Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་ཐོན་གྱི་གཏམ།

Posted on 2014-05-182014-05-18 By ཁ་བརྡ་ 4 Comments on སློབ་ཐོན་གྱི་གཏམ།

མི་གསོན་པོ།

གཙུག་ལག་སློབ་གྲྭ་འདིའི་ནང་དུ་དགའ་སྐྱིད་སྤྲོ་གསུམ་དང་ལྡན་པའི་འཚོ་བ་རོལ་ཏེ་ལོ་ངོ་ཧྲིལ་པོ་གསུམ་བརྒལ་ཟིན་པའི་དེ་རིང་། ངས་སྦྱངས་འབྲས་ལ་གདེངས་ཚོད་རྙེད་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པའི་ལོ་རྒྱུས་ཤིག་བཤད་རྒྱུ་མེད་ཀྱང་སོ་སོའི་དབྱིན་སྐད་ཀྱི་ཤེས་ཚད་ལ་དཔག་པའི་བློ་བསྐྱེད་དང་ཉམས་མྱོང་རྟོགས་སད་སོགས་གང་ཐད་ནས་རང་ཉིད་ཀྱི་མི་ཚེ་ནང་དུ་གཟི་བརྗིད་ཀྱི་ལོ་རྒྱུས་མཐོ་རུ་བཏང་བའི་བྱ་གཞག་ཅིག་བསྐྲུན་ཡོད་པའི་ངེས་ཤེས་ཀྱིས་སེམས་ཚོར་སྙིང་ཁམས་སྨིན་པས་སེམས་པ་ནི་དགའ་སྤྲོས་ཁེངས།
དེ་ཡང་ལོ་ངོ་གསུམ་གྱི་ཡར་སྔོན་ཆེས་ཐོག་མའི་གོམས་སྣེ་སློབ་གླིང་འདི་རུ་འཇོག་སྐབས་རང་ཉིད་ཀྱི་གནད་སྟངས་དང་མཐོ་སློབ་ཀྱི་འཚོ་བ་གཉིས་འཚམ་པོ་མེད་པའི་ཚོར་སྣང་ཞིག་གིས་རང་གིས་གདམས་ཟིན་པའི་ལམ་ཁ་དེ་ནོར་སོང་བའི་འདུ་ཤེས་ཤིག་སེམས་གཏིང་ནས་སྐྱེས་མྱོང་། རྒྱུ་མཚན་ནི་འདུ་འཛིང་རྒོད་ཅིང་རང་དབང་མོད་པའི་སློབ་ཆེན་གྱི་འཚོ་བ་ནི་ཀུན་སྤྱོད་ལ་ཚོད་འཛིན་དགོས་པའི་ཆོས་ལུགས་ཀྱི་བསླབ་ཁྲིམས་དང་། ཆོས་ལུགས་ཀྱི་བསླབ་ཁྲིམས་དང་འབྲེལ་བ་ཆེན་པོ་མེད་ཀྱང་ཆོས་ལུགས་ལ་སྙད་པའི་ཡུལ་གྱི་གོམས་སྲོལ་དོག་པོ་ཁག་དང་ལྷན། མི་ཚེ་མཉམ་དུ་འགྲོགས་ཟིན་པའི་བན་དེ་ཞིག་གིས་ངོས་ནས་བཤད་ན་ངོ་མ་བློ་ཡུལ་དུ་ཤོང་མི་ཐུབ་པའི་གནད་དོན་ཞིག་རེད་ཅེས་བཤད་ཐུབ།

དེ་ལས་ཀྱང་རང་ངོས་ནས་དཀའ་ངལ་འཕར་མ་ཞིག་གིས་མགོ་བོ་དགྱེ་མི་ཐུབ་པའི་གནོན་ཤུགས་ནན་མོ་ཞིག་གི་འོག་ཏུ་ཚུད་པ་ནི་དབྱིན་སྐད་ཀྱི་སྦྱངས་འབྲས་གཞི་རིམ་གྱི་ཤེས་ཚད་ཙམ་ཡང་རྒྱུད་ལ་མེད་པ་དེས་ངའི་སྤོབས་པ་དང་སྤྲོ་སྣང་ཡོད་ཚད་འབུར་འཇོམས་བཏང་སོང་། ཐ་ན་འཛིན་རིམ་ནང་དུ་རང་ཉིད་ངོ་སྤྲོད་བྱེད་རྒྱུ་ཙམ་ལའང་རྔུལ་ཆུས་ངོ་གདོང་ཐེངས་མང་བཀྲུས་མྱོང་ལ་ཉིན་རེའི་སློབ་ཚན་ཧྲིལ་པོའི་ནང་ནས་ཚིག་གཅིག་ཙམ་ཡང་གོ་མ་ཐུབ་པའི་དཀའ་ངལ་འཕྲད་པའང་ཐེངས་ཉུང་ཉུང་མིན། དེ་ལྟར་ཕམ་ཁ་དང་ངོ་ཚ་ད་དུང་འཇིགས་སྐྲག་སོགས་ཀྱིས་གྲགས་ཅན་གྱི་སློབ་ཆེན་ཞིག་གི་ནང་དུ་འཛུལ་རྒྱུ་འདི་རང་གི་གནས་བབས་དང་དུས་རིམ་སོགས་ཆེས་མི་འོས་པ་ཉིད་དུ་ངོས་འཛིན་བྱེད་དགོས་བྱུང་།
འོན་ཏེ་བསྟན་འཛིན་རྒྱ་མཚོ་ཞེས་པའི་༧གོང་ས་མཆོག་གི་མཚན་གྱི་གཟི་བརྗིད་འོག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པའི་བཀའ་དྲིན་གྱི་སེམས་ཚོར་དང་། རང་གི་བླ་མ་མི་འགྱུར་རྡོ་རྗེས་རང་ལ་བཅང་པའི་རེ་སེམས་ཟབ་མོ་དེས་ངས་ཕྱི་གཤོལ་བྱེད་རྒྱུའི་འདུན་པ་རྒྱབ་ཏུ་བསྐྱུར་ཏེ་རི་ལྟར་མཐོ་ཞིང་རྡོ་ལྟར་འཁྲེགས་པའི་མདུན་ལྗོངས་ཀྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་རྒྱུའི་ཆོད་སེམས་བརྟན་པོར་བཅང་ཏེ་གོམ་པ་རེ་རེ་བྱས་ཏེ་མདུན་དུ་སྤོས། ༧བསྟན་འཛིན་རྒྱ་མཚོ་ཡིད་དུ་བསྒོམས་ཤིང་མི་འགྱུར་རྡོ་རྗེ་སེམས་ནས་དྲན་པས་ངའི་སེམས་ཤུགས་ལ་ཚེ་སྲོག་རྙེད། དུས་དེ་ནས་ངས་ཉིན་རེར་ཚིག་རེ་ཤེས་པ་ཙམ་གྱིས་ཉིན་བརྒྱར་ཚིག་བརྒྱ་ཤེས་པའི་ལེགས་བཤད་དེ་སྙིང་དུ་བཟུང་ནས་འབད་བརྩོན་བྱས་འབྲས་དེ་རིང་ངས་ཞིབ་འཇུག་སློབ་མའི་སློབ་ཐོན་གྱི་ལག་ཁྱེར་རྒྱལ་ཁའི་ངང་ནས་ལེན་རྒྱུ་བྱུང་བ་འདི་རང་གི་མི་ཚེ་ནང་དུ་ཧ་ཅང་དགའ་འོས་པའི་བྱ་གཞག་དང་གྲུབ་འབྲས་ཤིག་ཅི་ལ་མིན།

གང་ལྟར་ལོ་ངོ་གསུམ་སྟེ་ལོ་ཟླའི་ཕུང་པོ་ཉིན་མཚན་འཁོར་འགྲོས་ཀྱིས་བཞུད་པའི་ཉིན་ཞག་ཆིག་སྟོང་ལྷག་གི་དུས་ཡུན་ནང་། གནའ་དེང་གི་ཤེས་བྱ་ལ་ཅི་དགར་འཇུག་པའི་སློབ་ཆེན་གྱི་ཁོར་ཡུག་འདི་ནས་ངས་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་སློབ་ཚན་དབང་རྩ་རིག་པའི་ངོ་སྤྲོད་དང་། ཀླད་ཁམས་ལ་ཞིབ་འཇུག་བྱེད་པ། འཛམ་གླིང་ཆོས་ལུགས་ཆེན་པོ་ཁག་གི་ངོ་སྤྲོད་དང་སྙིང་དོན། ཉེ་རབས་རྒྱ་ནག་གི་ཡར་རྒྱས། ནང་བསྟན་དཔལ་འབྱོར་རིག་པ། སེམས་ཁམས་རིག་པའི་ངོ་སྤྲོད། རྒྱུན་ལྡན་མིན་པའི་སེམས་ཁམས་རིག་པ། ཚོར་སེམསའགྲེལ་བཤད་ཀྱི་སེམས་ཁམས་རིག་པ། སྤྱི་ཚོགས་སེམས་ཁམས་རིག་པ། ནུབ་ཕྱོགས་ལྟ་གྲུབ་ཀྱི་བྱུང་རིམ། སེམས་གཅོང་བཅོས་ཐབས་ཀྱི་སེམས་ཁམས་རིག་པ། མཁྱེན་རྟོགས་ཀྱི་ལམ། རིག་གཞུང་དང་ནུས་པའི་ཤེས་རྟོགས་སོགས་འགྲོ་བ་མི་ཡི་སྤྱི་ཚོགས་དང་འཚོ་གནས་ལ་ཕན་ཐོག་དང་དགོས་མཁོའི་རང་བཞིན་ཅན་གྱི་ཤེས་ཡོན་གྱི་ཁ་ཕྱོགས་ལ་རང་ནུས་གང་ཡོད་ཀྱིས་འབད་འབུང་བྱས་ཏེ་ནོར་བུ་གླིང་ནས་ལག་སྟོང་དུ་གྱུར་པའི་ངང་ཚུལ་མ་ཡིན་པ་གནའ་དེང་གི་རིག་པའི་གཞུང་ལུགས་སྣ་ཚོགས་ལ་རྒྱུས་ལེན་ཅུང་ཟད་བྱུང་བའི་རིན་ཐང་ལ་བསམ་ཚེ་མི་ཚེ་དང་དུས་ཚོད་སྟོང་ཟད་དུ་བཏང་མེད་པའི་ཚོར་ཤེས་ཀྱི་འདུན་པ་རབ་ཏུ་བརྟས།

དེས་ན་བླ་མའི་བཀའ་དྲིན་དང་། ཕ་མའི་བྱམས་སྐྱོང་། སྤུན་གྲོགས་ཀྱི་སེམས་ཁུར་ཀུན་ཀྱང་ཆུད་ཟོས་སུ་བཏང་མེད་པའི་སེམས་ཚོར་ཟབ་མོས་ཁྱེད་ཅག་གི་བཀའ་དྲིན་ཆ་ཤས་ཙམ་འཇལ་བའི་གོ་སྐབས་ཐོབ་སོང་སྙམ་པའི་སེམས་ཀྱི་དགའ་བདེ་ནི་རྒྱ་མཚོའི་རྦ་རླབས་ཇི་བཞིན་གྱེན་དུ་འཕྱོ་ཞིང་རྩེན། མདོར་ན་ངའི་མི་ཚེ་དང་མི་ཚེའི་རིན་ཐང་ཁྱེད་ཅག་གིས་བསྩལད་གནང་བས་ཁྱེད་ཅག་གི་རེ་འདུན་དང་མཐུན་པའི་སྒོ་ནས་མ་འོང་མདུན་ལྗོངས་མི་རིགས་དང་སྤྱི་ཚོགས། འཆམ་མཐུན་དང་ཞི་བདེ། བསྟན་པ་དང་འགྲོ་བ་སོགས་ལ་ཁ་ཕྱོགས་པའི་བསྒྲུབ་འོས་ཀྱི་ཞབས་ཞུའི་རྣམ་གྲངས་ཇི་སྙེད་ཅིག་འཆར་སྣང་གི་གཟུགས་བརྙན་རྟག་འཛིན་གྱི་བསམ་བློ་དང་སྦག་ཏེ་དམ་བཅའི་རི་མོ་སྙིང་དབུས་སུ་ལན་བརྒྱར་བཀོད་ཡོད།
དེའི་ཕྱིར་བརྒྱུད་རིམ་འདི་དག་གི་ནང་དུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་མཁས་དབང་མ་སུ་སྒྲར་ལིང་ཏྲོན་དང་། སློབ་གྲྭའི་འགོ་གཙོ་རྗོ་ནི་ཐན་ལ་ཤ། ཁྱད་པར་ལས་རིམ་འདིའི་གོ་སྒྲིག་པ་༧བསྟན་འཛིན་རྒྱ་མཚོ་ལྷན་ཁང་དང་དེ་བཞིན་འཛིན་རིམ་ཁག་གི་དགེ་རྒན་དང་ནང་སྦྱོང་གི་དགེ་རྒན་རྣམ་པ་གཞན་ཡང་རིག་གཞུང་ལྷན་ཁང་གི་ལས་བྱེད་རྣམ་པ་བཅས་ལ་ངས་གུས་འདུད་བཅས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཁྱེད་ཅག་གི་བཀའ་དྲིན་དང་བྱམས་སྐྱོང་ཚིག་ཐོག་ནས་འཇལ་མི་ཐུབ་ཀྱང་སེམས་ཐོག་ནས་བརྗེད་མི་སྲིད།

དེ་རིང་སློབ་ཐོན་གྱི་ཉིན་འདིར་སློབ་ཆེན་གྱིས་ང་ལ་སྟེར་བ་ནི་ཤོག་བུའི་ཐོག་ཏུ་མིང་བྱང་འཁོད་པའི་ལག་ཁྱེར་ཙམ་མིན་པར་སློབ་གྲྭའི་རེ་འདུན་དང་ངའི་འགན་འཁྲི་ངོ་མ་སྟེ་སྤྱི་ཚོགས་ཐོག་ཏུ་ཤེས་ཡོན་པས་བསྒྲུབ་དགོས་པའི་བྱ་བ་ཇི་སྙེད་ཧུར་ཐག་གིས་འབད་དགོས་པའི་སྐུལ་ལྕགས་དང་ཡིད་ཆེས་དེ་ཡིན་སྟབས་ངས་ནམ་ཡང་རང་གི་ལས་འགན་དང་སློབ་གྲྭའི་རེ་བ་ཆུད་ཟོས་སུ་གཏོང་མི་སྲིད། དེ་བཞིན་རང་ཉིད་ཆེས་དགའ་བའི་སློབ་གླིང་འདི་དང་ཁ་གྱེས་ཏེ་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་ལས་དབང་ལ་འགན་ཁུར་དགོས་པའི་གནད་ལུགས་ཟབ་མོས་གོམ་ཁ་མདུན་དུ་སྤོ་བའི་ཚེ། ཕ་མེས་གོང་མ་རྣམས་ཀྱིས་ཟུངས་ཁྲག་གིས་བསྐྲུན་པའི་གཟི་བརྗིད་དང་རིན་ཐང་ཅན་གྱི་མི་རིགས་འདི་ཕྱི་ནང་གི་རྒྱུ་རྐྱེན་མང་པོས་ཡལ་ལ་ཉེ་དུས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཀྱི་བསམ་བློ་དང་བསམ་བློ་དེ་ལྡན་གྱི་ལངས་ཕྱོགས་བཟུང་དེ་མྱུར་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་ནི་དུས་རབས་ཀྱིས་བསྐུལ་བའི་འགན་འཁྲི་ཞིག་ཡིན་པའི་ངེས་ཤེས་གཏིང་ནས་རྙེད།
རྒྱུ་མཚན་དེ་དག་གིས་ངས་མ་འོང་པའི་མདུན་ལྗོངས་སུ་འོད་སྟོང་ལྡན་པའི་ལམ་བུ་ཞིག་བསྐྲུན་རྒྱུ་ཆོད་སེམས་བརྟན་པོ་ཡོད་ལ་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་གྱིས་ང་ལ་ཚེ་སྲོག་སྟེར་བ་བཞིན་དུ་ངས་ཀྱང་བོད་མི་རིགས་འདི་ལ་ཚེ་སྲོག་དྲོན་མོས་ལེགས་སྐྱེས་ཤིག་ཅིས་ཀྱང་འབུལ་དགོས། ད་དུང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་ནག་ཐིག་འགྲོ་བའི་མི་ཚེའི་བྱུང་བ་ཅུང་ཟད་ཙམ་ཡང་མི་འཇོག་རྒྱུ་དམ་བཅའ་བརྟན་པོ་བཅས་མི་གསོན་པོ་ནས་སློབ་ཐོན་ཉིན་བྲིས།། །།

རྩོམ་རིག

Post navigation

Previous Post: ཕོ་བའི་ནད་དང་། ང་ཚོའི་ལོག་རྟོག
Next Post: བླ་མ་དང་ཆོས་མཆེད་དྲན་དུང་དད་གུས་མོས་པའི་ཆུ་གཏེར།

Comments (4) on “སློབ་ཐོན་གྱི་གཏམ།”

  1. Tenlay Norbu says:
    2014-05-18 at 1:29 am

    སྤྱིར་ངའི་ཁོར་ཡུག་ཏུ་མི་ཕལ་ཆེ་བ་ཤི་ཟིན་རུང་། འདི་རིང་མི་གསོན་པོ་ཞིག་དང་མི་སྐད་གསོན་པོ་ཞིག་གོ་དུས་ནག་ཡོར་རེར་ལུས་པའི་ངའི་སེམས་ཁམས་སུ་ངལ་གསོ་གསོན་པོ་ཞིག་སྟེར་བྱུང་ངོ་།

  2. ཀརྨ་བློ་གསལ་ says:
    2014-05-18 at 7:17 am

    ག་རེ་མི་གསོན་པོ། སུ་གང་ཡིན་མི་ཤེས་པའི་མིང་མེད་མཁན་ཞིག་ལ་གསོན་པོ་ཞེས་བརྗོད་ཀྱི་རེད་དམ།

  3. ཀླུ་སྨྱོན། says:
    2014-05-18 at 11:30 am

    གྲུབ་རྒན་ཚང་རྒས་ཁར་སློབ་ཐོན་གནང་བ་དེར་རྟེན་འབྲེལ་ཞུ། ད་སྐྱེ་བ་ཕྱི་མར་བཅོལ་བ་ཡི་སོགས་ཀྱི་ཚིག་རོ་དེ་ཚོ་མ་སྐྱོར་བར་སྐྱེ་བ་འདི་ལ་བཅོལ་བ་ཡི་ནོར་ལ་རང་ཉིད་ལེན་དང་མཚུངས་པ་ཞིག་གནང་རོགས།

  4. ནམ་མཁའ says:
    2014-05-18 at 12:33 pm

    ད་འདིར་ཁྱེད་ཅག་ལ་ལས་འགན་ཆེན་པོ་ཞིག་ཡོད་པ་དེ་ཤེས་ཡོད་ཚོད་རེད།ངའི་རེ་བ་ལྟར་ན་དེང་དུས་ཀྱི་ཚན་རིག་ལག་ཤེས་སོགས་ཀྱི་སློབ་དེབ་མང་པོ་བོད་ཡིག་ཐོག་བསྒྱུར་ནས་བོད་ཡིག་རང་གི་ཐོག་ནས་བསླབས་ཐུབ་པ་བྱེད་དགོས།དེ་ལྟར་བྱུང་ན་བོད་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་བོད་ཡིག་གི་ཚེ་སྲོག་བརྟན་པོ་ཡོང་གི་རེད།དེ་མིན་བཙན་བྱོལ་གཞུང་ནས་ཕྱི་རྒྱལ་ལུང་པ་སློབ་སྦྱོང་ལ་བཏང་རྗེས་སུ་འབྲས་བུ་ཨ་སྒོར་མ་གཏོགས་མི་དགོས་མཁན་དེ་འདྲ་བྱུང་ན་ཕན་མེད་དུ་གྱུར་བ་རེད་འདོད་པས། བསྟན་འཛིན་རྒྱ་མཚོས་རེ་བ་དེ་ངོས་འཛིན་བྱེད་ཐུབ་དགོས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme