Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧ་ཆི་ཀོ། Hachiko (ཁྱི་ཞིག་གི་ལོ་རྒྱུས།)

Posted on 2010-12-152010-12-15 By ཁ་བརྡ་ 23 Comments on ཧ་ཆི་ཀོ། Hachiko (ཁྱི་ཞིག་གི་ལོ་རྒྱུས།)

dog
ར་ས་ཕོ་ཉ།
ཧ་ཆི་ཀོ། 《ཕྱི་ལོ་༡༩༢༣ ཟླ་བ་༡༡ ཚེས་༡༠ ནས་ ༡༩༣༥ ཟླ་བ་༣ ཚེས་༨ བར་འཚོ་གནས་བྱས།》
ཉི་ཧོང་དུ་དམ་ཚིག་གཡོ་བ་མེད་པའི་ཁྱི་རུ་གྲགས་པ་ཧ་ཆི་ཀོ་ནི་༡༩༢༣ ཟླ་བ་༡༡ ཚེས་༡༠ ཉིན་ཨོ་དྷ་ཏེ་Odateཞེས་པའི་ཉི་ཧོང་གི་གྲོང་ཁྱེར་དེའི་ཉེ་འདབས་སུ་ཞིང་པ་ཞིག་གི་ནང་དུ་ཨ་ཀི་ཏ་Akitaཞེས་པའི་ཁྱིའི་རིགས་སུ་སྐྱེས། ༡༩༢༤ ལོར་ཀྲོག་ཡོའི་Tokyoམཐོ་རིམ་སློབ་གྲྭའི་སོ་ནམ་མཁས་དབང་proffessorཡུའི་ནོ་ Ueno ཞུ་བ་ཞིག་གིས་ཧ་ཆི་ཀོ་གཅེས་ཉར་སེམས་ཅན་དུ་ཉར། མཁས་དབང་ཁོང་འཚོ་ཞུགས་ཀྱི་རིང་ཧ་ཆི་ཀོས་ཉིན་ལྟར་ཕྱི་དྲོ་ཤི་བྷུ་ཡ་Shibuya station ཞེས་པའི་མེ་འཁོར་བབ་ཚུགས་སུ་རང་གི་སྦྱིན་བདག་མཁས་དབང་དེ་བསུ་སར་བསྐྱོད་ཀྱི་ཡོད་འདུག འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ ༡༩༢༥ ཟླ་བ་༥ པའི་ནང་མཁས་དབང་དེ་ཀླད་ཁྲག་འདྲེས་ནས་འདས་གྲོང་དུ་གྱུར་པས་ཧ་ཆི་ཀོས་སྒུག་བསྡད་པའི་མེ་འཁོར་བབ་ཚུགས་སུ་ལོག་མ་ཐུབ། མཁས་དབང་ཁོང་འདས་པའི་རྗེས་སུ་ཧ་ཆི་ཀོ་གཞན་ཞིག་ལ་སྤྲད་ཡོད་ནའང་། བརྩེ་སེམས་ཀྱི་དམ་ཚིག་གཡོ་བ་མེད་པའི་ཧ་ཆི་ཀོས་རྟག་པར་བྲོས་ཕྱིན་ནས་སྦྱིན་བདག་འདས་པོ་དེའི་ཁྱིམ་དུ་ལོག་ཡོང་གི་ཡོད་ཅིང་། ཧ་ཆི་ཀོས་མཁས་དབང་ཁོང་གི་ཁྱིམ་ཚང་དེར་རང་གི་སྦྱིན་བདག་ད་ཆ་གནས་སྡོད་བྱེད་ཀྱི་མེད་པ་ཤེས་པའི་རྗེས། ཉིན་ལྟར་ཕྱི་དྲོ་མེ་འཁོར་བབ་ཚུགས་སུ་རང་གི་སྦྱིན་བདག་མཁས་དབང་ཡུའི་ནོ་འཚོལ་སར་ཕྱིན་ནས་སྒུག་བསྡད་པས་ཤི་བྷུ་ཡ་མེ་འཁོར་བབ་ཚུགས་སུ་འགྲུལ་བཞུད་པ་ཚོས་ཡིད་དབང་འཕྲོག་འོས་པ་ནི་བརྟན་འཇགས་མཐོང་རྒྱུ་ཡོད་པའི་ཧ་ཆི་ཀོས་རང་གི་སྦྱིན་བདག་སྒུག་བཞིན་པ་དེ་ཡིན། ཤི་བྷུ་ཡ་མེ་འཁོར་བབ་ཚུགས་སུ་རྟག་ཏུ་ཧ་ཆི་ཀོ་དང་མཁས་དབང་གཉིས་ཡང་ཡང་མཐོང་མྱོང་བའི་མི་མང་པོས་དེ་ལྟར་སྦྱིན་བདག་སྒུག་ནས་བསྡད་པའི་དམ་ཚིག་ཅན་གྱི་ཧ་ཆི་ཀོའི་བྱེད་སྟངས་དེ་ལ་ཡིད་སྨོན་ཤོར་ནས་ཧ་ཆི་ཀོ་ལ་བལྟ་རྟོགས་དང་འཚོ་སྐྱོང་བྱས་འདུག།
dog1དེ་ལྟར་ཧ་ཆི་ཀོ་ལོ་ངོ་དགུ་སྟེ་མདོར་ན་རང་གི་ཚེ་སྲོག་ཧྲིལ་པོ་མ་རྫོགས་ཀྱི་བར་ཉིན་ལྟར་མེ་འཁོར་བབ་ཚུགས་སུ་རང་གི་སྦྱིན་བདག་མཁས་ཡུའི་ནོ་སྒུག་སར་བསྐྱོད་པས། ཉིན་ཞིག་མཁས་དབང་ཡུའི་ནོའི་སློབ་མ་ཨ་ཀི་ཏ་ཞེས་པའི་ཁྱིའི་རིགས་ལ་ཞིབ་འཇུག་པ་གསར་པ་ཞིག་ཡོད་པ་དེས་མེ་འཁོར་བབ་ཚུགས་སུ་ཧ་ཆི་ཀོ་མཐོང་ནས་རྗེས་དེད་བྱས་པས་མཐར་མཁས་དབང་ཡུའི་ནོའི་མེ་ཏོག་གཡོག་བྱེད་མཁན་ཞིག་གི་ནང་དུ་འབྱོར་ནས་ཁོང་གི་ས་ནས་ཧ་ཆི་ཀོའི་ལོ་རྒྱུས་ཆ་ཚང་ཤེས་པས། དེ་ནས་མི་རིང་བར་སློབ་མ་དེ་ཨ་ཀི་ཏའི་ཁྱི་རིགས་གྲངས་བཤེར་ཞེས་པའི་ཡིག་ཆ་ཞིག་དཔར་སྐྲུན་བྱས། 《དེབ་དེ་ནང་ཧ་ཆི་ཀོ་ཐེབས་པའི་ཨ་ཀི་ཏ་ཞེས་པའི་ཁྱིའི་རིགས་གཙང་མར་ལྷག་ཡོད་པ་༣༠ ཙམ་ལས་མེད་ཟེར། 》 དེ་ནས་ཁོང་གི་ཡང་བསྐྱར་ཁྱི་དེའི་སར་ཕེབས་ནས་དཔེ་ཟླ་མེད་པའི་ཧ་ཆི་ཀོ་ཞེས་པའི་རྩོམ་ཡིག་འགའ་ཤས་སྤེལ་བ་ལས། རྩོམ་ཡིག་གཅིག་ཉི་ཧོང་གི་ཚགས་ཤོག་གྲགས་ཅན་Asahi Shimbunཞོགས་པའི་ཉི་མ་ཞེས་པ་དེའི་ནང་འཁོད་པ་ལས། ཧ་ཆི་ཀོ་ནི་རྒྱལ་ཁབ་ཀྱི་འཚོ་བའི་ནང་དུ་ཚུད་ཅིང་དགེ་རྒན་དང་ཕ་མ་ཚོས་རྒྱུན་དུ་ཕྲུག་གུ་ཚོར་ཧ་ཆི་ཀོའི་ལོ་རྒྱུས་ལ་སྦྱར་ནས་བསླབ་བྱ་གནང་གི་ཡོད།dog3
༡༩༣༥ ཟླ་བ་ ༣ ཚེས་ ༨ ཀྱི་ཉིན་ཤི་བྷུ་ཡའི་རྒྱ་ལམ་སྟེང་ཧ་ཆི་ཀོ་འཇིག་རྟེན་འདི་དང་ཁ་བྲལ་ཡོད་ཅིང་། ཕུང་པོར་བརྟག་དཔྱད་བྱེད་པའི་དུས་སྙིང་ལ་ནད་ཕོག་ཡོད་པ་དང་། གྲོད་ཁོག་ནང་བྱ་ཤ་སྐྲག་པ་གསུམ་བཞི་ཡོད་འདུག
༡༩༣༤ ཟླ་བ་༤ པའི་ནང་མེ་འཁོར་བབ་ཚུགས་དེར་ཧ་ཆི་ཀོའི་འདྲ་བརྙན་ཞིག་ཟངས་ལས་བཟོས་ཡོད་ཅིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདྲ་བརྙན་དེ་ཞིག་པ་ལས། སླར་ཡང་༡༩༤༨ ཟླ་བ་༨ པའི་ནང་སྔོན་མའི་འདྲ་བརྙན་བཞེངས་མཁན་དེའི་བུས་འདྲ་བརྙན་གཉིས་པ་དེ་བཞེངས་པ་རེད། དེས་ན་དེང་སང་ཉི་ཧོང་གི་ཤི་བྷུ་ཡ་མེ་འཁོར་བབ་ཚུགས་སུ་འཐོན་སྒོ་ལྔ་ཡོད་པ་ལས་གཅིག་ལ་ཧ་ཆི་ཀོ་གྷུ་ཆི་ Hachiko exit སྟེ་ཧ་ཆི་ཀོ་འཐོན་སྒོ་ཞེས་བཏགས་ཡོད།།dog2

ཁྱི་འདིའི་སྐོར་གྱི་གློག་བརྙན་གཟིགས་ན།
《༡》 Hachiko.Monogatari ༡༩༨༧ ལོར་ཉི་ཧོང་ནས་བཟོས།
《༢》 Hachiko A Dog’s Story ༢༠༠༩ ལོར་ཧོ་ལི་ཝུཌ་ནས་བཟོས། ༼གློག་བརྙན་དེ་བོད་དོན་ཐད་རོགས་རམ་ཤུགས་ཆེ་གནང་མཁན་རི་ཆརཌ་གྷེ་རི་དང་ལྷན་དུ་འཁྲབ།༽

འགྱུར་རྩོམ།

Post navigation

Previous Post: བརྩེ་དུང་གི་རྨ་ཁ།
Next Post: འགན་འཁྲི་དང་ནོངས་འགྱོད།

Comments (23) on “ཧ་ཆི་ཀོ། Hachiko (ཁྱི་ཞིག་གི་ལོ་རྒྱུས།)”

  1. ཀརྡོ་རབ་འབྱམས་པ་ says:
    2010-12-15 at 11:49 am

    ང་ཆུང་དུས་ནས་ངའི་མ་དྲིན་ཆེན་དེས་ཡང་ཡང་གསུང་བགྱིད་ཡོད་པ་ཅིག་ནི། མི་རྟ་ཁྱི་གསུམ་རྣམ་ཤེས་གསུམ་གཅིག གསུང་སྲོལ་དང་མཚུངས་འདུག

  2. འདྲེ་རིག་ལྡན། says:
    2010-12-15 at 1:01 pm

    འདི་སྐོར་གློག་བརྙན་མཐོང་མྱོང་། མིག་ཆུ་མི་གཏོང་མཁན་གཅིག་ཀྱང་མི་འདུག བལྟ་རིན་ཡོད་པའི་གློག་བརྙན་ཞིག་རེད་འདུག

  3. ཇིང་སྲས་མིག་གསུམ་པ says:
    2010-12-15 at 1:10 pm

    གློག་བརྙན་དེ་ལོ་མ་སྔོན་མ་བལྟས་ཚར་ཡིན་ངོ་མ་ཡག་པོ་འདུག
    མིག་ཆུ་རང་བཞིན་གྱིས་ཤོར་འགྲོ་གི་འདུག

  4. ཚངས་དབྱངས། says:
    2010-12-15 at 6:47 pm

    གནས་ཚུལ་འདི་འདྲ་བོད་ལ་བྱུང་མྱོང་འདུག དཔེར་ན། ༡༩༥༩དང་དེའི་རྗེས་ལ་སེར་ར་དགོན་པའིདགེ་འདུན་པ་རྣམས་དགོན་པ་བཞག་ནས་ཕེབས་སྐབས། དགོན་པ་དེའི་ནང་གི་ཁྱི་དེ་ཚོ་རྗེས་སུ་ལུས་ནས། རྟག་ཏུ་སེ་ར་དགོན་པའི་རྒྱབ་ཀྱི་རི་ཁྲོད་ལ་ཕེབས་སའི་ལམ་ལ་ལོ་མང་པོ་སྒུག་བསྡད་པ་དགེ་འདུན་པ་རྒན་པ་ཁ་ཤས་ནས་གསུངས་བ་གོ་མྱོང་། རྒྱུ་མཚན་ནི་དགེ་འདུན་པ་མང་པོ་དེ་ནས་ཕྱོགས་ཐོན་གནང་འདུག 

    སྙིང་རྗེ་ད།  དཀར་རིལ་དང་དམར་རིལ་དེ་ཚོ་ག་པར་སྐྱེས་བསྡད་ཡོད་ན།  

  5. ཀླུ་སྨྱོན། says:
    2010-12-16 at 1:54 am

    སྔོན་མར་ངེད་ཚང་ལ་ཁྱི་རྒན་ཞིག་ཡོད་པ་དགོན་པར་འགྲོ་རྒྱུར་ཧ་ཅང་དགའ། ཐ་ན་དགོན་པ་ཞེས་རྗོད་དུས་ལམ་སེང་ཡར་ལངས་ནས་ལམ་ལ་ཆས་ཀྱི་རེད། དགོན་པར་བསླེབས་རྗེས་ཕྱིར་ནང་ལ་འགྲོ་རོགས་མ་བྱས་ནས་དཀའ་ངལ་སྤྲོད་ཀྱི་རེད། ཐེངས་འགར་ང་འུ་ཐུག་སྟེ་ཁྱི་རྒན་དྲུད་ནས་ཕྱིན་པ་ཡིན། སྙིང་རྗེ། བླ་རྒན་ཞིག་གི་རྣམ་ཤེས་ཀྱང་ལོས་ཡིན་བསམས།

  6. བློ་གྲོས་མཐའ་ཡས། says:
    2010-12-16 at 2:38 am

    འོ་འོ།    ད་ཁྱི་ལུས་ལེན་རྒྱུ་ཡིན་ན་བླ་རྒན་བྱས་མ་བྱས་ཀྱང་མི་འདུག་ག

  7. ཀླུ་སྨྱོན། says:
    2010-12-16 at 2:43 am

    ང་ཚོས་ཤེས་གསལ་བཞིན་ལས་འབྲས་སྨིན་ཚུལ་ལ་དབྱེ་ན་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་སོགས་ཡོད་པས། སྐྱེ་བ་འདི་ལ་བླ་རྒན་ཞིག་བྱས་ཀྱང་སྐྱེ་བ་རྗེས་མ་དེ་ལ་ཁྱི་ལུས་མི་ལེན་པའི་ངེས་པ་ཅང་མེད་པ་མཁྱེན་གསལ་རེད། ད་དུང་བྱང་སེམས་ཁྱི་ལུས་ཅན་ཡང་ཡོད་པ་མཁྱེན་གསལ་རེད། ཚ་དམྱལ་གྲང་དམྱལ་ལ་འགྲོ་བ་ལས་ཆོས་སྒྲ་རྣ་བས་ཐོས་ས་ཞིག་ནས་ཁྱི་ལུས་ཤིག་བླངས་ཀྱང་སྐྱེ་བ་མཆོག་རབ་ཅིག་རེད་བསམས།

  8. ར་ས་ཕོ་ཉ། says:
    2010-12-16 at 3:21 am

    སྤྱིར་བཏང་དགོན་པའི་ནང་མཁར་རྔ་སོགས་གདུང་དུས་ཁྱི་མང་པོས་ངུ་བཞིན་ཡོད་པས། དེ་དུས་སྔོན་གྱི་མི་རྒན་མང་པོས་སྙིང་རྗེ། ཁྱི་དེ་ཚོ་བླ་རྒན་འགའ་ཤས་ཀྱི་སྐྱེ་བ་ཡིན་རྒྱུ་རེད་ཟེར་གྱི་ཡོད། ཕྱིས་སུ་ཡག་པོ་བརྟག་དུས་ཁྱི་དེ་ཚོ་མང་ཇ་དྲན་ནས་ངུ་བ་མིན་པར་མཁར་རྔ་དང་བླང་ངའི་སྐད་རྣ་བར་མ་བཟོད་པར་ངུ་བ་རེད་འདུག དཔེར་ན། ཁྱི་ཞིག་གི་གསར་ལག་ཐོགས་ཁ་པར་དང་ཆུ་ཚོད་སྐད་གྱི་སྐད་ཆེན་པོ་དེ་འདྲ་རྒྱག་ཏུ་བཅུགས་ན་དེ་མུར་ངུ་ཡི་རེད། དེ་ནི་ཁྱིའི་རྣ་བའི་དབང་པོ་གསང་གྲགས་པས་བྱས་པ་ཞིག་ལས་སྐྱེ་བ་རྔ་མ་བླ་རྒན་དེ་འདྲར་སྐྱེ་བ་མིན།

    ད་གིན་ཀླུ་སྨྱོན་གྱིས་ཟེར་བ་དེ་ཡང་། གཅིག་བྱས་ན་བླ་རྒན་དེ་འདྲའི་སྐྱེ་བ་ཡིན་སྲིད་ཀྱང་། གྲོང་གསེབ་གྱི་ཕ་རྒན་ཆོས་དེད་ཆེན་པོ་རྒྱུན་དུ་སྐྱེ་བ་ཕྱི་མ་གྲྭ་པ་བྱ་རྒྱུའི་སྨོན་ལམ་འདེབས་མཁན་དེ་འདྲའི་སྐྱེ་བ་ཡང་མིན་མི་སྲིད་པ་མ་རེད་སྙམ།

  9. ལ་སྟོད་བུ། says:
    2010-12-16 at 3:57 am

    ཨ་ཙི་བླ་རྒན་གྲྭ་རྒན་དེ་ཚོས་སྲུང་ཁྲིམས་ལེགས་པོ་ཞིག་མ་སྲུང་པ་ཡིན་རྒྱུ་རེད།
    དེ་མིན་མདོ་རྒྱུད་ལས།
    ཚུལ་ཁྲིམས་སྲུང་བ་ལྷ་མིའི་རྒྱུ་རུ་འགྱུར།
    ཅེས་བཤད་ཡོད།

  10. ལ་སྟོད་བུ། says:
    2010-12-16 at 4:24 am

    སྔོན་མ་རྒྱལ་པོ་ཞིག་ལ་བུ་མོ་ཤིན་ཏུ་མཛེས་མ་ཞིག་ཡོད་པས་དེ་སྲས་དྲི་མེད་ཡིད་དུ་འོང་པ་ཞིག་ལ་མནའ་མར་བཏངས་པས།
    བློན་པོ་གདུག་པ་ཅན་ཞིག་གིས་ཐབས་ངན་སྣ་ཚོགས་བཤམས་ནས་དབྱེན་བསྐྱལ་ནས།
    བུ་མོ་དེ་ལ། ཁྱོད་ཀྱི་ཁྱོ་དེ་ལ་ལྟས་ངན་གྱི་ཐན་པ་ནད་ངན་མཛེས་ཡིས་མནར་འདུག་པས་ཁྱོད་དེ་ལ་བསྡོད་པ་ནི་མི་རྣམས་ཀྱིས་འཕྱ་ཡིན་འདུག་པས། དེ་བས་ལ་ཆེན་པོའི་ཕ་རོལ་ན་ཤིན་ཏུ་མཛེས་པའི་ཁྱོ་པོ་ཞིག་ཡོད་འདུག་པས་ཁྱོད་འཐད་ན་ཁྱོད་རང་ཤིན་ཏུ་གསང་བ་དམ་པོས་རྒྱན་སྣ་ཚོགས་ཐོགས་ལ་ཤོག་ཅིག་བྱས་པས།
    བུ་མོ་ཡང་ཡིད་ཤིན་ཏུ་ཆེ་སྟེ་དེ་དེ་བཞིན་དུ་བྱས་ཏེ་བྲོས་བྱོལ་དུ་ཕྱིན་པར། ལམ་བར་དུ་སྔར་གྱི་བློན་པོ་དེ་ཡིས་བུ་མོའི་རྒྱན་ཆ་ཐམས་ཅད་བཤུས་སྨ་ཕབས་དུག་པོ་བསྐོན་ནས་ཡུལ་དུ་ལོག་འགྲོ་སྐབས། སེམས་གཏིང་ནས་མི་དགའ་ཞིང་གཙང་ཁ་ཞིག་ཏུ་ཆུ་ལ་ལྕེབ་ཀྱང་མ་ནུས་པར་མནོ་བསམ་གཏོང་བཞིན་ཡོད་སྐབས། ཝ་མོ་ཤ་ཁྱེར་ཞིག་དང་འཕྲད་ནས་དེ་ཅི་བྱེད་ལྟ་སྐབས། ཆུ་ནང་ནས་ཉ་ཞིག་བྱུང་ཝས་ཁ་ཡི་ཤ་བོར་ནས་ཉ་བདས་པས་ཉ་མ་ཟིན་པར། ཁ་ཡི་ཤ་ཡང་ནམ་མཁའི་བྱ་ཡིས་ཁྱེར། མོ་ལ་མིག་ཅེར་རེ་སྣང། བུ་མོས་ཝ་ལ་ཚིག་སྨྲས་པ། ཁ་ཤ་བོར་ནས་ཉ་ཤ་བསྙེག ཉ་ཤ་རྒྱ་མཚོའི་གཏིང་དུ་བྲོས། ཁ་ཤ་གནམ་གྱི་བྱ་ཡིས་ཁྱེར། ཝ་ཤ་དད་ཅན་ལ་སྙིང་རེ་ཚིམ། བྱས་པས། ཝས་ལན་བཏབ་པ། གཏན་ཁྱོ་བོར་ནས་སྲེད་ཁྱོ་བསྙེགས། གཏན་གྱི་ཁྱོ་དེ་རྒྱབ་བསྣོལ་བྱས། སྲེད་ཁྱོ་མ་འཕྲད་དགྲ་དང་འཕྲད། སྲིན་མོ་ཁྱོ་དད་ཅན་ལ་སྙིང་རེ་ཚིམ།
    ཞེས་བཤད་པ་ཞིག་ཡོད་འདུག
    རྩ་བའི་བརྗོད་གཞི་དང་འབྲེལ་བ་མེད་རུང་།
    དྲ་གྲོགས་ཚོའི་ངལ་དུབ་སེལ་བའི་ཕྱིར་ཕུལ་བ་དགེའོ།

  11. ཀརྡོ་རབ་འབྱམས་པ་ says:
    2010-12-16 at 5:50 am

    ཁྱི་རིན་པོ་ཆེ་དེའི་ལོ་རྒྱུས་ཀྱིས་ལས་འབྲས་ལ་ཡིད་ཆེས་ཅུང་མཐོ་རུ་བཏང་སོང་། དེའི་སྟེང་དྲ་གྲོགས་འགས་ཀྱང་རང་གི་ཡིད་ཆེས་ཀྱི་མེ་ཡི་སྟེང་དུ་མར་སྣུམ་ཅུང་ཟད་ལྡུག་པ་ལ་ཡང་ཐུགས་རྗེ་ཆེ་ཆེའོ། །

  12. དབང་འདུས། says:
    2010-12-16 at 8:59 am

    དངོས་སྒྲུང་ཁ་ཤས་ནི་བསམ་ཡུལ་ལས་འདས་པ་དང་། ངོ་མཚར་ཆེན་པོ་འདུག དེ་འདྲའི་རིགས་མང་ཙམ་ལ་བལྟས་ན་རང་གི་བསམ་ཚུལ་ཙམ་ལས་གཞན་རྣམས་མེད་པར་འདོད་པའི་ལྟ་བ་དེ་ཅུང་ཙམ་ཆུང་རུ་འགྲོ་བར་ཕན་ཐོགས་ཆེན་པོ་འདུག དྲྭ་རོགས་ཚོས་དགོན་པར་དགའ་བའི་ཕྱི་དེ་ཚོ་བླ་རྒན་དང་གྲོང་གསེབ་ཀྱི་བླ་རྒན་ཆོས་དད་ཅན་སོགས་ཡིན་མདོག་སྐུ་རྩེད་གནང་འདུག བླ་རྒན་དང་གྲོང་གསེབ་་ཀྱི་བླ་རྒན་ལས་གཞན་པའི་དཔེ་ཆ་བ་དང་། མཁན་པོ། སློབ་དཔོན། དགེ་བཤེས། སྤྲུལ་པའི་སྐུའི་མིང་འཛིན་པ་དེ་ཚོ་ཁྱིའི་སྐྱེ་བར་མི་ལེན་ངེས་པ་རེད་དམ། ཡང་ན་ཆོས་དད་མེད་པར་ངེས་པ་རེད་དམ། སྟོན་པའི་སྐྱེ་རབ་ལྔ་བརྒྱ་བ་སོགས་སུ་གཟིགས་དང་། ཁྱིའི་སྐྱེ་བར་ལེན་པ་ཙམ་ལ་སྡུག་ཏུ་འཛིན་རྒྱུ་གང་ན་ཡོད། བྱང་ཆུབ་སེམས་དཔས་དག་པའི་སྐྱེ་བ་ལྔ་བརྒྱ་དང་། མ་དག་སྐྱེ་བ་ལྔ་བརྒྱ་འཛིན་པའི་ལོ་རྒྱུས་ཡོད་པ་ངོ་མཚར་བའི་གནས་རེད། ད་དུང་དངོས་སྒྲུང་དུའང་མཁན་པོ་སློབ་དཔོན་དགེ་བཤེས་སྤྲུལ་སྐུ་སོགས་ལོ་རྒྱུས་བཞད་གད་སློང་བྱེད་ལྟ་བུ་མང་དུ་ཡོད་མོད། འོན་ཀྱང་དེ་ཚོ་བཀོད་ན་ཆགས་སྡང་གི་རྒྱུ་ཙམ་ལས་ཕན་འདོགས་མེད་པ་འདྲ།
    དགོན་པར་དགའ་བའི་ཁྱི་རྒན་བླ་རྒན་གྱི་རྣམ་ཤེས་ཡིན་པར་གྲུབ་ན། ཨ་རིར་དགའ་བའི་བོད་རིགས་རྣམས་ཨ་རི་བའི་སྐྱེ་བ་ཡིན་པ་འདྲ། བཞད་གད་སློང་བྱེད་ཙམ་དུ་བཀོད་པ་ཡིན།
    དེ་ཙམ་བྱེད། དངོས་སྒྲུང་ངོ་མཚར་ཅན་ཡོད་པར་ལྷུར་པོར་གསུང་རོགས་ཞུ་ཞུ། ཉན་འདོད་དང་ཕན་འདོགས་ཆེན་པོ་འདུག

  13. ཀརྡོ་རབ་འབྱམས་པ་ says:
    2010-12-16 at 9:41 am

    དབང་འདུས་ལགས། ་་་་དག་པའི་སྐྱེ་བ་ལྔ་བརྒྱ་དང་། མ་དག་སྐྱེ་བ་ལྔ་བརྒྱ་་་་་ ལས་དག་པའི་བརྒྱ་དང་མ་དག་པའི་བརྒྱ་ཙམ་གྱི་མཚན་ཞིའམ་འགོ་རྗོད་ཙམ་སུས་འབྲི་ཐུབ་བམ། འདི་ནི་ཀུ་རེ་མིན་ལ་ཤེས་འདོད་ནས་ཡིན་ལགས།

  14. ར་ས་ཕོ་ཉ། says:
    2010-12-16 at 9:55 am

    ཡང་ངས་གཅིག་བཤད། ལོ་ངོ་འགའི་སྔོན་ཁོ་བོ་གྲོགས་པོ་དག་དང་ལྷན་དུ་མཐའ་ཡི་རྒྱ་མཚོའི་ངོགས་སུ་འགྲོ་དུས་བྱེ་མའི་གསེང་ལ་སྡིག་སྲིན་དམར་པོ་དེ་འདྲ་མང་པོ་ཁུང་བུའི་ནང་ནས་མར་འདོན་ནས་ཉི་མ་སྲོ ཡང་མི་སླེབས་པ་དང་ལམ་སེང་ཁུང་བུའི་ནང་འཛུལ་འགྲོ་ཡི་འདུག་པས། ངས་གྲོགས་པོ་ཚོར་《ཨ་ཙི། སྡིག་སྲིན་དེ་ཚོ་དངོས་གནས་ཕྱི་རྒྱལ་བ་རྒྱ་མཚོའི་འགྲམ་དུ་ཉི་མ་སྲོ་མཁན་དེ་ཚོའི་སྐྱེ་བ་མིན་ནམ། 》 ཞེས་བརྗོད་པ་ཡིན།

  15. དབང་འདུས། says:
    2010-12-16 at 5:29 pm

    ཀརྟོ་རབ་འབྱམས་པ་ལགས།

    དེ་དག་ཉིད་ཀྱིས་མཁྱེར་པར་འདོད་ན་སྐྱེ་རབས་དཔག་བསམ་འཁྲི་ཤིང་དང་། རྒྱབ་ཆོས་པདྨ་དཀར་པོ་གཉིས་སུ་གཟིགས་ཚལ། གལ་སྲིད་ཉིད་ལ་གཟིགས་རྒྱུའི་ཕྱག་ཚོད་མེད་ན་གུས་པས་ཕུལ་ཆོག ཡིན་ན་མིང་ཉིས་བརྒྱ་པོ་ད་སྐབས་བློ་ན་འབྲི་རྒྱུ་མེད་ལགས།

  16. གཞོན་ནུ་ཟླ་མེད། says:
    2010-12-16 at 6:15 pm

    དབང་འདུས་ལགས་ལ་དྲི་བ་ཞིག་ཡོད། དག་པའི་སྐྱེས་པ་ལྔ་བརྒྱ་དང་མ་དག་པའི་སྐྱེས་པ་ལྔ་བརྒྱ་ཟེར་བའི་དག་མ་དག་གི་དོན་དེ་ག་རེ་རེད། དེ་བཞིན་དུ་དག་པའི་ཞིང་དང་མ་དག་པའི་ཞིང་ཞེས་པའི་དག་མ་དག་གི་ཚད་གཞི། དེ་བཞིན་དུ་མངོན་རྒྱན་ནས་གསུངས་པ། དེ་ནི་དག་པ་ཡིན་པར་འདོད། ཅེས་པའི་དག་མ་དག་གི་ཚད་དེ་ཚོ་གཅིག་གསུངས་རོགས་ཀྱིས་དང་།

  17. བློ་གྲོས་མཐའ་ཡས། says:
    2010-12-16 at 7:55 pm

    དབང་འདུས་ལགས།
    གཞོན་ནུ་ཟླ་མེད་ཀྱི་དྲི་བའི་ནང་གི་སྐྱེས་པ་ལྔ་བརྒྱ་ཟེར་བ་དེ། ཕར་བལྟས་ཚོད་ལ་སྐྱེས་པ་དང་བུད་མེད་ཀྱི་ཟླས་ཕྱེ་བའི་སྐྱེས་པ་ལ་ཟེར་གྱི་ཡོད་ས་རེད་སྙམ་པ་ཞིག་བློ་ངོར་འཆར་བར་འདུག་ཀྱང་། ཉིད་ཀྱི་མཆན་དེ་ལ་གཅིག་བལྟས་པས། གཞི་ནས་གཞོན་ནུ་ཟླ་མེད་ཀྱི་སྐྱེས་པ་ཟེར་བ་དེ་སྐྱེ་བ་ལ་གོ་བ་ལེན་དགོས་པ་ཤེས་སོང་བས་དེ་ལུགས་ཀྱི་ལན་སྤྲད་ན་འགྲིག་ས་རེད། སྤྱིར་གཞོན་ནུ་ཟླ་མེད་དང་སྐད་ཆ་བཤད་སྐབས་མཚམས་རེར་མིག་བཙུམས་ནས་ཡི་གེའི་སྒྲ་གདངས་ལ་བསམ་བློ་བཏང་ན་ཅི་ཞིག་ཟེར་གྱི་ཡོད་ཤེས་པར་ཕན་གྱི་འདུག དེ་མིན་སངས་རྒྱས་ལ་སིང་ལྒྱས། དགེ་འདུན་ལ་རྒེ་འདིན། སྐྱབས་འགྲོ་ལ་རྐྱབ་འདྲོ།    བླ་མ་ལ་བརླ་མ་ལྟ་བུ་འབྲི་ཡོང་དུས་ལན་རྒྱག་རྒྱུ་ཕར་བཞག་ཅི་ཞིག་ཟེར་གྱི་ཡོད་ཡང་ཤེས་ཀྱི་མི་འདུག

    ༡༦༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༡༥
    དབང་འདུས་ལགས་ལ་དྲི་བ་ཞིག་ཡོད། དག་པའི་སྐྱེས་༼ སྐྱེ་༽པ་༼བ་༽ལྔ་བརྒྱ་དང་མ་དག་པའི་སྐྱེས་༼ སྐྱེ་༽པ་༼བ་༽ལྔ་བརྒྱ་ཟེར་བའི་དག་མ་དག་གི་དོན་དེ་ག་རེ་རེད། དེ་བཞིན་དུ་དག་པའི་ཞིང་དང་མ་དག་པའི་ཞིང་ཞེས་པའི་དག་མ་དག་གི་ཚད་གཞི། དེ་བཞིན་དུ་མངོན་རྒྱན་ནས་གསུངས་པ། དེ་ནི་དག་པ་ཡིན་པར་འདོད། ཅེས་པའི་དག་མ་དག་གི་ཚད་དེ་ཚོ་གཅིག་གསུངས་རོགས་ཀྱིས་དང་།

  18. ཨོ་ལོ། says:
    2010-12-16 at 8:24 pm

    དེ་སྔོན་ང་ལ་ཁྱིའུ་ཞིག་ཡོད། ནམ་རྒྱུན་ཁྲོམ་སོགས་སུ་འགྲོ་སྐབས་མཉམ་དུ་ཁྲིད་ནས་འགྲོ་ཡི་ཡོད།
    མི་མང་པོའི་དཀྱིལ་དུ་འགྲོ་སྐབས་ཁོ་ངའི་འཇིང་བའི་སྟེང་དུ་མཆོངས་ཡོང་ནས་ཕྲུག་གུ་རྒྱབ་ཏུ་འཁུར་བ་འདྲ་བོ་བྱས་ནས་ཁྱེར་གྱི་ཡོད། ངའི་ལྷམ་དང་། གོས་སོགས་ཐག་རིང་ན་ཡོད་ན་་ཁྱེར་ཏེ་ང་ལ་སྤྲོད་ཀྱི་ཡོད། དེ་ལྟར་ང་གཉིས་རྒྱུན་རིང་པོར་མཉམ་དུ་འཚོ་བ་བསྐྱལ་པ་ཡིན།
    ཉིན་ཞིག་ང་རང་ཐག་རིང་དུ་ལས་དོན་ཞིག་ཏུ་འགྲོ་སྐབས་ངའི་སྤུན་མཆེད་ལ་བཅོལ་བར་ཁོས་བདག་པོ་ཡག་པོ་མ་བརྒྱབས་པར་བརླབས་པ་རེད། ང་སེམས་སྡུག་གིས་ལོ་ཧྲིལ་པོར་བཙལ་ཀྱང་བརྙེད་མ་བྱུང་། དེ་རྗེས་ང་རང་རྒྱང་རིང་མི་ཡུལ་ས་མཐར་གྱར་ཞིང་། ང་གཉིས་ཁ་བྲལ་ནས་ལོ་ངོ་༢༠ལྷག་ཕྱིན་སོང་ཡང་། ངའི་སེམས་ནང་གནས་ཚུལ་དེ་ཚོ་ཁ་སང་བྱུང་བ་འདྲ་བོ་འདུག་གལ་སྲིད་ཁོ་རང་མི་ཡུལ་འདིར་ཡོད་ན་ཁྱི་ཤ་བཟའ་མཁན་རྒྱ་དམར་ཇག་པའི་ལག་ཏུ་མི་ཤོར་བའི་སྨོན་ལམ་འདེབས་བཞིན་ཡོད།

  19. ཀརྡོ་རབ་འབྱམས་པ་ says:
    2010-12-17 at 3:06 am

    དབང་འདུས་ལགས་ཀྱི་བཀའ་ལན་ལ་ཐུགས་རྗེ་ཆེ། སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་མདོ་མཛངས་བླུན་སོགས་མཇལ་ཡང་། ངའི་མཛུབ་རྩེར་སྐུའི་སྐྱེ་གྲངས་༢༠༠ཙམ་ད་དུང་ལོངས་མ་སོང་། རྒྱབ་ཆོས་པདྨ་དཀར་པོ་ནི་མཇལ་མ་མྱོངས་བས་དེར་སྐུ་སྐྱེ་སྔོན་མ་གསར་པ་འགའ་ཞིག་རྙེད་སྲིད། ད་དུང་དེའི་སྐོར་སུ་རུང་ཞིག་གིས་གསུངས་ཐུབ་ན་ང་ལ་ཕན་ཐོགས་ཆན་པོ་ཡོངས་ངེས་འདུག་ལགས།

  20. ཀརྡོ་རབ་འབྱམས་པ་ says:
    2010-12-17 at 4:43 am

    ཡང་ན་ནི། དག་མ་དག་གི་སྐྱེ་བ་༥༠༠ཞེས་པ་ནི། བོད་ཀྱི་བླ་མས་བསྐལ་ཆེན་གྲངས་མེད་ཚོགས་བསགས་སྐབས་སུ་ཡོད་དགོས་ཤག་ཤག་གི་དབང་དུ་བྱས་ཡིན་ནམ། བསྐལ་ཆེན་གྲངས་མེད་དང་། སངས་རྒྱས་འོད་སྲུངས་སོགས་འཛམ་བུའི་གླིང་འདིར་ཕེབས་ཡོད་པ་ཁོང་གི་གདུང་རུས་ཀྱིས་ཚོད་དཔག་བྱེད་ཐུབ་སྙམ།

  21. དབང་འདུས། says:
    2010-12-18 at 12:33 am

    ཀརྡོ་རབ་འབྱམས་པ་མཆོག་ལ་ཞུ་གསོལ། དག་པ་དང་མ་དག་པའི་སྐྱེ་བ་ལྔ་བརྒྱ་དང་སྟོན་པའི་སྨོན་ལམ་ཆེན་མོ་ལྔ་བརྒྱ་རྣམས་ནི་གྲངས་ངེས་པར་བརྩི་རྒྱུ་ཡོད། སྤྱིར་མདོ་རྣམས་སུ་དགྲ་བཅོམ་པ་ལྔ་བརྒྱ་དང་། འཁོར་ལྔ་བརྒྱ། ཚོང་པ་ལྔ་བརྒྱ་སོགས་ནི་མང་ཚིག་ཙམ་དུ་བེད་སྤྱོད་བྱས་པ་ལས་རྒྱུ་མཚན་གཞན་མེད་མོད། གོང་གི་སྐྱེ་བ་ལྔ་བརྒྱ་དང་། སྨོན་ལམ་ལྔ་བརྒྱ་ཞེས་པ་དེ་དག་དང་མི་མཚུངས། འོན་ཀྱང་དུས་ཁོམ་ཡོད་དུས་ཤིག་ལ་ཉིད་ནས་བཏུས་ཟིན་པའི་མཚན་ཉིས་བརྒྱ་ཡས་མས་དེ་སྐུར་དང་། དེའི་སྟེང་དུ་གུས་པས་ཞལ་འདེབས་ཞུ་ཆོག
    ཉིད་ཀྱི་རྩོམ་ཡིག་ཏུ། ༼ཡང་ན་ནི། དག་མ་དག་གི་སྐྱེ་བ་༥༠༠ཞེས་པ་ནི། བོད་ཀྱི་བླ་མས་བསྐལ་ཆེན་གྲངས་མེད་ཚོགས་བསགས་སྐབས་སུ་ཡོད་དགོས་ཤག་ཤག་གི་དབང་དུ་བྱས་ཡིན་ནམ། བསྐལ་ཆེན་གྲངས་མེད་དང་། སངས་རྒྱས་འོད་སྲུངས་སོགས་འཛམ་བུའི་གླིང་འདིར་ཕེབས་ཡོད་པ་ཁོང་གི་གདུང་རུས་ཀྱིས་ཚོད་དཔག་བྱེད་ཐུབ་སྙམ།༽ཞེས་པའི་དགོངས་དོན་གང་ཡིན་ཧ་གོ་མ་སོང་བས་གསལ་བཤད་གནང་རོགས།

    གཞོན་ནུ་ཟླ་མེད་མཆོག་ལ་ཞུ་གསོལ།
    ཉིད་ཀྱིས་ཡིག་རྩོམ་དུ་༼དབང་འདུས་ལགས་ལ་དྲི་བ་ཞིག་ཡོད། དག་པའི་སྐྱེ་བ་ལྔ་བརྒྱ་དང་མ་དག་པའི་ སྐྱེ་བ་ལྔ་བརྒྱ་ཟེར་བའི་དག་མ་དག་གི་དོན་དེ་ག་རེ་རེད། དེ་བཞིན་དུ་དག་པའི་ཞིང་དང་མ་དག་པའི་ཞིང་ཞེས་པའི་དག་མ་དག་གི་ཚད་གཞི། དེ་བཞིན་དུ་མངོན་རྒྱན་ནས་གསུངས་པ། དེ་ནི་དག་པ་ཡིན་པར་འདོད། ཅེས་པའི་དག་མ་དག་གི་ཚད་དེ་ཚོ་གཅིག་གསུངས་རོགས་ཀྱིས་དང་།༽
    སྤྱིར་དྲི་བ་འདི་དག་ལས་སླ་བོས་ཐག་གཅོད་ནུས་པ་ཞིག་ཏུ་མི་འདོད། འོན་ཀྱང་བསམ་ཚུལ་ཙམ་ཞུ་ན། དག་དང་མ་དག་གི་སྐྱེ་བ་ལྔ་བརྒྱ་ཞེས་པའི་སྐབས་ཀྱི་དག་དང་མ་དག་ནི། སྤྱིར་འཇིག་རྟེན་པའི་ཁ་སྐད་དུ་ལས་དག་པ་དང་། ལས་མ་དག་པ་ཟེར་བ་ལྟར། གཙོ་བོ་ལུས་རྟེན་གང་དུ་སྔུག་བསྔལ་རྣམ་པ་གསུམ་ནང་ཚན་སྡུག་བསྔལ་གྱི་སྡུག་བསྔལ་ཤེས་ཆེན་པོས་ཟིན་པ་ལྟར་དུ་སྣང་བ་དེ་ལ་ཟེར། སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་འདིའི་གོ་དོན། ཀུན་བཟང་བླ་མའི་ཞལ་ལུང་དང་། དྭགས་པོའི་ཐར་རྒྱན་གཉིས་སུ་བཤད་པ་ཙམ་མིན་པར་གཞུང་ཆེན་པོ་རྣམས་སུ་གསུངས་པ་ལྟར་ཐུགས་ལ་ངེས་པར་བྱེད་དགོས།

    དག་པའི་ཞིང་དང་མ་དག་པའི་ཞིང་ཞེས་པ་ནི། སྡུག་ཀུན་གྱིས་བསྡུས་པའི་ཞིང་རྣམས་ལ་མ་དག་པའི་ཞིང་ཟེར་ཞིང། སྡུག་ཀུན་རྒྱུ་འབྲས་གཉིས་ཀྱིས་མ་བསྡུས་པའི་ཞིང་རྣམས་ལ་དག་པའི་ཞིང་ཟེར་བ་རེད། དེ་ལྟར་བཤད་དུས་བདེན་བཞིའི་ནང་དུ་ཆོས་ཐམས་ཅད་བསྡུས་མི་ནུས་པ་དྲན་པར་བྱེད་དགོས། བཤད་ཚུལ་འདི་ནི་མངོན་པ་ཀུན་བཏུས། དཔལ་ལྡན་ཟླ་བ་གྲགས་པའི་ཕུང་ལྔའི་རབ་བྱེད། ཀུན་མཁྱེན་མི་ཕམ་པའི་མཁས་འཇུག་བཅས་སུ་ཤིན་ཏུ་གསལ།

    ཉིད་ཀྱིས་མངོན་རྒྱན་ནས་ཞེས་པ་མངོན་རྟོགས་རྒྱན་ཡིན་ན། མངོན་རྒྱན་དུ་ལུང་དེ་འདྲ་བ་ཞིག་ངས་དྲན་ཐུབ་མ་སོང་། དེས་སྐུ་ཉིད་ཀྱིས་འགྱུར་མི་འདྲ་བ་ཞིག་ཏུ་གཟིགས་པའམ་ངས་དྲན་མ་ནུས་པ་གང་ཡིན་མ་འཚལ།མངོན་རྟོགས་རྒྱན་དུ་དེ་དང་ཕྱོགས་འདྲ་བ་འདི་དག་ཡོད།
    འབྲས་བུ་དག་པས་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཅིང། །བཅད་དུ་མེད་པས་དག་པར་བརྗོད།།
    རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། སངས་རྒྱས་རྣམས་ཀྱི་ཤིན་ཏུ་བ།།

    གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན།།

    སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད།།

    འོན་ཀྱང་འདི་དག་ཁྱེད་ཀྱིས་གསུངས་པ་དེ་ཡིན་མིན་མ་ངེས་པས་འགྲེལ་བཤད་ཞུ་འོས་སུ་མ་མཐོང་ལགས། སྤྱིར་བཏང་དག་དང་མ་དག་པའི་བཤད་པ་གཞུང་སོར་འབྱུང་བ། གོང་ལྟར་མངོན་རྟོགས་རྒྱན་དང་། ཀུན་བཏུས་སོགས་སུ་གསུངས་ཚུལ་དང་། ད་དུང་བཀའ་མཐའ་མ་རྣམས་སུ་དག་པའི་ཞིང་སྣང་དང་། མ་དག་པའི་ཞིང་སྣང་། སྔགས་རུ་དག་པ་རབ་འབྱམས། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན།། ཅེས་སོགས་རྣམ་གཞག་བྱེད་ཚུལ་མི་འདྲ་བ་མང་ཙམ་མཆིས་སོ།།
    རྣམ་གཞག་བྱེད་ཚུལ་དེ་དག་ནི་དཔེར་ན་སྤྱོད་འཇུག་ལས་རྒྱལ་བའི་སྲས་པོ་ཞེས་པ་སེམས་བསྐྱེད་སྐྱེས་མ་ཐག་པ་ནས་སྦྱར་ཏེ་གསུངས་པ་དང་། དབུ་མ་འཇུག་པར་རྒྱུ་གསུམ་ལས་སྐྱེས་པའི་རྒྱལ་སྲས་ཀྱི་མ་མཐའ་ས་དང་པོ་ནས་དབུ་བཙུགས་ཏེ་གསུངས་པ་བཞིན། གཞུང་སོ་སོའི་ངོས་འཛིན་མ་འདྲ་བའི་ཁྱད་པར་ཙམ་མོ།།

    དྲྭ་གྲོགས་རྣམ་པར་རང་རང་གི་དགོང་འདུན་བཞིན་བགྲོ་གླེང་ལྷུག་པོར་གནང་བར་སྙིང་ནས་བགའ་བསུ་ཞུ།།
    ཉིན་ཤས་ཀྱི་རྗེས་སུ་སླར་ཡང་མཇལ་བའི་རེ་བ་ཡོད།

  22. ཀརྡོ་རབ་འབྱམས་པ་ says:
    2010-12-18 at 4:18 am

    དབང་འདུས་ལགས་ཀྱིས། ཚོང་པ་ལྔ་བརྒྱ་སོགས་དང་། སྨོན་ལམ་ལྔ་བརྒྱ་སོགས་གསུངས་པ་གཉིས་མི་འདྲ་ཟེར། ང་ཡང་རྒྱལ་སྲས་གཅིག་ལ་བཙུན་མོ་ལྔ་བརྒྱ་ཞེས་མཛེས་རྒྱན་དུ་མི་འགྲོ་བར་འཛོར་སྐྱོན་མཐོང་། ངས་བྱས་ན། བཙུན་མོའི་གཡོག་འཁོར་མོ་རིགས་ཐམས་ཅད་རགས་རྩིས་སྟེང་དུ། རྒྱལ་པོའམ་རྒྱལ་སྲས་ལ་བཙུན་མོ་མང་བའི་ཆེད་བསྟོད་ཀྱིས་མཐར་མ་དག་རྒྱུན་འཇམ་མིན་ནམ་སྙམ། འོན་ཀྱང་ཚོང་པ། འཁོར་དང་དགྲ་བཅོམ་པ་གྲངས་རྣམས་མང་གྲགས་པའི་སྐྱོན་དུ་མི་ལྟ་ལགས། ད་དུང་དཔྱོད་རོགས་གནོངས།

  23. དབང་འདུས། says:
    2010-12-18 at 6:13 pm

    ཀརྡོ་རབ་འབྱམས་པ་གསུངས་པ་དེ་ལྟར་ལགས་སོ།། གུས་པས་ཀྱང་ཚོང་པ་ལྔ་བརྒྱ་དང་། དགྲ་བཅོམ་ལྔ་བརྒྱ་སོགས་མང་ཚིག་རེད་ཅེས་འདོད་པ་ལས་མང་དྲགས་པའི་སྐྱོན་ཡོད་པར་ནི་མ་བཤད་དོ།།
    ཡང་སྐུ་ཉིད་ཀྱིས་རྒྱལ་སྲས་གཅིག་ལ་བཙུན་མོ་ལྔ་བརྒྱ་ཡང་མི་འཚམས་པར་གསུངས་འདུག སྤྱིར་གསུངས་སྲོལ་དང་ལྔ་བརྒྱ་ལས་བརྒལ་ནས་བཙུན་མོ་དྲུག་ཁྲི་ཡང་བཤད་མོད། དེ་ནི་བསམ་བློ་གཏོང་ཚུལ་འདི་འདྲ་བ་ཞིག་ཡིན་སྲིད་སྙམ་སྟེ། དགེ་ཆོས་ཀྱིས། ཕོ་ལུས་ཐོབ་ཚད་རྒྱལ་པོའི་གཡོག་པོ་སྟེ། །མོ་ལུས་ཐོབ་ཚད་རྒྱལ་པོའི་བཙུན་མོ་ཉིད། །སོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ནས་་་་་་་་་་་ཙནྡྲ་ཤམ་ཤེར་མ་ཧཱ་ར་ཛའི་སྲོལ།། ཞེས་བལ་ཡུལ་གྱི་ལུགས་སྲོལ་དུ་བཤད་དོ།། དེ་ནི་དེང་གི་དུས་སུ་བོད་མི་ཡོངས་ཀྱི་ང་ཚོའི་རྩ་བ་བླ་མ་རྒྱལ་བ་རིན་པོ་ཆེ་ཡིན་ཞེས་བཤད་པ་བཞིན་བསམ་བློ་གཏོང་བའི་གཞི་ཞིག་ཡོད་པ་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme