Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་གཡུ་སྒྲོན་གྱི་གཅིན།

Posted on 2015-01-132015-01-13 By ཁ་བརྡ 18 Comments on ཨ་མ་གཡུ་སྒྲོན་གྱི་གཅིན།

རྣོ་སྦྲེང་།

2015121757394733 ནང་གུང་གི་ཆུ་ཚོད་གཅིག་ལ་ཐོན། ཇོ་ཁང་གི་མདུན་དུ་ཕྱག་འཚལ་མཁན་གྱི་མི་རེ་གཉིས་ཡོད་མོད། སྤྱིའི་ཆ་ནས་བཤད་ན། ད་ནི་ཉིན་མོར་མི་ཚོགས་ཀྱིས་འགད་ལ་བྱེད་པའི་ཇོ་ཁང་དང་བར་སྐོར་ལམ་ཧ་ཅང་ལྷིང་ཞིང་འཇགས་པའི་དུས་ཡིན་པ་འདྲ། ང་མཚན་མོ་དེར་གྲོགས་པོ་ཞིག་གི་མགྲོན་འབོད་ནང་བཞིན་བདེ་སྐྱིད་ལམ་གྱི་ཁོ་ཧྥེ་ཁང་ཞིག་གི་ནང་དུ་སོང་ནས་ཡུན་རིང་འགོར། ང་སྡོད་སའི་མགྲོན་ཁང་ནི་བར་སྐོར་ལམ་གྱི་ཉེ་འགྲམ་སྟེ་ཁྲོམ་གཟིགས་སྒང་དུ་འབོད་པའི་སྲང་ལམ་དུ་ཡོད་པས། ལམ་བར་དུ། ང་ལ་མཚན་ལྗོངས་ཀྱི་ཇོ་ཁང་དང་བར་སྐོར་ལམ། ཡང་ན་དབོན་ཞང་རྡོ་རིང་སོགས་པར་ཞིག་རྒྱག་འདོད་ཀྱི་ཚོར་བ་སྐོར་ལོག་ཅིག་གིས་དེད་དེ་གཙུག་ལག་ཁང་གི་ཕྱོགས་སུ་བསྐྱོད་པ་ཡིན།
ང་རང་མོ་ཊ་ལས་བབས་ཏེ་ཇོ་ཁང་གི་མདུན་ཕྱོགས་ཀྱི་ལམ་ཆེན་དེད་ནས་སོང་།
“ཅི་བྱེད་དུ་འགྲོ་བ་ཡིན།”
“ང་སྡོད་སའི་མགྲོན་ཁང་ཁྲོམ་གཟིགས་སྒང་གི་འགྲམ་ན་ཡོད་པས་འདི་ནས་སོང་ཚེ་ཐག་ཉེ།”
“ཁུག་མ་ཞིབ་བཤེར་འཕྲུལ་ཆས་སྟེང་ལ་འཇོག་རོགས།”དུས་ཚོད་ཉེར་བཞིའི་རིང་སྲུང་ཡོད་པའི་ཇོ་ཁང་མདུན་ཕྱོགས་ཀྱི་སོ་སྲུང་བས་དེ་སྐད་ལབ་བྱུང་།

“ཁུག་མའི་ནང་གི་དེ་ཅི་ཞིག་ཡིན།”
“ཇ་དམར་ཡིན།”ཁོས་སྨིན་མ་གཅིག་ཏུ་བསྡུས་ཤིང་སྣ་གཉེར་གཉེར་གྱིས་སྣུམ་ཙམ་བྱས་རྗེས་ཇ་དམར་ཕྱིར་ཁུག་མའི་ནང་དུ་འཇོག་བཞིན“སོང་ཆོག”ཟེར། ངས་གོམ་པ་ཇེ་བྲེལ་ལ་བཏང་སྟེ་ཇོ་ཁང་གི་མདུན་ཕྱོགས་སུ་སོང་། དམར་ཆེམ་ཆེམ་གྱི་གློག་འོད་འོག་ཏུ་མི་རེ་གཉིས་ལས་ཅི་ཡང་མཐོང་རྒྱུ་མི་འདུག ངས་ཟུར་སྣེ་མི་འདྲ་བ་ནས་པར་འགའ་རེ་བརྡབས་ཤིང་། པར་མིག་བསྐོར་ཐེངས་ཤིག་གིས་ཇོ་ཁང་ལྕགས་རིའི་འཁྲིས་ན་ཙོག་ནས་བསྡད་ཡོད་པའི་ཨ་མ་རྒན་མོ་དེ་མཐོང་བྱུང་།
ཁོ་མོས་སློག་པ་མཐུག་པོ་ཞིག་གྱོན་ནས་ལག་གི་མ་ཎི་འཁོར་ལོ་ཆད་མེད་དུ་བསྐོར་ཞིང་། ཁ་ཡང་མུར་མུར་གྱིས་ཤིན་ཏུ་བྱང་ལོས་ཡོད་སྙམ་པའི་ཁ་བཏོན་ཞིག་ཆགས་མེད་དུ་ཟློ། ང་རང་ཁོ་མོའི་གམ་དུ་སོང་། ཁོ་མོས་ང་ལ་བལྟ་ཙམ་བྱས་རྗེས་ཅི་ཡང་མི་སྨྲ།
“ཨ་མ་ལགས། རང་གང་གི་ཡིན་པས།”
“ང་རང་ཨ་མདོ་ནག་ཆུ་ནས་ཡིན། ངས་ཁྱེད་རང་རྒྱ་མི་ཞིག་རེད་སྙམ་བྱུང་།”
“རང་གིས་འདི་ན་ག་རེ་གནང་གི་ཡོད།”
“ངས་སང་ཉིན་གྱི་ཇོ་མཇལ་ཐོག་མ་ལ་སྒུག་ཡོད།”
“ད་ལྟ་དུས་ཚོད་ཞེ་དྲག་སྔ་པོ་འདུག་པས། ཕྱིར་སོང་ནས་ངལ་གསོས་ན་མི་དགའ་འམ།”
“མིན། དུས་ཚོད་གསུམ་བཞིའི་སྟེང་ནས་བཟུང་ཇོ་བོར་མཇལ་མཁན་གྱི་མིས་འཚང་ཁ་རྒྱབ་འགྲོ”
“འོ་རེད”ངས་དེ་ལྟར་ལན་སྟབས་བདེ་ཞིག་བཏབ་རྗེས་ཁོ་མོའི་འཁྲིས་ནས་ཙོག་སྟེ་སྟོང་བའི་དབྱིངས་སུ་སིམ།
ལྟ་ཕྱོགས་ཤིག་གིས་ཨ་མ་རྒན་མོ་ལགས་ཀྱི་སྐྲ་ལོ་དཀར་པོ་དང་། རྒས་གཉེར་བརྩེགས་མ། ད་དུང་དྭངས་གཙང་གིས་ཁྱབ་པའི་འཛུམ་མདངས་སོགས་ཀྱིས་ང་ལ་ཞེ་བདེ་བག་ལྷོད་ཀྱི་ཚོར་བ་སྟེར་ཞིང་། སྐབས་དེར་ཇོ་མཇལ་ཐོག་མ་ལ་རེ་བའི་ཨ་མ་རྒན་མོ་ལགས་ཀྱི་དད་པ་ལ་གཏན་ཚིགས་ཀྱིས་འགྲེལ་རྒྱག་ས་མི་འགྲོ་བ་འདྲ་སྟེ། མིའི་རིགས་ཀྱིས་དགའ་ཁ་འཁྱེར་སོ་མི་འདྲ་བ་དང་། ཚོར་བའི་ཕྲ་ཕུང་རེ་རེ་ཡང་ཁྱོན་ནས་མི་འདྲ་བར། དད་པ་དེ་ཡང་སྒྱུ་རྩལ་ཞིག་གམ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་ལགས་པས། མི་སུ་ཡིན་རུང་ཚོར་བ་བདེ་བ་འདོད་པ་དང་ཚོར་བ་སྡུག་བསྔལ་མི་འདོད་པ་ནི་སྤྱི་མཐུན་དུ་གྲུབ་ཡོད་པ་བརྒྱ་ཁ་གཅིག་གྲགས་ཡིན་པ་ཐག་གིས་ཆོད། དེ་བས་ཁོ་མོའི་ཚོར་བ་བདེ་བ་དེ་ལ་སུས་ཀྱང་གཏན་ཚིགས་དང་རྒྱ་མའི་སྟེང་ལ་འཇོག་པ་ནོར་འཁྲུལ་ཞིག་ཡིན་པ་ཚོར། ང་དེ་ལྟར་བསམ་གཞིག་གི་བར་སྣང་ན་ངེས་མེད་དུ་གཡོ་བའི་ཁ་བ་བཞིན་འཕུར་དུས། ཨ་མ་རྒན་མོ་ལགས་ཀྱིས་མ་ཎི་བསྐོར་ལོ་བསྐོར་མཚམས་བཞག་སྟེ།
“གཅེས་ཕྲུག ཁྱེད་རང་གང་ནས་ཡིན། ལྷ་ས་ཡོང་དོན་ཅི་ཡིན་ཟེར”
“ང་རང་མཚོ་སྔོན་རེབ་གོང་གི་ཡིན། ལྷ་ས་ལ་ལྗོངས་རྒྱུར་ཡོང་་་་་་་ལྷ་ས་ལ་མཇལ་སྐོར་དུ་ཡོང་བ་ཡིན།”

“ཨོ་རེད། ཚེ་ཐག་རིང་རྒྱུ་བོ”ཞེས་ངེད་གཉིས་ཀྱིས་ཁ་བརྡའི་ཀློང་བརྡོལ་མགོ་བརྩམས། ལྷ་སའི་ཟླ་འོད་འོག་ཏུ། ཨ་མ་གཡུ་སྒྲོན་དང་ངེད་གཉིས་དེ་ལྟར་ངོ་ཤེས་སུ་གྱུར་བ་ཡིན། ངས་རང་ཉིད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་དཀའ་སྡུག་མང་པོ་ཞིག་ཁོ་མོར་བཤད་པ་ནང་བཞིན། ཁོ་མོས་ཀྱང་གཙུག་ལག་གི་མདུན་ནས། ད་རེས་ལྷ་ས་ལ་ཡོང་དོན་དང་། ཆུང་དུས་ཀྱི་དཀའ་ངལ། ཁྱིམ་ཚང་གི་འཚོ་བ་སོགས་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་མང་པོ་རིམ་བཞིན་ལབ་བྱུང་། གལ་སྲིད་ད་རུང་དུས་ཚོད་ཡོད་པའི་དབང་དུ་བཏང་ཚེ། ཁོ་མོའི་ཁོག་ན་ཉིན་ཞག་བཅོ་བརྒྱད་ལ་ཡང་གླེང་མི་ཚར་བའི་ངོ་མཚར་གྱི་གཏམ་རྒྱུད་མང་པོ་ཡོད་པ་འདྲ་མོད། དེ་དག་ལས་ཀྱང་ཁོ་མོའི་གཅིན་དང་འབྲེལ་བའི་དངོས་ཡོད་ཀྱི་གཏམ་རྒྱུད་དེས་ང་རང་རྨང་ནས་ཧང་སངས་པར་བྱས་སོང་།
ཁོ་མོའི་མིང་ལ་ཨ་མ་གཡུ་སྒྲོན་ཟེར། གོང་ནས་མཚམས་སྦྱོར་བྱས་ཟིན་པ་ནང་བཞིན་ཁོ་མོའི་ཕ་ཡུལ་ནི་ཨ་མདོ་ནག་ཆུ་རེད། ཁོ་མོས་བཤད་ན། “ཁོ་ཚོ་ནི་འབྲོག་ལས་རྐྱང་རྐྱང་ལ་བརྟེན་ནས་རྩྭ་ཐང་ན་འཚོ་བ་རོལ་བའི་འབྲོག་པ་གཞན་དག་དང་འདྲ་མཚུངས་ཡིན”ཟེར། ཁོ་མོ་བཅུ་དྲུག་ལང་ཚོའི་མེ་ཏོག་མངོན་པར་བཀྲ་བའི་དུས་སུ་ཕ་མའི་མངགས་བཀོད་བཞིན་མཐུ་སྟོབས་ཀྱི་རྗེས་སུ་ཡོང་བ་ཡིན་ཞིང་། བརྩེ་དུང་ཟེར་བ་དང་གཉེན་སྒྲིག་རང་དབང་ཟེར་བ་ཁྱོན་ནས་མི་ཤེས་པའི་སྐབས་ཐོག་དེའི་འབྲོག་མོ་གཞན་དག་ཚོ་དང་འདྲ་བའི་ཁོ་མོ། ཚེ་འདིར་མཐུ་སྟོབས་ཀྱི་སྐྱ་ཡར་གྱུར་བ་ནི་ཐོག་མར་རང་གི་བསོད་ནམས་ཤིག་ཏུ་འདོད་མོད། “ཐ་མར་ངའི་ལས་སྣང་མ་དག་པས་་་་”ཞེས་སྐད་ཆའི་འཕྲོ་མཐུད་མ་ཐུབ་པར་ཡུན་རིང་ལ་ལུས།
“མཐུ་སྟོབས་ནི་ངེད་ཚོའི་འབྲོག་སྡེ་ལ་མཚོན་ནས་བཤད་ན་ཡག་ཕོ་སྒོ་དང་ལག་ལས་ཀ་གཙོ་བོ་ནི་ཕ་མ་ལ་བསྙེན་བཀུར་ཆེ་ཞིང་། བཟའ་ཟླར་གཅེས་ཤིང་བྱམས་པའི་ཁྱོ་ཀ་བཟང་པོ་ཞིག་ཡིན། ང་རང་ཁོའི་རྗེས་ལ་ཡོང་བའི་ལོ་གཉིས་པར་མངལ་ཆགས་ཤིང་། ཁྱིམ་མི་ཡོངས་ཀྱིས་ངའི་ཁོག་གི་བྱིས་པར་རེ་སྒུག་ཆེན་པོ་བྱས་ནས་བསྡད་མོད། མ་རུངས་བདུད་ཀྱི་གཡབ་མོས་ངའི་གཅེས་ཕྲུག་མངལ་ལས་ལྷུང་བ་དང་སྐད་ཅིག་དུས་མཉམ་དུ་ཁོའི་ཚེ་སྲོག་འཕྲོག་སོང”ཞེས་ཁོ་མོའི་མིག་མཐའ་ནས་མཆི་མ་འཐོར་ཞིང་། ཕྲེང་བ་བཟུང་ཡོད་པའི་ལག་གཡོན་པས་མིག་ཆུ་འཕྱི་ཙམ་བྱས་རྗེས་ཁ་བརྡའི་ལྷག་འཕྲོ་མུ་མཐུད་དུ་གླེང་སོང་།
དེ་ནས་བཟུང་ང་ལ་མཐུ་སྟོབས་ཀྱི་བྱིས་པ་འཁོར་མ་མྱོང་། ངེད་གཉིས་ཡར་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་། བར་ལྷ་ཀླུ་ལ་བསང་མཆོད་བྱས་ན་ཡང་། སྐྱེས་དམན་ང་ལ་ཁོའི་ཤ་ཁྲག་ལས་མཆེད་པའི་རིགས་རྒྱུད་འཛིན་མཁན་ཞིག་བྱུང་མ་སོང་། དེ་ལྟར་ཉིན་ནས་ཟླ་དང་། ཟླ་ནས་ལོ་མཐུད་དེ་ང་རང་ཤེས་མེད་ཚོར་མེད་ཀྱིས་མོ་ལོ་ཉེར་བརྒྱད་ལ་སོན་ཞིང་། སྐབས་དེར་མཐུ་སྟོབས་ངེད་གཉིས་ལ་ཐབས་བཀོད་གཞན་ཅི་ཡང་མེད་པས་བུ་སྐལ་ཞིག་བླངས་པ་ཡིན།
ལོ་དེའི་དབྱར་ཁར། ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བླ་མ་མཁའ་ལྡིང་རིན་པོ་ཆེ་ངེད་ཚང་ལ་ཇ་བཞེས་སུ་ཕེབས་ཤིང་མོ་རྩིས་ཡང་ཡང་བྱས་མཐར། “ས་བདག་གིས་གནོད་པ་བྱེད་བཞིན་ཡོད་པས་བཅའ་བ་རིམ་གྲོ་ཤིན་ཏུ་ལྕི”གསུངས།
མཐུ་སྟོབས་ཀྱིས་པུས་མོའི་སླ་ང་ས་ལ་བཙུགས་ཏེ་རེ་བ་བྱས་པ་བརྒྱུད། ཉིན་གཉིས་པ་ནས་བཟུང་ཁོང་རིན་པོ་ཆེ་ངེད་ཚང་ལ་རིམ་གྲོ་སྒྲུབ་ཏུ་ཕེབས། ཉིན་མོ་དེར་མཐུ་སྟོབས་ཀྱིས“ང་དེ་རིང་ནོར་ལུག་གི་རྗེས་སུ་འགྲོ་དགོས། ཁྱེད་ཀྱིས་རིན་པོ་ཆེ་ཚང་ལ་སྐུ་གཡོག་ཞབས་ཞུ་ལེགས་པོ་སྒྲུབ་རོགས”ཞེས་བཤད་རྗེས་ཕྱིན་སོང་ལ། བླ་མ་རིན་པོ་ཆེ་ཚང་གིས“གསོལ་ཐབ་པ”ཡང་ཕྱིར་དགོན་པའི་ནང་དུ་དཔེ་ཆ་ཞིག་གི་རྗེས་ལ་མངགས་སོང་།
ཉིན་མོ་དེར་ཚ་གདུག་ཤིན་ཏུ་ཆེ། སྦྲ་ནག་གི་དཀར་ཁུང་ལས་འོད་ཐིགས་ཐབ་རྩ་ལ་འཕྲོས་ཤིང་།  སྦྲང་མའི་ཝང་སྒྲ་དང་རིན་པོ་ཆེ་ཚང་གི་འདོན་སྐད་ལས་གཞན་ཡོད་ཚད་ལྷིང་ཞིང་འཇགས། དཔྲལ་བ་ན་རྔུལ་ཆུ་འོད་ཀྱིས་འཚེར་གྱིན་པའི་ཁོང་གིས་འདོན་མཚམས་བཞག་སྟེ། “གཡུ་སྒྲོན། ང་ལ་ཆུ་ཞིག་བླུགས་དང”ཟེར། ངས་དཀར་ཡོལ་འབྲུག་རིས་མ་དེ་གཙང་མར་བཀྲུས་ཤིང་ཤུགས་རྡུལ་བྱས་རྗེས་ཁོང་ལ་ཆུ་འཁྱག་མཆོད་པ་ཡིན། ཁོང་གིས་ཆུ་འཁྱག་ལེན་ཞོར་ངའི་ལག་པ་བསྡམས་ཏེ་ཁོང་གི་མདུན་ནས་སྡོད་དང་གསུངས།
ངས་ཅི་ཡང་སྨྲ་མི་ཐུབ་པར་ཁོང་གི་སྔུན་ནས་གུམ་བཙོག་བྱས་ཏེ་ཐོད་པ་ཁོང་གི་ཞབས་ལ་གཏུགས་ནས་བསྡད་པ་ན། ཁོང་གིས“ཁྱེད་ཀྱི་ལུས་ལ་མི་གཙང་བའི་སྡིག་སྒྲིབ་མཐུག་པོ་ཡོད་པས། ངས་ཁྱེད་ལ་ཞབས་ཁྲུས་ཤིག་གནང་དགོས”གསུངས་བྱུང་། ངས“ཞབས་ཁྲུས”ཟེར་བ་དེ་ཅི་ཡིན་མི་ཤེས་མོད“ལེགས་སོ”ཞུས་པ་ཡིན། ཉིན་མོ་དེར་ཉིན་མ་དཀར་ངོགས་ནས་ཁོང་གིས་ང་ལ་འཇིག་རྟེན་ཕོ་མོའི་བར་གྱི་དོན་དག་དེ་ལས་སོང་། ཁོང་གིས་གསུང་ན་དེ་ནི“རིམ་གྲོ”ཡིན་ཟེར་ལ། མཐུ་སྟོབས་ཀྱིས་ཀྱང་དོན་དེ་ཧ་གོ་ཡོད་གསུངས་བྱུང་། དེ་ལྟར་ཟླ་གཉིས་གསུམ་ལྷག་གི་རིང་ལ་ཁོང་རིན་པོ་ཆེ་ངེད་ཚང་ལ་ཉིན་འགའ་རེའི་ནང་རིམ་གྲོ་སྒྲུབ་ཏུ་ཕེབས་ཤིང་། ཁོང་རིམ་གྲོ་སྒྲུབ་ཏུ་ཕེབས་ཐེངས་རེ་ལ། མཐུ་སྟོབས་ནོར་ལུག་གི་རྗེས་ལ་བུད་འགྲོ་ཞིང་། གསོལ་ཐབ་པ་ཕྱིར་དགོན་ནང་དུ་བུད་འགྲོ།
ཁོང་གིས་ང་ལ་རིམ་གྲོ་སྒྲུབ་པའི་ཉིན་དང་པོར། “དེ་རིང་ནས་བཟུང་ཁྱེད་ཀྱིས་གཅིན་ས་གཙང་ས་དང་རི་མཐོ་ས་ལ་གཏོང་དགོས”གསུངས། བླ་མ་ཐུགས་རྗེ་ཅན་ལ་ཐུགས་བསྐྱེད་སྨོན་ལམ་ཡོད་སྲིད་པས་ངས་ཀྱང་ཁོང་གི་བཀའ་གསུང་བཞིན། རང་གི་གཅིན་ནམ་རྒྱུན་ངེད་ཚང་གི་རི་བསང་ཕུད་སའི་དར་ལྕོག་དེའི་འགྲམ་ལ་བསྐྱལ་བ་ཡིན།
ཡུན་རིང་མ་འགོར་བར་ཉི་མ་འདྲ་བའི་བླ་མའི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས“ང་ལ་མངལ་འཁོར་ཞིང་། ཟླ་དགུ་ཞག་བཅུ་འགོར་བའི་རྗེས་ནས་ད་ལྟའི་དགེ་འདུན་ལེགས་བཤད་སྐྱེས་པ་ཡིན”ཟེར།
འདིར་ཀློག་པ་པོ་དག་ལ་ཞུ་དགོས་པ་ཞིག་ལ། དགེ་འདུན་ལེགས་བཤད་ནི་བླ་མ་མཁའ་ལྡིང་རིན་པོ་ཆེས་རིམ་གྲོའི་ནུས་པ་ལས་ཐོན་པའི་མཐུ་སྟོབས་དང་ཨ་མ་གཡུ་སྒྲོན་གཉིས་ཀྱི་བུ་ཆུང་ཡིན་ཞིང་། ཁོ་ལོ་བཅུ་གཅིག་ལ་སོན་པའི་བར་དེར། བླ་མ་ཚང་གིས་ཁོ་ནི་མ་འོངས་པ་ན་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པའི་སྐྱེས་བུ་རླབས་ཆེན་ཞིག་ཡོང་རྒྱུའི་ལུང་བསྟན་གནང་ནས་རབ་བྱུང་སྒྲུབ་ཏུ་བཅུག ལོ་ངོ་དྲུག་བདུན་ལྷག་གི་རིང་ལ་ཁོང་གི་གམ་དུ་ཁ་བཏོན་དགེ་སྦྱོར་གྱི་སྐོར་སློབ་ཏུ་བཅུག་ཅིང་། ཕྱིས་སུ་ལྷ་སའི་སེ་ར་དགོན་ལ་བསྐྱལ་བ་རེད་འདུག ཨ་མ་གཡུ་སྒྲོན“ལྷ་སར་ཡོང་དོན་ཡང་གཅིག་ནས་དགེ་འདུན་ལེགས་བཤད་ལ་བལྟ་རུ་འོང་བ་ཡིན་ཞིང་། གཉིས་ནས་ཇོ་བོ་ཞལ་མཇལ་ཐོག་མ་བཅུ་གསུམ་དང་ཕྱག་སྐོར་ཆ་ཚང་ཞིག་ལེན་པའི་ཕྱིར་དུ་འོང་བ”ཡིན་ཟེར། ཁོ་མོས་བཤད་ན། “དེ་ནི་བླ་མ་མཁའ་ལྡིང་རིན་པོ་ཆེ་ཚང་གིས་སྐབས་དེར་ང་ལ་གནང་བའི་བཀའ་གདམས་ཡིན་པས་ད་རེས་ཁོང་གི་བཅའ་བ་འགྲུབ་དགོས”ཟེར།
“འོ་ན། བླ་མ་རིན་པོ་ཆེ་ད་ལྟ་གང་ན་བཞུགས་སམ”ངས་བསྲན་མ་ཚུགས་པར་ཁོ་མོའི་སྐད་ཆའི་མཚམས་བཅད་ནས་དྲིས་པ་ན། ཁོ་མོས་ལག་པ་གཡས་པས་མ་ཎི་བསྐོར་ཞིང་གཡོན་པས་ཕྲེང་བ་ཉུལ་བཞིན“ཁོང་སྐུ་མྱ་ངན་ལས་འདས་སོང”ཟེར། ཁོ་མོས་བཤད་ན། མོ་རང་ལོ་སོ་བརྒྱད་ལ་སོན་པའི་དགུན་ཁ་ཞིག་ལ་མཁའ་ལྡིང་རིན་པོ་ཆེ་ཁོ་ཚང་ལ་རིམ་གྲོ་སྒྲུབ་ཏུ་ཕེབས་མྱོང་ཞིང་། ཉིན་མོ་དེ་ནི་ངས་རང་གི་གཅིན་རི་བསང་ཕུད་སའི་དར་ལྕོག་གི་འགྲམ་ལ་བསྐྱལ་བའི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན། ཉིན་མོ་དེ་ནས་བཟུང་ངས་ཁོང་ཚང་ཐེངས་གཅིག་ལ་ཡང་མཐོང་མ་མྱོང་། “ང་ཚོ་ལ་ཁོང་གི་བསོད་ནམས་གང་ན་ཡོད”ཟེར།
ང་ལ་སྐབས་དེའི་ཁོ་མོའི་ཁྱོ་ཀ་མཐུ་སྟོབས་ཀྱི་སེམས་ཁམས་སོགས་དྲི་བ་མང་པོ་ཞིག་ངག་གི་སྒོ་ཁར་འཚང་ཁ་རྒྱག་ན་ཡང་། ཁོ་མོས་མ་ཎི་སྐོར་ཞོར་དུ་སྐད་ཆའི་འཕྲོ་གླེང་བྱུང་། བླ་མ་མཁའ་ལྡིང་རིན་པོ་ཆེ་ཚང་ནི་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན། རུ་སྡེ་བ་གཉིས་ཀྱི་ནོར་བུ་ཡིན། ཕྱིས་སུ་ངས་གོ་ཐོས་ལྟར་ན། “རུ་གོང་མའི་སྡེ་དཔོན་གྱི་ཆུང་མ་ལ་ཡང་མངལ་མ་ཆགས་པས། ཁོང་གིས་རིམ་གྲོ་སྒྲུབ་པའི་མཐུ་ལ་བརྟེན་ནས་བུ་མོ་ཡག་མ་མེ་ཏོག་འདྲ་ཞིག་སྐྱེས་འདུག”ཟེར། ཁོང་ཚང་ཕེབས་སྔ་བ་ཡང་ངེད་ཅག་གི་མ་དག་པའི་དུག་གྲིབ་ཕོག་པས་ཡིན་ན་ཡང་ཐང་། “བླ་མ་བཀའ་དྲིན་ཅན་ཁོང་ཨང”ཞེས་མིག་ཟུང་བཙུམས་བྱུང་།
སྐབས་དེར་བར་སྐོར་ལམ་དུ་མཇལ་བ་ཇེ་མང་ལ་སོང་ཞིང་། ཇོ་མཇལ་ཞུ་མཁན་ཚོས་རང་འགུལ་གྱིས་པང་སྒྲིག་གིན་འདུག་ལ། བསྐོར་ཕྱག་བྱེད་མཁན་ཚོ་ཡང་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར།
“ཨ་མ་གཡུ་སྒྲོན་ལགས། ང་རང་འགྲོ་རྒྱུ་ཡིན།”
“ཁྱེད་ཀྱིས་ཇོ་མཇལ་མི་བྱེད་དམ།”
“ངའི་ཁོག་པ་གཤལ་རྩིས་ཡོད་པ་འདྲ”ཞེས་ཁོ་མོར་རྫུན་གཏམ་ཞིག་སྨྲས་རྗེས་ཕྱིར་མགྲོན་ཁང་ལ་ཆས། ཁོ་མོའི་གཏམ་རྒྱུད་ལ་ཉན་པར་མགོ་འཁོར་ནས་ནམ་སྨད་ཀྱི་ཆུ་ཚོད་བཞི་དང་ཕྱེད་ཀ་ལ་བསླེབས་འདུག
ངས་བར་སྐོར་ལམ་བརྒྱུད་ནས་ཕྱིར་མགྲོན་ཁང་ལ་ལོག་པའི་ལམ་བར་དུ། ཁ་བཏགས་འཚོང་མཁན་གྱི་བུ་མོ་ཆུང་ཆུང་ཞིག་བརྒྱུགས་འོང་ནས“རྒན་ལགས། ཁ་བཏགས་ཤིག་ཉོས་ཨང”ཟེར།  ལྷ་སའི་ལྭ་བ་གྱོན་པའི་ཨ་ཅག་ཅིག་བརྒྱུགས་འོང་ནས“རྒན་ལགས། དར་ལྕོག་ཅིག་ཉོས་ཨང”ཟེར། ངའི་ཚོར་འདུ་སྣ་ཁ་སུམ་བརྒྱ་དྲུག་ཅུ་ཡོད་དོ་ཅོག་ཨ་མ་གཡུ་སྒྲོན་གྱི་གཅིན་པའི་སྟེང་ལ་འཁོར་ཡོད་པས། ཁོ་ཚོར་ཁ་ཡ་བྱེད་འདོད་ཀྱི་སེམས་ཁམས་ཤིག་ཁྱོན་ནས་མ་བྱུང་།
མགྲོན་ཁང་དུ་ཐོན་དུས་ཆུ་ཚོད་ལྔ་བར་བསླེབས་འདུག ང་ལ་མཚོན་ན་མལ་དུ་མ་ལོག་པའི་ཡར་སྔོན་དུ་ཁྲུས་རྒྱག་པའི་སྲོལ་ཡོད་མོད། ཆད་སྣང་དྲག་པོ་ཞིག་གིས་ཉོབ་ཡོད་པས་གོན་པ་དག་ཡར་འཕེན་མར་འཕེན་བྱས་རྗེས་ཉལ་བ་ཡིན།
མལ་དུ་ལྡོག་རྗེས། ཁ་པར་ལས་འཕྲིན་ཕྲན་ནང་གི་དྲ་གྲོགས་ཚོའི་བརྡ་འཕྲིན་ལ་བལྟ་རྩིས་བྱས་མོད། མགྲོན་ཁང་གིWifiཆད་འདུག་པས། རང་གི་བཞུར་ཚད་སེར་སྣ་སྐྱེས་ཞོར3Gགྱི་སྒོ་ཕྱེ་ནས་འཕྲིན་ཕྲན་གྱི་སྒང་ལ་ཉུལ་ཞིང་། ཨ་མ་གཡུ་སྒྲོན་གྱི་གཅིན་དང་འབྲེལ་ཡོད་ཀྱི་ཚོར་སྣང་མདོར་བསྡུས་ཤིག་སྤེལ་བ་ཡིན། སྤྱིར་ཡིན་ན། མི་གྲངས་སྟོང་གཉིས་ཙམ་ཡོད་པའི་ཁོ་བོའི་འཕྲིན་ཕྲན་དུ། གསར་དུ་སྤེལ་བའི་ཨ་མ་གཡུ་སྒྲོན་གྱི་གཅིན་དང་འབྲེལ་བའི་ཚོར་སྣང་ལ་སྙིང་ཆུང་སྟེར་མཁན་གཅིག་ཀྱང་མ་བྱུང་། བལྟས་ཡོང་ན་དྲ་གྲོགས་ཚང་མ་རྨི་ལམ་གྱི་ཞིང་ཁམས་ན་ཡོད་པ་འདྲ། ཡིན་ན་ཡང་། ང་ལ་ཨ་མ་གཡུ་སྒྲོན་གྱི་གཅིན་དང་འབྲེལ་ཡོད་ཀྱི་བརྩམས་སྒྲུང་ཞིག་འབྲི་འདོད་ཀྱི་ཚོར་བ་འཕྱུར་ནས་ཡོང་བས། ད་ནི་ཨ་མ་གཡུ་སྒྲོན་གྱི་གཅིན་ཞེས་པའི་སྒྲུང་ཐུང་ཞིག་འབྲི་བར་བྱ།

༢༠༡༤ལོའི་ཟླ༢པའི་ཚེས༨མཚན་མོར་ལྷ་ས་རུ།
བརྩམས་སྒྲུང་བསྡུས་དེབ<<མ་སྐྱེས་ཨ་མ>>ལས་བཤུས།

བརྩམས་སྒྲུང་།

Post navigation

Previous Post: བོད་རིགས་ཁྱིམ་ཚང་ཞིག་གིས་ཨ་སྒོར་འབུམ་གཅིག་གནང་བ།
Next Post: རྡོ་བ། རྡོ་བ། རྡོ་བ།

Comments (18) on “ཨ་མ་གཡུ་སྒྲོན་གྱི་གཅིན།”

  1. ཇུས་ཏོག says:
    2015-01-13 at 2:52 am

    བླ་མས་ལོག་གཡེམ་སྦྱིན་རླབས་ཟེར་།
    གྲ་པས་ལོག་གཡེམ་གྲ་ལོག་ཟེར་།
    བླ་མས་བུད་མེད་ཉར་ན་མཛད་པ་ཟེར་།
    གྲ་བས་བུད་མེད་ཉར་ན་གྲ་ལོག་ཟེར་།
    ཤ་མ་ཟ་བླ་མས་འཛོ་ལི་འདའ་།
    ཤ་ཚོན་པོ་ཟ་མཁན་བླ་མ་རེད་།
    གཞན་གྱི་ཆུང་མ་ལ་མ་བསྟེན་བླ་མས་འཛོ་།
    གཞན་གྱི་ཆུང་མ་ལ་བསྟེན་མཁན་བླ་མ་རེད་།

  2. ཆུ་ཐིགས་སྔོན་མོ says:
    2015-01-13 at 3:20 am

    བླ་མའི་མཛད་པ་རེད་་་་ཡོད་ཚད་ལ་དག་སྣང་སྒོམ་དགོས་པ་རེད་་་ཅི་མཛད་ལེགས་པར་མཐོང་དགོས་པ་གལ་ཆེན་རེད་་་་ལམ་སེང་ཁ་མ་གཏོང་་་་གཙོ་བོ་ཕན་ཐོགས་ཡོད་མེད་ལ་ལྟོས་་

  3. པདྨ says:
    2015-01-13 at 3:32 am

    ཨ་ཁ་ཁ། ད་ཡིན་ན་གཏམ་འདི་དམིགས་ཡུལ་ངན་པ་ཞོགས་དུང་གི་རྗེས་འདྲིངས་པས་བཟོས་པ་རེད། ཧ ཧ བོད་པ་ཚོས་་་རྟོག་སྒྲུང་ལ་བསྟེན་ནས་བླ་གྲྭ་སྨད།།བོན་སྒྲུང་ལ་བསྟན་ནས་ནང་ཆོས་སྨད།།དབུ་མ་ལ་བསྟེན་ནས་རང་བཙན་སྨད།།སྨད་པ་འདི་གསུམ་བོད་ཡུལ་ཉམས་པའི་རྟགས།། གྱོང་ཁ་བོད་པ་སྤྱི་ལ་རེད།

  4. བདེན་པའི་ཕོ་ཉ་ says:
    2015-01-13 at 3:35 am

    རྨོངས་དད་གི་གཟི་བའི་བོད་པ་ཚང་ལ་བླ་རྫུན་དེས་རིམ་འགྲོ་ཡག་མོ་བྱས་འདུག་

  5. པདྨ་དཀར་པོ། says:
    2015-01-13 at 5:36 am

    མཁའ་ལྡིང་ཚང་ཅི་ཞིག་ཡིན་ན་ཡིན། གཡུ་སྒྲོན་ཅི་ཙམ་རྨོངས་ཡང་ཆོག མོའི་སླད་མེད་དྭངས་གཙང་གི་དད་དམ་དེས་མི་ཚེའི་མཐའ་བསྐྱལ་བ་ལ་དགའ་མགུ་ཡི་རང་ཡོད། ད་དུང་། མཁའ་ལྡིང་ཚང་གིས་དུས་ནས་དུས་སུ་ངལ་བ་རིམ་བསྟེན་གྱིས་ཁོང་ཚང་ལ་བུ་ཉི་མ་འདྲ་ཞིག་སྐྱེས་སུ་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་། ཞོར་དུ་མཐུ་སྟོབས་ལས་ངན་པོ་ཡང་རང་གིས་བུ་ཞིག་སྐྱེད་མ་ནུས་ཀྱང་བླ་མས། བུ་སྐྱེད་རིམ་གྲོ་ལ་དང་ལེན་མགོ་མཇུག་འཁྱོངས་པ་ཞིག་བཅའ་ཐུབ་པ་འདི་ཕོ་ཁྱོགས་པ་རེད་ཅེས་བཤད་ན་འདོད། གང་ལྟར། ཚང་མ་ངར་བ་རེད། ད་སྐབས་འདི་མོ་དཀའ་ལེ་རེད།

  6. ཇུས་ཏོག says:
    2015-01-13 at 7:04 am

    བསམ་བློ་ཞིབ་ཏུ་བཏང་སྐབས་ཁྱོ་གས་འཇོན་གྱི་མེད་པ་ཐག་ཆོད་།
    ཁྱོ་ག་རི་ལ་ར་ལུགས་འཚོ་རུ་བཏང་ནས་ནང་དུ་ཆོས་གནས་དང་བཟའ་ཟླ་
    ལས་མེད་སྟངས་ལ་དཔྱད་ན་བུད་མེད་དེ་འདོད་ཆགས་ཆེ་ནས་ཁྱ་ོ་གས་་མ་
    འཇོན་པ་འདྲ་བོ་འདུག་ག་དེ་དྲ་དེང་སང་སྤྱི་ཚོགས་ཚང་མའི་ནང་ཡོང་གི་
    འདུག( ཆགས་ལྡན་བུ་མེད་ལ་ཆགས་པ་དཔྱད་པ་དེ་དགེ་བ་མེད་ནཡང་
    སྡིུག་པ་གང་ནས་ཡོད་།ཧ་ཧ་ཧ་།ད་བོད་པ་ཚང་གི་བླ་མ་གི་ཁྲོམས་་བསྟན་གྱི་
    ཡོད་ས་རེད་།བུད་མེད་དེའི་སྐྱིད་པོ་བཏང་ནས་ཁ་ཙུམ་ནས་མ་བསྡད་པར་་བླ་མ་
    ལ་མཚན་ཤས་བཟོས་པ་ནོར་འཕྲུལ་རེད་།ཧ་ཧ་ཧ་བླ་མས་ཀྱང་ཡག་པོ་མ་འཇོན་
    ཡིན་ས་རེད་།ཧ་ཧ་ཧ་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-01-13 at 3:34 pm

    ཨ་མ་གཡུ་སྒྲོན་གྱི་གཅིན་པ་ཨེ།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-01-13 at 3:35 pm

    ཁྱོ་ག་དང་ཁྱོ་ཀ་གཉིས་གང་དག་གམ།

  9. གནམ says:
    2015-01-14 at 6:56 am

    འབྲི་སྟངས་སྙན་མོ་འདྲ་ཞིག་རེད། ནང་དོན་གྱིས་གོ་རྒྱུ་ཅི་ཞིག་སྟོན་གྱི་ཡོད་མེད་མི་ཤེས། ཤུགས་རྡུལ་གྱི་དག་ཆ་ནི་ཤུགས་བདུག་ཡིན་རྒྱུ་རེད་བསམ། ཚང་མ་བཀླགས་ཡིན། ཁ་སྐད་ཀྱི་སྡེབ་སྦྱོར་ལ་བྱང་ཆ་ཆེ་བས། ཡག་པོ་འདུག་ཞུས་བ་ཡིན། ཀློག་ཐོ་ཏུ་འགོད་ཆོག་པའི་མི་སྣ་ཞིག་ལ་བརྩིས་ཡོད། ཐུགས་རྗེ་ཆེ།

  10. པདྨ་དཀར་པོ། says:
    2015-01-14 at 7:53 am

    ཀློག་པ་བོའི་ངོས་ནས་བཤད་ན། རྣ་བར་སྙན་པོ་ཞིག་རེད། ལོ་རྒྱུས་སུ་འགོད་འོས་པ་ཞིག་རེད། ཕྱི་རབས་པ་དག་ལ་ལྷག་པར་ཡ་མཚན་དུ་སྣང་སྲིད་པ་ཞིག་རེད། འོན་ཏེ། འབྲི་བ་བོའི་ངོས་ནས་བཤད་ན། དྲང་ཚུགས་ཟོལ་མེད་ཀྱི་ཨ་མ་གཡུ་སྒྲོན་ལ། ཆོག་མཆན་ཙམ་ཡང་མ་ཞུས་པར་མཚར་གཏམ་ཞིག་གི་ཚད་ལ་བཞག་སྟེ། དྲ་ཐོག་ཏུ་འགོད་རྐྱང་བྱས། མི་མང་གི་མདུན་སོར་བསྒྲགས་རྐྱང་བྱས་པ་དེས། གཡུ་སྒྲོན་དང་ཁོང་གི་ཁྱིམ་རྒྱུད་ཀྱི་ཁ་སྨོས་ལ་བསམ་ཤེས་ཅི་ཡང་བྱས་མེད་པར་མཐོང་ལ། གཡུ་སྒྲོན་ལ་ཆེ་མཐོང་གང་ཡང་སྤྲད་མེད་ཁར་མཐོང་ཆུང་ཡང་ཡིན་པ་མངོན་གསལ་དུ་བདོག་པས། རྩོམ་པ་བོའི་མི་གཞི་ལའང་རྨ་ཚབ་ཆེན་འབྱིན་འདུག ཀློག་པ་བོ་ལགས། སོམས་དང་། ཁྱེད་ཀྱིས། རང་ཉིད་དང་རང་ལ་ཤིན་ཏུ་ཉེ་བ་ཞིག་ནས་གནས་ཚུལ་འདི་འདྲ་བྱུང་ཚེ། ཚམ་ཚོམ་མེད་པར་ཐད་ཀར་དྲ་ཐོག་ཏུ་འགོད་སྲིད་དམ། ཕར་ཆེར་འགོད་རྒྱུ་མ་རེད་འདོད། འདིས་ཁྱེད་ལ་བརྡ་ཅི་ཞིག་བཏང་གི་ཡོད། རང་ཐོག་ལ་བསམས་ནས་ཤོད། དེ་ནས་ཞུ་བྱ་ཞིག་ལ། གནས་ཚུལ་འདི་ལ་བརྟེན་ནས། ངས། རང་ཉིད་ཀྱིས་མཐོང་ཚད་དྲ་ཐོག་ཏུ་འགོད་རྐྱང་མ་རེད་སྙམ་པ་ཞིག་ཐོལ་གྱིས་སྐྱེས་སོང་། ངོ་མ་ཡིན། དྲང་མོ་ཡིན། སུ་ཡང་ཁྲོ་བར་མི་བྱའོ།།

  11. གནམ says:
    2015-01-14 at 8:25 am

    ཨ་མ་རྒན་མོ་དེ་ལ་མུན་ནག་ནང་གི་མི་ལྡོམ་ཞིག་ལ་ཆ་ཚང་ལབ་པའི་མདུན་པ་ཡོད་ན། ཆོག་མཆན་ཡོད་མེད་ཀྱི་གནས་ཚུལ་འདི་ཆེན་པོ་ཆེན་པོ་ཞིག་ཡིན་རྒྱུ་མ་རེད་བསམ་གི།

  12. པདྨ་དཀར་པོ། says:
    2015-01-14 at 12:12 pm

    གནམ་ལགས་ཀྱིས་མཆན་ཞིག་བརྒྱབ་འདུག་མོད། གོང་དུ་བཀོད་པའི་དྲི་བ་དེ་ལས་བརྒལ་མི་འདུག་པས་དེ་མིན་དམིགས་བསལ་ཤོད་རྒྱུ་མེད།

  13. རས་པ། says:
    2015-01-15 at 3:20 am

    བརྩམས་སྒྲུང་འདི་བཀླགས་པ་ལ་བརྟེན་ནས་དྲ་གྲོགས་རེ་གཉིས་ཀྱིས་ཨ་མ་གཡུ་སྒྲོན་ཧྲིལ་གྱིས་སྤྱི་ཚོགས་སྟེང་གི་མི་གཅིག་ཡིན་སྣང་ཤར་ཡོད་སྲིད། དེ་ནི་བརྩམས་སྒྲུང་གི་མི་སྣ་བཞེངས་བསྐྲུན་ཕུན་སུམ་ཚོགས་པས་ཀྱང་ཡིན་པས། འདྲིས་གོམས་མེད་པའི་ཀློག་མཁན་ལ་ཐུགས་ཁག་མེད་པ་རེད།

    ཡིན་ཡང་། བརྩམས་སྒྲུང་རྩོམ་རིག་གི་གཞི་རྩའི་ཁྱད་ཆོས་གཅིག་ནི་༼ གཏམ་རྒྱུད་༽མ་ཡིན་པར་བྱུང་རབས་ཅན་གྱི་བསྡུས་བརྙན་ཡིན་པ་དེ་རེད། བརྩམས་སྒྲུང་ནང་གི་མི་སྣ་གཅིག་ནི་ཕྱོགས་བསྡུས་རང་བཞིན་གྱི་སྣང་བརྙན་ཞིག་ཡིན་དགོས་པས་གཅིན་པ་དར་ལྕོག་འཁྲིས་སུ་བསྐྱལ་མཁན་གྱི་ཨ་མ་གཡུ་སྒྲོན་གཅིག་དང་། བུ་མ་སྐྱེས་པར་བླ་མར་ལུང་བསྟན་ཞུས་པའི་ཨ་མ་གཡུ་སྒྲོན་གཅིག། རང་གི་ཁྱོ་གས་བླ་མ་གཅིག་གི་མཚན་རོགས་ལ་ཕུལ་བའི་ཨ་མ་གཡུ་སྒྲོན་གཅིག་སོགས་གཅིག་ཏུ་བསྡུས་པའི་ཨ་མ་གཡུ་སྒྲོན་གྲུབ་ཆོག་གི་རེད། དེའི་རྐྱེན་གྱིས་བརྩམས་སྒྲུང་འདིའི་ནང་ཨ་མ་གཡུ་སྒྲོན་ཞིག་བཞེངས་བསྐྲུན་བྱས་པ་དེས་མི་གཅིག་གི་མཚན་སྙན་ལ་གནོད་པའི་ལས་ཅི་ཡང་བྱས་མེད་པ་རེད། སྤྱི་ཚོགས་ཀྱི་དངོས་ཡོད་ལ་བརྩམས་སྒྲུང་ནང་གི་ཨ་མ་གཡུ་སྒྲོན་ལྟ་བུ་མེད་མ་ཆོག་པའང་མ་རེད་ཀྱང་། དེ་ནི་གནས་ཚུལ་གཞན་ཞིག་རེད།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-01-15 at 3:46 am

    བརྩམས་སྒྲུང་རེད་དམ། བཅོས་སྒྲུང་རེད། ལགས།

  15. རས་པ། says:
    2015-01-15 at 4:12 am

    རྒྱུགས་ཆེ་བ་བརྩམས་སྒྲུང་དང་སྒྲུང་གཏམ་རེད། རྒྱ་གར་གྱི་བོད་མི་ཚོའི་ནང་དུ་བཅོས་སྒྲུང་དུ་སྨྲ་མཁན་ཉུང་ཤས་འདུག་ཀྱང་། དེ་ཕལ་སྐད་ཡིན་པས་རྩོམ་གཞུང་གི་བརྡ་ལ་མི་འོས་པ་འདྲ། བསམ་ཚུལ་ཙམ་ཡིན། རྩོམ་རིག་གཞུང་ལུགས་སུ་རྩོམ་ལུགས་མཚོན་པའི་ཐ་སྙད་དེ་ལ་རྒྱབ་ལྗོངས་མང་པོ་ཞིག་དགོས་པ་ཡིན་པས་བརྡ་སྤྲོད་པའི་གཞུང་ལུགས་ལ་མཁས་པ་ཙམ་གྱིས་གཏན་ལ་ཕབ་ཐུབ་པ་ཞིག་ཀྱང་མིན་པ་འདྲ།

  16. པདྨ་དཀར་པོ། says:
    2015-01-15 at 5:49 am

    རས་པ་ཟེར་བ་ཞིག་གིས་སྦོམ་ཚིག་འགའ་བསྒྲགས་འདུག་མོད། གནད་ལ་ཁེལ་མི་འདུག ཁྱེད་ཀྱིས་མོལ་བ་ལྟར། ཕྱོགས་བསྡུས་རང་བཞིན་གྱི་གཡུ་སྒྲོན་ཞིག་ཆེད་དུ་བསྒྲུབས་ཏེ་བཅོས་པའི་བརྩམས་སྒྲུང་ཞིག་ཡིན་ཚེ། (གཡུ་སྒྲོན་གྱིས་ཁོ་རུ་བཤད་)ཅེས་པའི་དངོས་ཡོད་གཏམ་རྒྱུད་ལས་རིང་དུ་བརྒལ་ཏེ། སྒྲོ་བཏགས་དང་སྐུར་འདེབས་ཀྱི་རྟོག་སྒྲུང་ཞིག་ཏུ་བསྒྱུར་སོང་བས་ཇེ་བཙོག་ཏུ་བཏང་འདུག སྣ་འཐེན་ནས་ཁ་ནང་དུ་ཨེ་ཐུག་མ་བལྟ་རོགས། བཤད་ན་ཡག་པོ་ཞིག་ཤོད། དག་འབུད་བྱེད་ན་འདག་ཐུབ་ནི་ཞིག་གྱིས། ཅི་ལ་མི་གཏོགས་ཤིང་གང་ལ་མི་འཕྲོད་པ་ཞིག་རྗེས་ནས་མ་འབྲི་རོགས། གཅིག་ཤོས་ལྟར་ན། ད་དུང་དམིགས་བསལ་གྱིས་ལན་ཞིག་དགོས་པར་མ་མཐོང་།

  17. རས་པ། says:
    2015-01-15 at 6:10 am

    པདྨ་དཀར་པོ་ཞུ་བ་ལགས་ཀྱིས་གནད་ལ་ཁེལ་མི་འདུག་ཟེར་དུས་བདེན་པ་ཡིན་ནི་རེད།

  18. རས་པ། says:
    2015-01-15 at 6:11 am

    ཡིན་ཡང་། བརྩམས་སྒྲུང་སྐོར་ལ་སྐད་ཆ་བཤད་བསམ་པ་ཡིན་ན་བརྩམས་སྒྲུང་མང་ཙམ་བཀླགས་ན་ཡག་པོ་ཡོང་གི་རེད་ལ། སྐུ་ཉིད་ནས་སྔར་ལས་ཀྱང་གནད་ལ་ཁེལ་བ་གསུངས་ཐུབ་ཀྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme