Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧོ་པེ་ཞིང་ཆེན་ནས་སངས་རྒྱས་ཀྱི་སྐུ ༣༠༠༠ ཙམ་གསར་རྙེད་བྱུང།

Posted on 2012-04-102012-04-10 By ཁ་བརྡ་ 29 Comments on ཧོ་པེ་ཞིང་ཆེན་ནས་སངས་རྒྱས་ཀྱི་སྐུ ༣༠༠༠ ཙམ་གསར་རྙེད་བྱུང།


གསར་རྙེད་བྱུང་བའི་སངས་རྒྱས་ཀྱི་སྐུ།

གནའ་ཤུལ་སྔོག་འདོན་གྱི་ཡུལ་དངོས།

དང་པོ། ནང་དོན་མདོར་བསྡུས།

ད་ལོའི་ལོ་སར་གྱི་དུས་སུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་སྔོག་འདོན་ཞིབ་འཇུག་ཁང་དང་ཧོ་པེ་ཞིང་ཆེན་གནའ་རྫས་ཞིབ་འཇུག་ཁང་གཉིས་ཀྱི་མཉམ་འབྲེལ་གྱིས་གྲུབ་པའི་ཡེད་ཁྲིན་སྔོག་འདོན་རུ་ཁག་གིས་ཡེད་ཁྲིན་གནའ་ཤུལ(邺城遗址) གྱི་ཤར་ཕྱོགས་སུ། སྨི5ལྷག་གིས་མཐུག་པའི་བྱེ་མའི་རིམ་པ་སློག་ཚར་རྗེས། གྲལ་མི་མཉམ་པའི་གནའ་ཤུལ་ཞིག་གསར་རྙེད་བྱུང་ཞིང་། དེའི་ནང་དུ་ངོ་མཚར་བའི་སངས་རྒྱས་ཀྱི་སྐུ༣༠༠༠ལ་ཉེ་བ་ཙམ་ས་ཁར་ཐོན། འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་སུ་ས་ཁར་བུད་པའི་བའི་གྲངས་ཀ་ཆེས་མང་བའི་སངས་རྒྱས་ཆོས་ལུགས་སྐོར་གྱི་སྐུའི་བཟོ་དབྱིབས་དེ་ཡིན།


གནའ་ཤུལ་ལས་ས་ཁར་བུད་པའི་ཤུལ་དངོས་གནས་ཚུལ།

གཉིས་པ། གསར་རྙེད་བྱུང་བའི་བརྒྱུད་རིམ།

ད་ལོའི་ཟླ༡པོའི་ཚེས་མགོར། ཧོ་པེ་ཞིང་ཆེན་གྱི་ཝེ་བྱང་གྲོང(北吴庄) གི་པེ་ཐན་ཆུ་བོའི་འགྲམ་རྒྱུད་ཀྱི་བྱེ་མའི་ཁྲོད་དུ། ཡེད་ཁྲིན་སྔོག་འདོན་རུ་ཁག་གིས་ཧན་རྒྱལ་རབས་དུས་ཀྱི་གཡུ་དཀར་པོའི་སིལ་བུ་འགའ་རྙེད་པས། གནས་དེར་གནའ་རྫས་སྔོག་འདོན་བྱེད་རྒྱུའི་ཐག་བཅད། ཟླ༡པོའི་ཚེས༡༠ཉིན། སྔོག་འདོན་མི་སྣས་སངས་རྒྱས་ཀྱི་སྐུའི་གནའ་ཤུལ་ཞིག་གསར་རྙེད་བྱུང་ཞིང་། གནའ་ཤུལ་གྱི་གལ་ཆེན་རང་བཞིན་ཤེས་རྟོགས་བྱུང་རྗེས། དགའ་བ་འབུམ་གྱིས་མྱོས་བཞིན་སྔོག་འདོན་གོ་རིམ་ཁྲོད་དུ་གནའ་རྫས་སྲུང་སྐྱོབ་ཀྱི་ཕྱོགས་ལ་གཙིགས་ཆེན་སྔར་ནས་མེད་པ་བྱས།
གཞི་རྒྱ་ཆེ་ཞིང་རིན་ཐང་བྲལ་བའི་སངས་རྒྱས་ཀྱི་སྐུའི་གནས་ཤུལ་འདི་གསར་རྙེད་བྱུང་རྗེས། ཟླ༣པའི་ཚེས༡༩ཉིན། ཡེད་ཁྲིན་སྔོག་འདོན་རུ་ཁག་གིས་གལ་ཆེ་བའི་གནའ་ཤུལ་སྔོག་འདོན་གྱི་གནས་ཚུལ་དེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དུ་སྙན་ཞུ་ཕུལ།

ས་ཁར་བུད་པའི་མཚོན་མདོག་ལྡན་པའི་སྐུ།

གསུམ་པ། སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས་ས་ཁར་འབུད་སའི་གནས་ཡུལ་ངོ་སྤྲོད།

རྒྱའི་གནའ་རབས་ཀྱི་རྒྱལ་ཁབ་གསུམ་དུས་ཀྱི་རྒྱལ་པོ་ཚའོ་ཚའོ་ཡི་བང་སོ་ནི་ཧུའུ་ནན་ཞིང་ཆེན་དུ་ཡོད་ཅིང་། འདི་ནི་གནའ་རྫས་སྔོག་འདོན་མཁན་ཀུན་གྱིས་དོ་སྣང་ཆེས་ཆེར་བྱེད་སའི་གནས་ཤིག་ཡིན། དེའི་ཁ་གཏད་ཀྱི་ནུབ་ཕྱོགས་ནས་ལྷོ་ཁུལ་དུ་སྤྱི་ལེ༡༤ཙམ་དུ་ཡོད་པའི་ཡེད་ཁྲིན་གནས་ཤུལ་ནི་རྒྱའི་ལོ་རྒྱུས་སྟེང་དུ་སྐད་གྲགས་ཆེ་བའི་ཧན་ཤར་མའི་དུས་མཇུག་གི་གཡུལ་འགྱེད་ཆེན་པོ་གསུམ་དུ་གྲགས་པའི་ཡ་གྱལ་ཏེ། ཀོན་ཏུའུ་གཡུལ་འགྱེད་བྱུང་ས་ཡིན་ལ། སྤྱི་ལོ༢༠༠ཡི་དུས་སུ། ཚའོ་ཚའོ་ཡིས་གནས་འདིར་ཐབས་ཇུས་ལ་བརྟེན་ནས་ཡོན་ཧྲོད་ཀྱི་དམག་མི་ཁྲི༡༠ལྷག་རྩ་མེད་དུ་བཏང་སྟེ་ཁོང་གིས་ཀྲུང་གོའི་བྱང་ཕྱོགས་ཀྱི་ས་ཁུལ་རྣམས་དབང་སྒྱུར་དང་གཅིག་གྱུར་བྱེད་པར་རྨང་གཞི་བརྟན་པོ་བཏང་།
དེའི་རྗེས་སུ་ཚའོ་ཚའོ་ཡིས་བཀའ་བཞིན་གནས་དེར་མཁར་བརྩིགས་པ་ལ་ཡེད་ཁྲིན་གྲོང་ཞེས་འབོད་ཅིང་། དེའི་རྗེས་སུ་ཡེད་ཁྲིན་གྲོང་ནི་ཝེ་ལྕིན་དང་རྒྱལ་རབས་ལྷོ་བྱང་སོགས་རྒྱལ་རབས་དྲུག་གི་རྒྱལ་སར་གྱུར་བས། གྲོང་འདིའི་བཟོ་བསྐྲུན་གྱི་ཁྱད་ཆོས་ཀྲུང་གོའི་ལོ་རྒྱུས་སྟེང་དུ་གོ་གནས་གལ་ཆེན་ཟིན་ཡོད།

ས་ཁར་བུད་པའི་མཚོན་མདོག་ལྡན་པའི་སྐུ།

བཞི་བ། གསར་རྙེད་བྱུང་བའི་སྐུ་ཡི་གྲངས་ཀ

གནའ་རྫས་སྔོག་འདོན་པ་ཀྲུའུ་ཡན་ཧྲིས་གསུངས་པ་ལྟར་ན། ཐེངས་འདིའི་གནའ་ཤུལ་གྱི་མཐའི་རིང་ཚད་ལ་སྨི༣.༣ཙམ་དང་། ཟབ་ཚད་ལ་སྨི༡.༥ཙམ་ཡོད་ཅིང་། ནང་གི་གནའ་རྫས་རྣམས་ནི་གྲལ་མི་མཉམ་པར་གྲུ་བཞི་ནར་མོའི་དབྱིབས་སུ་བཞག་ཡོད་པར་གསུངས། གནའ་ཤུལ་འདི་ལས་ས་ཁར་བུད་པའི་ཨང་རྟགས་བཀོད་པའི་སངས་རྒྱས་ཀྱི་སྐུ༢༨༩༥དང་། (ལེབ་མོ) བཟོ་དབྱིབས་ཀྱི་སིལ་བུ་ཁུག་མ༧༨ལྷག་ཡོད་པའི་གྲངས་ཀ་ནི་སྟོང་ཕྲག་འགའ་ལ་ལོངས་པ་ཡོད། སྔོག་འདོན་བྱེད་པའི་གོ་རིམ་ཁྲོད་རགས་བརྩིས་བྱས་པ་ལྟར་ན། བཟོ་དབྱིབས་དེ་དག་ལས་མང་ཆེ་བ་ཞིག་ཧན་གཡུ་དཀར་པོའི་བཟོ་དབྱིབས་ཡིན་ལ། ཉུང་ཤས་ཤིག་གཡུ་སྔོན་པོའི་བཟོ་དབྱིབས་ཡིན། བཟོ་དབྱིབས་དེ་དག་གི་ཁྱད་ཆོས་ལ་ཐོག་མའི་ཚོད་དཔག་བྱས་པ་ལས་ཤེས་གསལ་ལྟར་ན། སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས་འདི་དག་གི་དུས་རབས་ནི་གཙོ་བོ་ཝེ་ཤར་མའི་ཆི་བྱང་མའི་དུས་སྐབས་ཡིན་ལ། ཡང་ལ་ལ་ཞིག་ཝེ་བྱང་མའི་དུས་ཀྱི་གཡུ་སྔོན་པོའི་རིགས་སུ་གཏོགས་ཤིང་། ཐང་རྒྱལ་རབས་སྐབས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་དབྱིབས་འགའ་ཡང་མཐོང་།

ལྔ་བ། སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས་དེ་དག་གི་རིན་ཐང་།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་ཤུལ་སྔོག་འདོན་ཚོགས་པའི་ཚོགས་གཙོ་ཝང་ཝེས་བཤད་པ་ལྟར་ན། ཐེངས་འདིའི་གནའ་ཤུལ་སྔོག་འདོན་ལ་དོན་སྙིང་གལ་ཆེན་ལྡན་ཏེ། འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རྒྱལ་རབས་ལྷོ་བྱང་དང་སུའེ་དང་ཐང་རྒྱལ་རབས་དུས་ཀྱི་གལ་ཆེ་བའི་གནའ་ཤུལ་གསར་རྙེད་ཅིག་ཡིན་ཞིང་། འདི་ལྟ་བུའི་ཚད་རིམ་མཐོ་བའི་ནང་བསྟན་གྱི་དགོན་པ་དང་སངས་རྒྱས་ཀྱི་སྐུ་ནི་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་བ་ཞིག་ཡིན་པར་གསུངས་ལ། ཡང་འདི་ནི་ད་སྔ་ཤེས་པའི་རྒྱལ་ཁབ་དབུ་བརྙེས་པ་ནས་ས་ཁར་བུད་པའི་གནའ་རྫས་ཆེས་མང་བའི་ནང་ཆོས་ཕྱོགས་ཀྱི་གནའ་ཤུལ་དེ་ཡིན་ཞིང་། ཐེངས་འདིའི་ཡེད་ཁྲིན་གྲོང་དུ་ས་ཁར་བུད་པའི་སངས་རྒྱས་ཀྱི་སྐུ་འདི་དག་གིས་སྐབས་དེར་ནང་བསྟན་ས་ཁུལ་འདི་རུ་འཕེལ་རྒྱས་ཇི་འདྲ་ཞིག་ཕྱིན་པའི་ཚད་ཀྱང་མངོན་ཐུབ་ཟེར།

ཚོན་མདོག་ལྡན་པའི་སྐུ།

དེར་མ་ཟད་ཐེངས་འདིར་གསར་རྙེད་བྱུང་བའི་གནས་ཤུལ་གྱི་དུས་ཚོད་གསལ་བོ་ཡིན་ཏེ། སངས་རྒྱས་ཀྱི་སྐུའི་བཟོ་བའི་དུས་ཚོད་ནི། ཝེ་བྱང་མ་དང་ཤར་མ། ཆི་བྱང་མ་དང་ཐང་རྒྱལ་རབས་ཀྱི་བར་དུ་ཁྱབ་ཅིང་། ཝེ་བྱང་མའི་དུས་མཇུག་དང་། ཝེ་ཤར་མ་དང་ཆི་བྱང་མ། ཐང་རྒྱལ་རབས་བཅས་ཀྱི་དུས་ཚོད་ཀྱང་མངོན་གསལ་ཡིན་ཞིང་། རྒྱལ་རབས་བྱང་མའི་དུས་མཇུག་ནས་སུའེ་ཐང་དུས་ཀྱི་ཡེད་ཁྲིན་གྲོང་ཁུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུའི་བཟོ་དབྱིབས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པར་ཡིད་ཆེས་ཆོག་པའི་དཔེ་གཞི་མཁོ་སྤྲོད་བྱས་ཡོད།
ཡང་ཐེངས་འདིའི་སྔོག་འདོན་ལས་ས་ཁར་བུད་པའི་སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས་དེ་དག་གི་བཟོ་ལས་ཀྱི་ལག་རྩལ་ཁྱད་དུ་འཕགས་ཤིང་། བཟོ་དབྱིབས་གསོན་ཉམས་ལྡན་ཅིང་ཁ་དོག་རྣམ་པར་བཀྲ ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཞིབ་འཇུག་སློབ་མའི་གླིང་གི་གནའ་རྫས་སྡེ་ཁག་གི་སློབ་དཔོན་ཆེན་མོ། འབུམ་རམས་པའི་སྣེ་ཁྲིད་དགེ་རྒན་ཡང་ཧོང་གིས་གསུངས་པ་ལྟར་ན། སངས་རྒྱས་ཀྱི་སྐུའི་བཟོ་དབྱིབས་འདི་དག་གིས། རྒྱལ་རབས་བྱང་མའི་དུས་མཇུག་ནི་གི་ཡེད་ཁྲིན་གྲོང་ནི་བྱང་ཕྱོགས་ས་ཁུལ་གྱི་ནང་བསྟན་དང་རིག་གནས་སྒྱུ་རྩལ་ལྟེ་བ་ཡིན་པའི་ལོ་རྒྱུས་ཀྱི་གོ་གནས་དེ་ར་སྤྲོད་གསལ་བོ་བྱས་ཡོད་ཟེར།


ས་ཁར་བུད་པའི་སྐུའི་བཟོ་དབྱིབས།

དྲུག་པ། ད་དུང་དོགས་གཞི་མང་པོ་ཞིག་ཤུལ་དུ་ལུས་ཡོད་པ།

འོ་ན་སངས་རྒྱས་ཀྱི་སྐུ་འདི་དུས་ནམ་ཞིག་ལ། མི་སུས་ས་འོག་ཏུ་སྦས་པ་ཡིན་ནམ། འདི་ནི་དོན་དངོས་སུ་སངས་རྒྱས་བསྟན་པ་བསྣུབས་པའི་ལས་འགུལ་དང་འབྲེལ་བ་ཡོད་དམ། འདིའི་རྒྱབ་ཏུ་ལོ་རྒྱུས་རྒྱབ་ལྗོངས་གང་འདྲ་ཞིག་སྦས་ཡོད་པ་ལ་སོགས་པའི་དོགས་གཞི་མང་པོ་ཞིག་ད་དུང་ཤེས་རྟོགས་གསལ་བོ་བྱུང་ཐུབ་མེད།
ཆི་བྱང་མའི་དུས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུའི་བཟོ་དབྱིབས།
ཡང་ཧོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོའི་གནའ་རབས་ཀྱི་ལོ་རྒྱུས་སྟེང་དུ་བསྟན་པ་བསྣུབས་པའི་ལས་འགུལ་དང་སངས་རྒྱས་ཀྱི་སྐུ་ས་འོག་ཏུ་འཇུག་པའི་ལུགས་སྲོལ་གཉིས་ཡོད་ཅིང་། སྔ་མ་ནི་སངས་རྒྱས་བསྟན་པ་ལ་དགག་རྒྱག་བྱས་པའི་དབང་གིས་སངས་རྒྱས་ཀྱི་སྐུ་རྣམས་བཤིག་སྟེ་སིལ་བར་བཟོས་རྗེས་ས་འོག་ཏུ་བཅུག་པའི་དོན་ཡིན་ལ། ཕྱི་མ་ནི་ཆོས་དད་པ་རྣམས་ཀྱིས་དགེ་སྒྲུབ་བྱེད་པའི་ཆེད་དུ། སངས་རྒྱས་ཀྱི་སྐུ་བཤིག་རོ་རྣམས་འཚོལ་སྡུད་བྱས་རྗེས་ས་འོག་ཏུ་བཅུག་པ་དང་། ལ་ལར་ད་དུང་དེའི་སྟེང་དུ་མཆོད་རྟེན་ཡང་བཞེངས་ཡོད་ཟེར།

ཆི་བྱང་མའི་དུས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུའི་བཟོ་དབྱིབས།

ཡང་ཧོང་གིས་དབྱེ་ཞིབ་བྱས་པ་ལྟར་ན། སྔོག་འདོན་གྱི་སྐབས་སུ་སངས་རྒྱས་ཀྱི་སྐུ་འདི་དག་གྲལ་མི་མཉམ་པར་བཞག་ཡོད་པར་བལྟས་ན། ཕལ་ཆེར་སངས་རྒྱས་བསྟན་པ་བསྣུབས་པ་དང་འབྲེལ་བ་ཡོད་པར་འདོད་ཅིང་། རང་རྒྱལ་གྱི་ལོ་རྒྱུས་སྟེང་དུ་མིང་དུ་གྲགས་པའི་སངས་རྒྱས་བསྟན་པ་བསྣུབས་པའི་ལས་འགུལ་རེ་འགའ་བྱུང་མྱོང་སྟེ། དེ་ལས་ཝེ་བྱང་མའི་ཐའེ་ཝུའི་ཏེས་སངས་རྒྱས་བསྟན་པ་བསྣུབས་པ་དང་། ཀྲུའུ་བྱང་མའི་ཝུའུ་ཏེས་སངས་རྒྱས་བསྟན་པ་བསྣུབས་པ། ཐང་ཝུའུ་ཙུང་གིས་སངས་རྒྱས་བསྟན་པ་བསྣུབས་པ་བཅས་གསུམ་ལ། ཝུའུ་གསུམ་གྱིས་སངས་རྒྱས་བསྟན་པ་བསྣུབས་པ་ཞེས་གྲགས། ཐེངས་འདིར་ས་ཁར་བུད་པའི་སངས་རྒྱས་ཀྱི་སྐུའི་ནང་དུ། ཐང་རྒྱལ་རབས་དུས་ཀྱི་ཁྱད་ཆོས་ལྡན་པའི་སྐུ་བཟོ་འགའ་གསར་རྙེད་བྱུང་ཞིང་། དེ་དག་ལས་རྗེས་སུ་དཔག་པ་ལྟར་ན། ཧོང་ཡང་གིས་བཤད་རྒྱུར་སངས་རྒྱས་ཀྱི་སྐུ་འདི་དག་ཕལ་ཆེར་ཐང་རྒྱལ་རབས་སྐབས་ཀྱི་སངས་རྒྱས་བསྟན་པ་བསྣུབས་པའི་ལས་འགུལ་ལས་བྱུང་བར་འདོད།
ཡིན་ནའང་གས་ཆག་ཏུ་གྱུར་བའི་སངས་རྒྱས་ཀྱི་སྐུ་འདི་དག་ལ་ད་དུང་སུས་ཀྱང་མི་ཤེས་པའི་གཏམ་རྒྱུུད་གང་འདྲ་ཞིག་ཡོད་པ་དང་། གབ་སྦས་བྱེད་ས་དང་་གནའ་རབས་ཀྱི་དགོན་པའི་གནས་ཤུལ་བར་དུ་འབྲེལ་བ་གང་ཞིག་ཡོད་མེད་ལ་སོགས་པའི་དོགས་གཞི་མང་པོ་ཞིག་ཤེས་རྟོགས་བྱུང་བར་ད་དུང་ཞིབ་འཇུག་ཟབ་མོ་བྱེད་པའི་གནས་ཤིག་གོ །

༼ཀྲུང་གོའི་བོད་ལྗོངས་དྲ་བ་ནས་འདྲེན་བཀོད་ཞུས༽http://tb.tibet.cn/2010news/xzxw/tpxw/201204/t20120409_1735151.html

གསར་འགྱུར།

Post navigation

Previous Post: མེ་སྐྱོན་ཁྲོད་ཁ་བྲལ་བར་དོགས་ཟོན་དགོས་ཟེར།
Next Post: ༄༅། ། བོད་རྒྱལ་ལོ ༢༡༣༨ ཕྱི་ལོ ༢༠༡༢ ། ༤ ། ༡༢ ཉིན་གྱི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཟབ་སྦྱོང་དང་ཚོགས་ཆེན་ཐེངས་གསུམ་པའི་མཛད་སྒོའི་ལས་རིམ།

Comments (29) on “ཧོ་པེ་ཞིང་ཆེན་ནས་སངས་རྒྱས་ཀྱི་སྐུ ༣༠༠༠ ཙམ་གསར་རྙེད་བྱུང།”

  1. བསྟན་འཛིན་ says:
    2012-04-10 at 9:20 pm

    དེ་ནི་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཏེ། སྐུ་གཟུགས་མར་བཤིགས་པ་ཞིག་ཡིན་རབས་བཤད་འདུག བལྟས་ཚོད་ལ་ཆ་ཚང་བའི་འདྲ་སྐུ་ཡང་དཀོན་མོ་ཡིན་ཚོད་རེད།

  2. དགའ་ལྡན་ says:
    2012-04-10 at 10:09 pm

    ཁ་བརྡ་ཚང་ལགས། ཁྱེད་ཚོས་བསམ་བློ་ཡག་པོ་ཞིག་བཏང་ནས་ངའི་མཆན་འདི་དྲ་ཐོག་མ་བཀོད་པའི་རྒྱུ་མཚན་གསལ་པོ་ཞིག་ང་ལ་བཤད་དང་། གོང་དུ་མའོ་གི་བུ་མོའི་མག་པ་ཞེས་པའི་མཆན་གྱི་ནང་༸གོང་ས་མཆོག་ལ་མཚན་སྨད་དེ་འདྲ་བཞུས་ཀྱང་ཁྱོད་ཁ་བརྡ་ཚང་གིས་མ་བཀག་དོན་ཅི་ཡིན། ངས་ཁུངས་ལྡན་གནས་ཚུལ་མདོ་སྨད་སྤྱི་འཐུས་ཀི་ཏི་སྒྲོལ་དཀར་ལྷ་མོས་བུད་མེད་ལྷན་ཚོགས་ཀྱི་ཚོགས་དངུལ་ཧིན་སྒོར་འབུམ་གཉིས་བཟས་པའི་གནས་ཚུལ་གསར་པ་འདི་མཆན་ཐོག་ཏུ་ཐེངས་མ་ཁ་ཤས་བཏང་ཡང་ཕྱིར་འདོན་བྱེད་དགོས་དོན་གང་རེད། ཕྲན་ལ་རྒྱུ་མཚན་གསལ་པོ་ཞིག་བཤད་རོགས། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཁྱེད་ཁ་བརྡ་ཚང་གི་རྩོམ་སྒྲིག་པ་ཚོ་དང་ཆོལ་ཁ་གཅིག་པ་ཡིན་པའི་ཆ་ནས་རེད་དམ་

  3. ཀླུ་སྨྱོན། says:
    2012-04-10 at 10:49 pm

    བདག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །
    ལོ་ངོ་སྟོང་ལ་ས་འོག་བཞུགས་གྱུར་ཀྱང་། །
    སྐྱེ་རྒུའི་བསོད་ནམས་དུས་སུ་སྨིན་པ་ཡིས། །
    སླར་ཡང་མཆོད་པའི་རྟེན་དུ་རྙེད་པར་འཚེངས། །

  4. མེ་ཏོག་དཀར་པོ། says:
    2012-04-11 at 12:03 am

    སངས་རྒྱས་ལ་སྐྱབས་སུ་མཚི།

  5. མེ་ཏོག་དཀར་པོ། says:
    2012-04-11 at 12:59 am

    སྐུ་མང་པོ་དེ་འདྲ་རྙེད་ཡུལ་ཧོ་པེ་ཞིང་ཆེན་ཟེར་བ་དེ་རྒྱལ་ཁབ་གང་ཁོངས་ཡིན་ནམ། ཀྲུང་གོ་དང་ཀྲུང་གོ་ཟེར་སྟངས་ལ་དཔོག་དུས་རྒྱ་ནག་ནང་ཡིན་པ་འདྲ། དེ་འདྲ་རེད་དམ།

  6. འཇིགས་མེད་བློ་གྲོས། says:
    2012-04-11 at 1:41 am

    ལོ་རྒྱུས་སྟོང་གི་བང་མཛོད།

  7. ལུང་རྟོགས། says:
    2012-04-11 at 1:41 am

    ཧོ་པེ་ཞིང་ཆེན་ནི་རྒྱ་ནག་གི་མངའ་སྡེ་ཞིག་རེད། འདི་ནས་སངས་རྒྱས་ཀྱི་སྐུ་མང་པོ་བརྙེད་པ་འདིས་སྔར་རྒྱ་ནག་ལ་ནང་བསྟན་ཇི་ཙམ་དར་ཡོད་པ་གསལ་པོ་བསྟན་འདུག

  8. བྲོ་འཚལ། says:
    2012-04-11 at 2:07 am

    རྒྱ་ནག་འདི་བ་ཚང་ནི་ངོ་མ་བཤད་མི་ཤེས་པ་ཞིག་རེད།་་་ཕྱོགས་གཅིག་ནས་ཆོས་ཐམས་ཅད་དུག་རེད་ཟེར་ནས་རྩ་མེད་དམ་ཚད་བཀག་བཟོས་ནས་འཇིག་རྟེན་འདི་ནས་ཁྱུར་མིད་འདེད་པའི་ཐ་ཚིག་སྒྲོགས།་་་ཡང་ཕྱོགས་གཅིག་ནས་གནའ་ཤུལ་ཆོས་ལུགས་ཀྱི་སྐུའི་བང་མཛོད་ཟེར་བ་བརྙེད་སོང་ཟེར་ནས་དགའ་བ་གནམ་ལ་མི་ཤོང་བ་ཞིག་བྱེད་ཀྱི་འདུག་་་་འདི་འདྲའི་ཆ་མི་མཉམ་པ་ཞིག་དང་འདི་འདྲའི་ཡ་མ་བརླ་ཡི་ཟློས་གར་ཞིག་་་་་དོན་དངོས་བཤད་ན་རྒྱ་ནག་ཚང་གིས་གནའ་ཤུལ་འདི་འདྲ་་ཞིག་ཧ་གོ་བ་ཉིད་ནས་མེད་པར་བཟོ་དགོས་པ་ཡིན་པ་འདྲ་ཡང་དེ་ལྟར་མ་བཟོས་པར་ཀྲུང་གོའི་སངས་རྒྱས་ཆོས་ལུགས་ཀྱི་གནའ་ཤུལ་ཟེར་ནས་མིས་མི་མཐོང་ས་ནས་ཁ་ཉེར་ཉེར་དང་རྣ་ཉེར་ཉེར་བྱེད་བཞིན་མི་དགའ་དགའ་མདོག་བྱེད་པ་ནི་ཁྱི་སྨྱོན་ཧྤུ་ཅིན་ཐའོ་ཡིས་སྤྱོད་པ་རྣལ་མ་རེད།

  9. ཆིག་སྒྲིལ says:
    2012-04-11 at 4:43 am

    ཨ་རོ་དགའ་ལྡན་ཆོལ་ཁ་ཆོལ་ཁ་མ་ཟེར་་་་་་ཁྱོད་འདི་རྒྱ་མི་ཚང་དང་ཤ་ཉེ་འདྲ་?????????????????????????????????

  10. གཅན་བཟོད་རྒྱམ། says:
    2012-04-11 at 5:06 am

    སྟོན་པའི་སྐུ་བརྙན་སུམ་སྟོང་རྙེད་པ་དེ།།
    རྒྱ་ཡུལ་ནང་པའི་བསྟན་པ་སླར་གསོ་དང་།།
    རྒྱ་མི་དུང་ཕྱུར་མང་པོའི་སེམས་པའི་རྩ།།
    ཆོས་ཀྱི་ཆར་བས་བརླན་པར་འགྱུར་བའི་རྟགས།།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-04-11 at 7:21 am

    མ་ཡུམ་ས་གཞི་འོག་ལ་གཉིད་བཞུར་བའི། །
    ནང་པའི་སྐུ་བརྙན་སྟོང་རྩ་རྙེད་ཡོད་ན། །
    ལོ་ངོ་བརྒྱ་ཡང་མ་ཕྱིན་ངན་གཏོད་པ། །
    མ་འོ་རོ་ཁོག་ཕྱིར་འདོན་གཏོར་རན་རྟགས། །

  12. ཇ་མ་ says:
    2012-04-11 at 8:33 am

    ཧོ་པེ་ཞིང་ཆེན་ནི་སྔོན་ནས་ནང་པ་སངས་རྒྱས་པའི་དགོན་པ་མང་པོ་ཡོད་པའི་ཡུལ་ཞིག་ཡིན།

  13. མདོ་ཁམས་པ། says:
    2012-04-11 at 9:11 am

    དགའ་ལྡན་ཟེར་བ་འདི་ཨ་ཐར་སོགས་ཀྱི་ནག་ཉེས་འདག་ཐབས་དང་སྙིང་ནད་རྩོད་ཆེད་བུད་མེད་ཚོགས་པ་ལ་དམའ་འབེབས་དང་མཐོང་ཆུང་། ནང་ཁུལ་བྱེད་བཞིན་ཡོད་པ་རེད། ཉེ་ཆར་བོད་ཀྱི་དུས་བབ་ནང་གྱལ་དགའ་ཟེར་བ་ཞིག་གི་མིང་ཐོག་ནས་རབས་དང་རིམ་པར་བུད་མེད་ཚོགས་པར་འཛིངས་ཡོད་པ་རེད།
    རྒྱ་གཞུང་མི་རེ་ལ་ལས་འགན་རེ་སྤྲད་དེ་བཙན་བྱོལ་བོད་གཞུང་གཏོར་གཤིག་གཏོང་ཐབས་དང་། ནུས་པ་ཉམས་བྱེད་བཟོ་བཞིན་ཡོད་པ་རེད།
    དཀའ་ལྡན་གྱི་ལས་འགན་ནི་བུད་མེད་ཚོགས་པ་མེད་པར་བཟོ་བ་དེ་རེད། དྲ་གྲོགས་ཚོ་གཟབ་གཟབ་བྱོས།
    རྒྱ་གུང་ཁྲན་གྱི་ཨབ་ཕྲུག་ཚོས་ཟུག་རྒྱག་གིན་འདུག

  14. དགའ་ལྡན་ says:
    2012-04-11 at 1:15 pm

    མདོ་ཁམས་པ་ལགས། ཁྱོད་ཀྱི་གནས་ཚུལ་གང་ཡང་མགོ་མ་ཚོས་པར་མི་གཞན་ལ་ཨ་ཐར་དང་རྒྱ་གོང་ཁྲན་གྱི་ཨབ་ཕྲུག་སོགས་ཁ་ནས་གང་ཐོན་བརྗོད་རྒྱུ་ཁྱོད་ཀྱི་ལངས་ཤོར་གོམ་ཤིས་ཡིན་པ་སྨྲོས་མི་དགོས་པ་རེད།
    ངས་གོང་དུ་བུད་མེད་རྒྱུན་ལས་ཚོས་ཚོགས་དངུལ་འབུམ་གཉིས་བཟས་སྐོར་བཤད་དོན་ནི་རླབས་ཆེན་གྱི་བེུད་ལྷན་ཚོགས་འདི་གཏོར་ཤིག་གཏོང་འདོད་མ་ཡིན་ལ་ དེ་ནི་དོན་དངོས་ཀྱི་གནས་ཚུལ་ངོ་མ་ཞིག་རེད། འདི་རིང་ཞོགས་པ་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་དུ་ས་གནས་ཞིག་གི་དྲི་བའི་ནང་ཚོགས་གཙོ་མེད་པའི་རྒྱུ་མཚན་དྲིས་སྐབས་རྒྱུན་ལས་ཚོས་དངུལ་འཛིན་ check ཐོག་ནས་ཧིན་སྒོར་འབུམ་གཉིས་བཟས་པའི་དངོས་ལེན་བྱས་པ་ཁྱོད་ཀྱི་མ་ཐོས་བསམ། ཁྱོད་ཀྱི་རྣ་མཆོག་གཉིས་དང་མིག་གཉིས་བེད་མེད་ཟོག་རུ་རེད་འདུག གལ་ཏེ་ཁྱོད་དང་གསར་འགོད་པ་ཚོར་དོགས་པ་ཡོད་ན་སང་ཉིན་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཚོར་དྲིས་ན་གསལ་བཤད་ཡོང་ངེས་རེད། བདེན་པ་ནི་ནམ་ཡང་བདེན་པ་རེད། བདེན་པ་མཐའ་གསལ་ཡས་ལ་ཐེ་ཚོམ་མི་དགོས་སོ། ངས་དེ་ལྟར་བརྗོད་དོན་ནི་རླབས་ཆེན་གྱི་བུད་མེད་ལྷན་ཚོགས་སྲུང་སྐྱོབས་དང་། མི་ངན་ཇག་པ་རེ་ཟུང་མེད་པ་བཟོ་ཆེད་ཁོ་ནའི་ཆེད་དུ་ཡིན།

  15. བཀྲ་ཤིས་དོན་འགྲུབ says:
    2012-04-11 at 1:58 pm

    བུ་མེད་ཚོགས་པའིདངུལ་ཟོས་ཡོད་ན་དངོས་གནས་རྒྱ་མི་དང་འབྲེལ་བ་ཡོད་འདོག་རེད།
    ཡིན་ཡང་གནས་ཚུར་བདེན་པ་ཞི་རྒུག་ནས་ཡོད།

  16. ཚངས་སྲས says:
    2012-04-11 at 2:35 pm

    གོ་གོ་ཚང་མ་ཕྱི་ལ་སྒྲོག་རྐྱང་ཆེ་ཡིན། གྲོགས་པོ་དགས་ལྡན་ལགས། ཐུགས་བསམ་བཞེས་དགོ་ཡ་་་

  17. དགའ་ལྡན་ says:
    2012-04-12 at 12:24 am

    བརྩེ་ལྡན་གྱི་དྲ་གྲོགས་བཀྲིས་དོན་འགྲུབ་ལགས་དང། ཚང་སྲས་ལགས། ཁྱེད་གཉིས་ལ་ཁག་མི་འདུག་གནས་ཚུལ་ཐོག་མར་ཐོས་སྐབས་ཡིད་མ་ཆེས་པ་ཕྲན་ལ་ཡང་བྱུང་སོང་། གཞི་མེད་མི་སྒེར་ལ་སྐྱོན་བརྗོད་བྱ་རྒྱུ་དང་། རླབས་ཆེན་ཚོགས་པ་ཞིག་ལ་བདེན་མེད་ཀྱི་རྫུན་གཏམ་བརྗོད་རྒྱུ་ནི་ངའི་གོམ་ཤིས་མིན་ལ་རེ་བ་ཡང་མིན། མཆན་གོང་དུ་ངས་སྤོབ་ཆེན་པོས་བརྗོད་ཡོད། བདེན་པ་ནི་ནམ་ཡང་བདེན་པ་ཡིན། བདེན་པའི་མཐའ་གསལ་ཡས་ལ་ཐེ་ཚོམ་མི་འདུག ཚེས་ 11 ནས་ཚེས་ 16 བར་རྡ་ཤོད་བོད་ཁྱིམ་སློབ་གྲྭ་རུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་རེད་འདུག ཡིད་མ་ཆེས་ན་ཁྱེད་ཚོས་འདིར་སོང་ཏེ་སྐད་ཆ་དྲིས་དང་། གལ་ཆེའི་ཚོགས་འདུ་དེའི་སྟེང་དུ་ཚོགས་གཙོ་མེད་པའི་རྒྱུ་མཚན་དང་། ཚོགས་དངུལ་འབུམ་གཉིས་རྒྱུན་ལས་ཚོས་དངུལ་འཛིན་ cheack ཐོག་ནས་རྐུ་འཁྱེར་བྱས་པའི་གསལ་པོ་ཤེས་ངེས་རེད། ཚོགས་འདུ་སྟེང་དུ་ཚོགས་གཙོ་མེད་པའི་རྒྱུ་མཚན་ནི་རྒྱུན་ལས་ཚོས་ཚོགས་གཙོ་གནས་དབྱུང་བཏང་ཚར་སྐོར་ཁ་སིང་ས་གནས་ཞིག་གི་དྲི་བ་ལ་ལན་འདེབས་གསལ་པོ་གནང་ཚར་འདུག གནས་ཚུལ་འདི་ངས་འདིར་བརྗོད་དགོས་དོན་ནི་གསར་འགོད་པ་དང་དོ་སྣང་ཅན་ཚོས་གནས་ཚུལ་གསལ་པོ་དྲིས་ཏེ་གསལ་པ་ཆག་རྒྱུ་རེ་བ་དང་རླབས་ཆེན་གྱི་བེུད་ལྷན་ཚོགས་སྲུང་སྐྱོབས་བྱ་རྒྱུ་ཁོ་ནའི་ཆེད་དུ་ཡིན། ང་ལ་སྐྱོན་བརྗོད་མ་བྱས་པར་རྡ་ཤོད་བོད་ཁྱིམ་དུ་སོང་ཏེ་གནས་ཚུལ་ལ་དཔྱད་པ་བྱེད་དང་

  18. ཀརྡོ་གཉེར་ཕྱག་པ་ says:
    2012-04-12 at 2:14 am

    དགའ་ལྡན་ལགས།
    གསར་རྙེད་རྡོ་སྐུ་རྙིང་པའི་སྐོར་ཤོད་ས་རེད་མ་གཏོགས། དངུལ་ཟོག་གསར་པའི་སྐོར་ཤོད་མ་རེད་གདའ། སོམས་ཤིག

  19. དགའ་ལྡན་ says:
    2012-04-12 at 3:32 am

    ཀ་རྡོ་ཉེར་ཕྱག་པ་ལགས། ངས་གསལ་པོ་ཤེས་ཀྱི་ཡོད། ཡིན་ནའི་གནས་ཚུལ་ཛ་དྲག་དེ་ལ་ཁྱེད་ཚོས་བགྲོ་གླེང་དང་དཔྱད་པ་མ་བྱས་ན་རླབས་ཆེན་གྱི་ཚོགས་པ་ཞིག་ལ་མིང་ཆད་བྱུང་ཚར་ན་ད་བཟོད་ཁྱེད་ཚོ་བློ་བདེ་འམ།
    གསར་འགོད་པ་ཚོ་ཁྱེད་ཚོས་མགྱོགས་པོ་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཚོ་ཚལ་ཏེ་དངོས་བདེན་གྱི་གནས་ཚུལ་དེ་གསལ་པོ་བཟོས་དང་། གང་ལྟར་ཀྱང་ད་ལྟའི་ཆར་རླབས་ཆེན་གྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་ཏེ་ཚོགས་གཙོ་མེད་པའི་ཚོགས་འདུ་ཞིག་ཚོགས་བཞིན་འདུག གནས་ཚུལ་ཞིབ་ཕྲ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་མཁྱེན་གྱི་རེད།

  20. བྲོ་འཚལ། says:
    2012-04-12 at 3:47 am

    གནའ་ཤུལ་སྐོར་ནས་མཆན་བུ་འདེབས་པའི་ཁ་ཐུག་ལ་འབྲེལ་མེད་དོན་གཞན་གྱི་དངུལ་ཟོག་བརྐུས་པའི་གྱོད་དོན་ཞིག་འཁྱེར་ནས་བར་འདིར་བཙང་གིན་འདུག་པ་ནི་ཆོ་མེད་པའི་བྱ་སྤྱོད་ཅིག་རེད།་་་དེ་ལ་ཡ་ལན་དང་གསལ་འདེབས་བྱེད་དགོས་པ་ཅི་ཡང་མི་འདུག་བསམ་མོད།་་་ཡིན་ན་ཡང་བུད་མེད་ཚོགས་པ་ནི་ངོམ་རིན་ཆོག་པའི་བྱེས་འབྱོར་བོད་མི་ཁྲོད་ཀྱི་བུད་མེད་ཚོགས་པ་ཞིག་ཡིན་པས་དེ་ལ་ཉེས་མེད་ཉེས་འཛུགས་དང་མ་ཡིན་ཡིན་མདོག་བྱས་པ་ཡིན་ན་ངོ་མ་ཚོགས་པ་འདིའམ་འདི་དང་ལས་རིགས་གཅིག་པའི་མི་མང་པོ་ཞིག་ལ་དཀར་ནག་གོ་ལྡོག་གི་ཉེས་སྐྱོན་ཞིག་ཕོག་འགྲོ་བར་འདོད་དེ་བསམ་ཚུལ་འདི་བཤད་པ་ཡིན།་་་དགའ་ལྡན་ཅན་ནས་ཟླ་ཚེས་དང་བསྒྲགས་ནས་བཤད་པའི་ཁུལ་རེད་མོད།་་་དོན་ལ་ཉིན་འདི་ལ་ཚོགས་འདུར་སར་དངུལ་དངོས་བརྐུས་པ་རེད་ཅེས་བཤད་ཀྱི་འདུག་ཟེར་བ་མ་གཏོགས་ཁུངས་ལུང་རྒྱུ་མཚན་ཅི་ཡང་མི་འདུག་པས་གལ་སྲིད་ཁྱེད་ཀྱིས་མཆན་བཏབས་ཀྱང་ཆོག་དེའི་སྐོར་ལ་ག་ཚོད་བྲིས་ཀྱང་གནས་ཚུལ་དེ་དང་འབྲེལ་བའི་བྱུང་རིམ་གྱི་བརྒྱུད་རིམ་ཆ་ཚང་ཞིག་བཤད་ཀྱི་མེད་ན་མ་བཤད་ན་དགའ་ངེས་རེད།་་་དེ་ནི་ཉེས་མེད་ཉེས་འདོགས་ཟེར་བ་རེད།་་་དེ་མིན་ན་ཁྱེད་ཀྱིས་གསར་འགོད་པ་རྒྱུགས་ཟེར་ནས་ག་རེ་བྱེད་རྒྱུ།་་་ཁྱོད་དངོས་སུ་སོང་ནས་བརྩད་གཅོད་དང་ཞིབ་འཇུག་བྱས་ཏེ་གནས་ཚུལ་བདེན་པ་བདེན་དྲང་གི་བརྒྱུད་རིམ་ཞིག་གསལ་བཤད་བྱས་ན་མི་ཆོག་པའི་རྒྱུ་མཚན་ཅི།་་ཡིན་གཅིག་མིན་གཉིས་གསར་པ་འགྲོ་དགོས་པ་ནི་ཨེ་ཡིན་ནམ།་་་ཁྱེད་ཀྱིས་དེའི་སྐོར་གསལ་འདོན་དང་ར་སྤྲོད་བྱེད་ཀྱི་ཡིན་ཟེར་མཁན་ཁྱོད་རང་ཡིན་པས་ཁྱོད་མི་འགྲོ་ན་སུ་འགྲོ།་་་་་གལ་སྲིད་ཁྱེད་རང་འགྲོ་མི་ནུས་ན་དེ་འདྲའི་ཉེས་འཛུགས་ཆེན་པོ་ཞིག་མ་བྱས་ན་བཟང་བའི་རེ་བསྐུལ་ཡང་ཞོར་དུ་ཞུ།

  21. དགའ་ལྡན་ says:
    2012-04-12 at 8:11 am

    གོ་མི་ཤེས་པའི་ཟོག་པོ་བྲོ་ཚལ་ཁྱོད་ལེགས་པར་ཉོན་ཞིག བུད་མེད་ལྷན་ཚོགས་ཀྱི་ཚོགས་དངུལ་འབུམ་གཉིས་ལྷག་རྐུ་འཁྱེར་བྱས་པའི་གནས་ཚུལ་དེ་དངོས་བདེན་ཡིན་ཙང་ངས་ཁྱོད་ལ་ལན་འདེབས་གསལ་བཤད་བྱེད་མི་འདོད་ལ་བྱས་ནི་དགོས་པ་ཡང་མེད་འདུག རྒྱུ་མཚན་ཁྱོད་དང་འདྲ་བའི་ཉན་བལྟ་མི་ཤེས་པའི་མི་དེ་ཚོར་ལན་འདེབས་བྱ་རྒྱུ་ངའི་མི་ཚེའི་ནང་ཉོབ་ཤོས་དེ་ཡིན།

  22. བློ་བཟང་ says:
    2012-04-12 at 10:07 am

    དགའ་ལྡན་ལགས་བདེན་པ་ཡིན་ན་རྒྱལ་གྱུར་ཅིག གཞན་རྣམས་ཀྱང་ཕྱོགས་ལྷུང་མིན་པའི་རེ་ཡོད།

  23. གངས་རི། says:
    2012-04-12 at 10:34 am

    གྲོགས་དགའ་ལྡན་གསུངས་པ་དེ་སྡེན་པ་རེད། ཁ་གསེང་དངུལ་གྱི་སྐོར་ལ་ཁོ་རྙོག་དྲ་ལྷགས་དུས་རྒྱ་རི་སྒྲོལ་མ་བར་འདུམ་བྱེད་དུ་སླེབས་ཡོད། བུ་མེད་ཚོགས་གཙོས་དངུལ་བཟས་པ་དེ་དངོས་གནས་རེད། ཁ་གསང་ཁོང་ཚོ་ཚོགས་བདུ་ཚོགས་དུས་སུ་ཚོགས་གཙོ་ཡོད་མ་རེད། ས་ནས་ཁག་གི་ལས་བྱེད་ཀྱི་ཁོང་ཚོར་ཚོགས་གཙོ་ག་པར་ཕྱིན་པ་རེད་དམ། ཞེས་དྲིས་དུས་ཁོང་ཚོ་ཚོགས་གཙོས་དངུལ་བཟོས་པ་རེད། ང་ཚོ་ཕྱིར་ཕུད་བཏང་བ་ཡིན་ཞེས་དབུས་རྒྱུན་ཁག་གི་ཁག་ལན་བརྒྱབ་འདུག།

  24. ལུང་རྟོགས། says:
    2012-04-12 at 11:17 am

    བུད་མེད་ཚོགས་གཙོས་དངུལ་ཟོས་པ་བདེན་པ་ཡིན་ན་སྤྱི་འཐུས་ཀྱི་ལས་གནས་ནས་ཀྱང་དགོང་པ་ཞུ་དགོས་ངེས་རེད།

  25. ཉི་འོད་གྲོང says:
    2012-04-12 at 12:09 pm

    ངས་བསམ་པ་ལ་ཁ་བརྡ་དྲ྄་བའི་ནང་ལ་དངོས་གནས་རྒྱ་མིའི་གསང་མྱུལ་དེ་འདྲ་ཡོད་ནི། ༧གོངས་མཆོག་ལ་མཚན་སྨོད་དེ་འདྲ་བྱས་ཀྱང་ཆན་མི་བཀག་ཀི། ཤར་ཁུག་ལ་ཅིག་ལབ་ན་བཀག་གི

  26. རྩམ་དགའ། says:
    2012-04-12 at 1:09 pm

    བདེན་ལ་མི་བདེན་ལ་ཤོད་རྒྱུ་སྔ་མ་འདུག་་་་་དངུལ་ཟོས་ཡོད་མེད་ག་ལེར་ཕྱིར་ལ་བུད་ཡོང་གི་རེད་་་་དེ་དེས་ཤོད་རྒྱུ་ཡོད་ན་ཨ་མའི་བུ་རེད་ལ།

  27. ཚེ་བསམ་ says:
    2012-04-13 at 1:00 am

    སྐུ་འདྲ་གསུམ་སྟོང་རྙེད་པ་དེ།།
    བསྟན་པ་སླར་ཡང་དར་བའི་རྟགས།།
    ཆོས་མགོ་རི་ལས་མཐོ་བའི་རྟགས།།
    ཆོས་གཞུག་ཆུ་ལས་རིང་བའི་རྟགས།།
    སྟོན་པ་བདེ་གཤེགས་སྙི་པོ་ཡི།།
    དབུ་ལ་ཆག་གྲིབ་མེད་པ་དེ།།
    སླར་ཡང་ཆོས་སྐལ་ཡོད་པའི་རྟགས།།
    རྒྱ་ཡུལ་བདེ་སྐྱིད་འབྱུང་བའི་རྟགས།།
    ཆག་གྲིབ་འགའ་ཞིག་ཐོན་པ་དེ།།
    དམར་ཤོག་རྒྱལ་ཁབ་ཁ་འཐོར་ནས།།
    དུམ་བུ་གསུམ་དུ་འགྲོ་བའི་རྟགས།།
    བོད་དང་སོག་པོ་ཤིང་ཅང་གསུམ།།
    རང་རང་རྒྱལ་ས་འཛིན་པའི་རྟགས
    ཨ་ཧོ་དགའ་ལ་མུ་ལུ་སྐྱིད།།

  28. བྲོ་འཚལ། says:
    2012-04-13 at 1:20 am

    ཨ་རོགས་དྲ་གྲོགས་དགའ་ལྡན།་་་ངས་བསམ་ཚུལ་ཙམ་སྨྲས་ན་ཁྱོད་དེ་འདྲའི་ཁོང་ཁྲོ་ཟ་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་བཤད་དཀའ་ཡང་།་་་ཞིབ་ཏུ་བསམ་ན་ཁྱེད་ལ་རྒྱབ་སྐྱོར་མ་བྱས་པར་བུད་མེད་ཚོགས་པའི་སྐོར་ནས་ཚིག་ཁ་ཤས་བྲིས་པ་ལ་དེ་ལྟར་ཁོང་ཁྲོ་ལངས་པ་འདྲ་བས།་་་ངོ་མ་བཤད་ན་དེང་སང་གི་མི་འདི་ཚོ་ཡིན་ན་རང་གི་ཞེ་འདོད་དང་ཅུང་ཙམ་མ་མཐུན་པ་བྱུང་ཚེ་ཟོག་པོའམ་གདོན་འདྲེ་ལྟ་བུ་ཞིག་ཏུ་སྒྲོ་འདོགས་དང་འུར་སྒྲོགས་བྱས་ཏེ་གང་ཐུབ་ཐུབ་ཀྱིས་སྨད་ཅི་ཐུབ་བྱེད་པ་ནི་གནས་ལུགས་སྟོང་པའི་མགོ་སྟོང་རྐྱལ་སྟོང་དག་གི་ལས་ཚུལ་ཞིག་ཡིན་མོད།་་་དེ་ལ་གནད་འགག་ཆེན་པོ་མི་འདུག་་་་དོན་ངོ་མ་ནི་ག་རེ་རེད་ཟེར་ན།་་་བུད་མེད་ཚོགས་པའི་ཚོགས་གཙོས་དངུལ་ཟོས་པ་བདེན་པ་ཡིན་ན་བདེན་པ་ཡིན་པའི་བདེན་ལུགས་ཤིག་བཤད་ཀྱི་དགོས་པ་ནི་ནོར་ནག་རྫི་བོ་ཞིག་ཡིན་ཀྱང་ཤེས་ངེས་རེད།་་་ད་དེ་ཙམ་བྱོས།་་་ང་ལས་ཁུངས་ལ་འགྲོ་རན་སོང་།

  29. སྒྲ་དབྱངས་ says:
    2012-04-15 at 8:22 am

    ལྷག་ཏུ་དགའ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme