་བཟང་གིས་རྫི་རོགས་ཚོ་ལ་ད་ནོར་ལུག་རུབ་ན་མ་གཏོགས་ས་རུབ་བསྡད་འདུག་ཚུལ་བརྗོད་པས། རྫི་རོགས་རྣམས་སར་ཆ་བགོས་ཏེ་ནོར་ལུག་རུབ་སྟེ་དེད་དེ་ནང་དུ་ཡོང་། མ་མཚོ་མོས་སྦྲ་གུར་ནང་དུ་ཇ་བསྐོལ་ནས་བསྡད། བུ་ཆོས་འཛིན་གྱིས་སྦྲ་སྒོ་ཡར་བཀྱག་ནས་བལྟས་པ་དང་། གྲོང་པའི་རྫི་རོགས་ཚོ་དང་མཉམ་དུ་ཨ་ཕ་བློ་བཟང་གིས་ནོར་ལུག་དེད་ནས་ཡོང་བ་མཐོང་། ལམ་སེང་ཆོས་འཛིན་གྱིས་ཨ་མ་ལ་ཨ་ཕའི་ནོར་ལུག་དེད་ནས་ཡོང་གི་འདུག་ཚུལ་བརྗོད།

ཕ་བློ་བཟང་གིས་ནོར་ལུག་རྣམས་ལྷས་ར་ནང་བརྒྱབ་པ་དང་། མ་བུ་གཉིས་ཀྱིས་འབྲི་རྣམས་ལྷས་རདང་ལ་བཏགས། ཨ་མས་ལག་པ་བཀྲུས་ཏེ་བཞོ་ཟས་འཁྱེར་ནས་འོ་མ་བཞོ་མགོ་བཙུགས། དེ་དག་ཚར་རྗེས་ཨ་མས་ཐབ་གཡོན་ཕྱོགས་སུ་ལྕགས་རྫ་བཙུགས་ནས་འོ་མ་བསྐོལ། ཐབ་གཡས་ཕྱོགས་སུ་ཐུག་པ་ཞིག་བསྐོལ། ཨ་ཕས་མཆོད་མེ་ཞིག་ཞལ་ཁ་ཕྱེས་ནས་སྒྲོལ་མ་ཉེར་གཅིག་སྐུ་ཐང་གི་མདུན་དུ་ཕུལ། ཨ་ཕས་མཆོད་མེ་ཞལ་འབྱེད་ཞུས་རྗེས་གཙང་ཆུ་སྒྲོན་སྐབས་ཞལ་ནས། ཨོྂ་ཨ་ཧུྂ། ཞེས་བརྗོད་བཞིན་ཕུལ།

ཐུག་པ་འཐུང་ནས་རིམ་གྱིས་ནང་མི་རྣམས་ཉལ་བ་དང་། ཕྱི་ཉིན་ཞོགས་པ་སྔ་པོ་ཨ་ཕ་ཉལ་ས་ནས་དལ་གྱིས་ལངས་ཏེ་ངོ་གདོང་གཙང་མ་ཁྲུས། ཨ་མས་ཞོགས་ཟས་གཡོས་ཟིན་ནས་འཐུང་རུང་བར་བཟོས་ནས་བཞག་ཡོད། ཨ་ཕས་ངོ་གདོང་འཁྲུ་ཚར་རྗེས་ནང་མི་རྣམས་གཅིག་ཏུ་བསྡད་ནས་ཞོགས་ཟས་ལ་ནང་མི་རྣམས་མཉམ་དུ་རོལ། དབྱར་ལས་ཚར་ནས་རིམ་གྱིས་ལུང་པའི་ཕུ་མདའ་ཚང་མའི་རྩྭ་སྔོ་སྐམ་ནས་ལུག་གི་རྒྱབ་ལྟ་བུར་སྐྱ་ཁྱབ་ཁྱབ་ཏུ་གྱུར། རུ་བ་སྤོ་ཟིན་ནས་ནོར་ལུག་ཤོད་ཀྱི་ལྷས་རྡང་ལ་བཏགས། དེ་ནུབ་ཁ་བ་འབབ་བཞིན་འདུག་ཅིང་། ཨ་མས་ཀྱང་ཐབ་ཏུ་མེ་སྤར་ནས་ཐུག་པ་ཞིག་བསྐོལ་འདུག་པས་ནང་མི་རྣམས་ཀྱིས་དེ་དག་འཐུང་སྟེ་ཉལ།

དགུན་ཁའི་ཉིན་མོ།

ཕྱི་ཉིན་སྔ་མོ་ཕ་བློ་བཟང་ཉལ་ས་ནས་དལ་གྱིས་ལངས་ཏེ་ཕྱི་རོལ་ལ་བལྟས་པ་དང་། རི་བོ་སྟོད་སྨད་ཚང་མ་ཁ་བས་གཡོགས་ཏེ་དཀར་ཁྱབ་ཁྱབ་ཏུ་འགྱུར་ཞིང་། རླུང་བུ་གྲང་ལྷབ་ལྷུབ་ཏུ་རྒྱག་བཞིན་པ་མཆིས། འདབ་ཆགས་ཚོགས་ཀྱིས་གྲང་ནས་ཁང་པའི་ཁྱམས་རའི་འོག་ཏུ་ཡིབ་ནས་འདུག དེ་ཉིན་གནམ་གཤིས་ཧ་ཅང་གྲང་བས། ཨ་མས་དེ་རིང་ནོར་ལུག་རིར་བཏང་ན་ཕན་ཐོགས་ཡོང་གི་མ་རེད་ཅེས་ནས་ཁང་པའི་ཤོད་ལ་འབབ་ནས་ནོར་ལུག་ལ་རྩ་སྟེར།

དེ་ཉིན་གནམ་གཤིས་ཧ་ཅང་གྲང་མོད། རིམ་གྱིས་ཉི་མོ་ཤར་ནས་ཁ་བ་རྣམས་རིམ་གྱིས་བཞུས་རྗེས། ཨ་མས་ནོར་ལུག་རྣམས་ལྷས་གདངས་ནས་བཏང་སོང་ཞིང་། ཆོས་འཛིན་གྱིས་ནོར་ལུག་རྣམས་དལ་གྱིས་དེད་ནས་ཉི་ཤར་ཕྱོགས་སུ་བརྒྱབ། དེ་ཉིན་རྫི་རོགས་ཚོ་ཡང་སླེབས་འདུག་ཅིང་། ཚང་མ་གྲང་བས་ལག་པར་ཁ་རླངས་བཏབ་བཞིན་འདུག རིམ་གྱིས་རྫི་རོགས་རྣམས་ཀྱིས་གངས་རྡོག་རྡོག་བཟོས་ནས་ཕན་ཚུན་འཛིང་རྩེད་བྱས། སྐབས་རེ་གཉའ་ཁུག་ཏུ་གངས་རྡོག་འཛུལ་ནས་གཟུགས་པོ་གྲང་སེང་ངེར་བཟོ་བཞིན་ཡོད། ད་དུང་རྩེད་མོ་རྩེ་བཞིན་ཡོད། རྫི་རོགས་རྩེད་མོའི་དགོད་སྒྲས་ཡོངས་སུ་བརྒྱངས་ཀྱི་ཡོད། དེ་དུས་ཀྱི་མི་ཚེའི་འཚོ་བ་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག་རེད་པས།

དེ་ནས་ཟླ་བ་འགའ་ཤས་སོང་རྗེས་ཨ་ཕས་གཡག་དང་མཛོ་རྣམས་རིར་བརྒྱབ་ནས་ཡུན་རིང་པོ་སོང་བས་དེ་རིང་དེ་དག་ཚང་ཨི་འདུག་ལྟ་བར་འགྲོ་དགོས་པ་རེད་ཅེས། ལུས་ལ་བལ་གྱི་ཕྱུ་པ་དང་། མགོ་ལ་ཚེ་རིང་ཞ་མོ། རྐང་ལ་བོད་ལྷམ་བཅས་གྱོན། རྒྱབ་ཏུ་སྒྱེ་གུ་ཁྲ་བོ་ནང་དུ་ཉིན་གུང་གི་ཁ་ལག་དང་ཁྱེར། སྐེད་པར་ཆུ་མིག་དགུ་སྒྲིལ་གྱི་འུར་རྡོ་འཛེར། རིམ་གྱིས་སྒོ་ནས་ཐོན་ནས་ཕྱིན། ལ་མོ་འགའ་ཤས་བརྒྱབ་རྗེས་ཉིན་ཕྱོགས་ནས་གངས་བཞུས་ཟིན་ཡོད་ཅིང་། སྲིབ་ཕྱོགས་སུ་གངས་ད་དུང་མ་བཞུས། ཉིན་ངོས་ཤུག་སྲིབ་ཏུ་གཡག་འགའ་ཤས་ཡོད་པར་མཐོང་བ་དང་། དེའི་ཕྱོགས་སུ་ཕྱིན། དེར་གཡག་དང་། མཛོ་བཅས་ཡོད་པར་མཐོང་བས་སེམས་ནང་བདེ་བའི་སྣང་བ་ཞིག་དང་འབྲེལ་རིམ་གྱིས་ཕྱིར་ནང་དུ་ལོག་མགོ་བཙུགས། ནང་དུ་སླེབས་དུས་ནང་མི་རྣམས་ཀྱིས་དགོང་བཟས་མ་ཟོས་པར་ཕ་བློ་བཟང་སྒུག་ནས་བསྡད་འདུག ཕ་བློ་བཟང་སླེབས་པ་དང་ནང་མི་རྣམས་དགོང་ཟས་ལ་རོལ་ནས་ཉལ་བ་རེད་དོ།།

བརྩམས་སྒྲུང་།, བསམ་ཚུལ།

Post navigation

Previous Post: ཨེ་ལི་སི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (77)
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (72)
  • ཨེ་ལི་སི། (50)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (17)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme