Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་དུ། སློབ་སྦྱོང་བྱས་མ་མྱོང་བའི་མིས་དགེ་རྒན་བྱེད་ཁུལ་གྱིས་རང་རིགས་ལོ་ཆུང་བྱིས་པ་མང་པོའི་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ།

Posted on 2019-04-252019-04-25 By ཁ་བརྡ 6 Comments on སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་དུ། སློབ་སྦྱོང་བྱས་མ་མྱོང་བའི་མིས་དགེ་རྒན་བྱེད་ཁུལ་གྱིས་རང་རིགས་ལོ་ཆུང་བྱིས་པ་མང་པོའི་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ།

དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ།

དེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། འཛམ་གླིང་ཡུལ་གྲུ་གཞན་ལ་དར་མ་མྱོང་བའི་སྲོལ་རྒྱུན་ངན་པ་སྟེ། སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་སློབ་སྦྱོང་གནང་མ་མྱོང་བའི་མི་ཡིས་དགེ་རྒན་བྱེད་ཁུལ་གྱིས་རང་རིགས་ལོ་ཆུང་བྱིས་པ་མང་པོའི་མི་ཚེ་འཕྲོ་བརླག་ཏུ་བཏང་དང་གཏོང་བཞིན་པ་འདི་ཡིན། འཛམ་གླིང་ཡུལ་གྲུ་གཞན་ན་ཆུང་དུས་ནས་སློབ་གྲྭར་ཞུགས་ནས་སློབ་ཚན་གྱི་རིམ་པ་དགཐེམ་སྐས་རིམ་འཛེགས་ཀྱིས་སློབ་སྦྱོང་མཐར་ཕྱིན་རྗེས་ཡིག་རྒྱུགས་སམ་རྒྱུགས་སྤྲོད་གནང་ནས་ཡིག་ཚད་འཕྲོད་སོང་ན། ད་གཟོད་སློབ་གྲྭ་གང་ཞིག་དང་སློབ་མ་གང་ཞིག་གི་དགེ་རྒན་གནང་ཆོག་པ་ལས་དེ་མིན་དགེ་རྒན་བྱེད་པའི་ཐོབ་ཐང་དང་དབང་ཆ་མེད། བོད་ཀྱི་སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་སྲོལ་ངན་འདི་དུས་ནམ་ཞིག་དང་ས་གནས་གང་ནས་འགོ་བརྩམས་མིན་བཤད་དཀའ་ཡང་མ་མཐའ་ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་བརྒྱུད་ནས་ཡོང་ཡོད་པ་ཚོད་དཔག་བྱེད་ཐུབ། ད་ཆར་སྲོལ་ངན་འདི་བོད་ཁམས་ཡོངས་སུ་ཁྱབ་ཡོད་པར་བརྟེན་ང་ཚོས་བསམ་གཞིག་ནན་ཏན་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། འཛམ་གླིང་ཤར་ནུབ་ཕལ་ཆེ་བས་ཤེས་ཡོན་དང་། མཚན་ཉིད་རིག་པ། ཚན་རིག་བཅས་ཀྱི་ལམ་དུ་ཞུགས་ནས་དུས་ཡུན་དུས་རབས་གཉིས་ཙམ་ཕྱིན་ཡོད་ཀྱང་། སློབ་གཉེར་མེད་པའི་དགོན་སྡེ་ཁག་གིས་ད་དུང་མགོ་རུལ་སྣ་ཡིས་མ་ཚོར་བར་བསྡད་ཡོད་པ་ནི། རང་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་ཞིག་འདུག་ག་ལ་བཟོད། ལོ་ངོ་བརྒྱ་ཕྲག་མང་བོའི་རིང་རང་རིགས་ཀྱི་ལོ་ཆུང་བྱིས་པ་གྲངས་ཀྱིས་མི་ལང་བ་ཞིག་འཕྲོ་བརླག་ཏུ་བཏང་བའི་རྒྱ་རྐྱེན་གྱིས་བོད་རྗེས་ལུས་ཐེབས་པའི་རྩ་བ་གཅིག་ནི་དེར་ཐུག་ཡོད། མ་ཟད་དད་ལྡན་མང་ཚོགས་བྱིངས་ཀྱིས་ཡིག་རྨོངས་དང་རྨོངས་དད་ཤུགས་ཆེ་བའི་འགག་རྩ་ཡང་འདིར་ཐུག་ཡོད་ལ། དེ་ལ་བརྟེན་ནས་དཔོན་པོས་བླ་མའི་བརྒྱབ་རྩར་ལངས། བླ་མས་དཔོན་པོའི་བརྒྱབ་རྩར་ལངས་ནས་སྒེར་གཅོད་པ་དང་། བཀས་བཀོད་རྒྱུན་འཛིན། དཔོན་ངན་མ་རྩ་རིང་ལུགས་དང་། བཤུ་གཞོག་རིང་ལུགས། ད་དུང་སྤྲུལ་སྐུའི་ལམ་ལུགས་བཅས་ཀྱི་ཡན་ལག་རྒྱས་སའི་རྩ་བ་གཅིག་ཀྱང་འདི་ལ་ཐུག་ཡོད། དད་ལྡན་མི་དམངས་བྱིངས་ཀྱི་ཡིག་རྨོངས་མ་བསངས་པ་དང་། ནང་ཆོས་ཀྱི་གོ་རྟོགས་མ་སད་ན། གོང་གི་སྲོལ་ངན་རིང་ལུགས་པ་རྣམས་ཀྱི་བསམ་ཐོག་ལ་རྟ་རྒྱུག་པ་ཡིན།

དེ་ལས་ལྡོག་སྟེ་མི་དམངས་བྱིངས་ཀྱི་ཡིག་རྨོངས་སེལ་ཞིང་། ནང་ཆོས་ཀྱི་གོ་རྟོགས་སད་དུ་བཅུག་སོང་ན། ལམ་ལུགས་ངན་པ་དེ་ཚོ་ནམ་མཁའི་འཇའ་ལྟར་ཡལ་རྒྱུ་ཡིན་པ་ཚང་མས་ཤེས་གསལ་ཡིན། ཇི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། འཆིང་བ་ཐམས་ཅད་གཅོད་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། ངན་འགྲོ་ཐམས་ཅད་སྤོང་བར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། སྡུག་བསྔལ་ཀུན་ལས་རབ་ཏུ་ཐར།། ཞེས་དང་། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་པས།། ཐར་པ་རང་ལ་རག་ལས་ཤེས་པར་གྱིས།། ཞེས་སོགས་གསུངས་པའི་གདམས་ངག་གི་བདུད་རྩི་ཅུང་ཙམ་མྱོང་ཐུབ་ན། ད་གཟོད་གཞན་བརྟེན་ཁོ་ནའི་བསམ་བློ་དེ་འདོར་ཐུབ་པ་མ་ཟད། ལྷ་བ་མོ་བ་རྩིས་པ་སོགས་ལ་མགོ་འབུལ་ལུས་འབུལ་བྱེད་པའི་རྨོངས་དད་ཡང་རང་བཞིན་གྱིས་ལྡོག་འགྲོ།

བོད་ལ་དཔལ་ནཱ་ལེནྡྲ་ནས་ཐད་ཀར་བརྒྱུད་པའི་ནང་བའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དར་ནས་མི་ལོ་སྟོང་ཕྲག་རིང་སློབ་སྦྱོང་ཙམ་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གྱིས་ཉམས་ལེན་ཐོག་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱིས་རྒྱུན་འཛིན་བྱས་ནས། ད་ལྟའི་དུས་འདིར་ཡང་གཟི་བྱིན་གྱི་འོད་སྟོང་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་འདི། གདན་ས་སེ་འབྲས་དགེ་གསུམ་གཙོས་རྙིང་མ། བཀའ་བརྒྱུད། ས་སྐྱ། ཇོ་ནང་སོགས་ཆོས་བརྒྱུད་རིས་མེད་ཀྱི་སློབ་གཉེར་ཡོད་པའི་དགོན་སྡེ་རེ་ཟུང་ཡོད་པ་ཁོ་ནའི་བཀའ་དྲིན་ཡིན། སློབ་གཉེར་མེད་པའི་དགོན་སྡེ་ཁག་གིས་རང་ལ་སྒྲུབ་སྡེ་ཞེས་མིང་རྫིག་པོ་ཞིག་བཏགས་ནས་ལག་ལེན་དངོས་ནི་གྲོང་གི་རིམ་གྲོ་སྒྲུབ་པ། ཚོགས་ལ་འཚོགས་ནས་འདོན་པ་སྐྱོར་བ། འཆམ་དང་གཏོར་བཟློག་སོགས་ཡིན་ལ། སྐབས་རེར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་བསྐྲུན། མ་ཎི་བསྐོར་བ་ཙམ་ལས་ནང་བའི་ཆོས་ཀྱི་གོ་རྟོགས་ནི་ཕལ་ཆེ་བ་གོར་ཐིག་ཡིན། གཞན་གྱིས་ཁོང་ཚོར་སློབ་གཉེར་བྱེད་དགོས་པའི་རྒྱུ་མཚན་བཤད་ན་ང་ཚོ་ལ་ཟུར་ཟ་བྱེད་བཞིན་འདུག་ཟེར་ནས་ཉན་རྒྱུ་ཕར་ཞོག་ད་དུང་སློབ་གཉེར་བ་ཚོ་ལ་ཆོས་ཉམས་ལེན་མི་འདུག་ཟེར་ནས་ཚུར་རྒོལ་རྐྱང་བྱེད། ད་དུང་རྗེ་བཙུན་མི་ལས་སློབ་གཉེར་བྱས་མེད་ཀྱང་ཆོས་ཉམས་ལེན་བྱས་ནས་སངས་རྒྱས་སོང་བ་རེད་ཟེར་ནས་ཐེ་ཚོམ་མེད་པར་རྒྱུ་མཚན་བགྲངས་རྐྱང་ཡིན། རྗེ་བཙུན་མི་ལའི་རྣམ་ཐར་ཉི་ཟླའི་འོད་སྒྲོན་ལས། དྭགས་པོ་ལྷ་རྗེ་ལགས་ཀྱིས་གདམས་པ་སྐོར་ཞིག་དྲི་བ་ཞུས་པའི་སྐབས་སུ། ཐབས་ལམ་ཆོས་དྲུག་འདི།

དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ནས་ཀྱི་གདམས་ངག་ཡིན་པས་ཆོས་སྒོ་ཡང་ཀྱེ་རྡོར་དང་བདག་མེད་མ་ལྷ་བཅོ་ལྔའི་དབང་དང་བྱིན་བརླབས་ཀྱིས་འབྱེད་པ་ཡིན་ལ། བཀའ་བགོ་བའི་བསྟན་བསྲུངས་ཀྱང་གུར་མགོན་ཡིན་ལ། རྒྱབ་ཆོས་ཀྱང་བརྟག་གཉིས་བཤད་པ་ཡིན། ངས་ཀྱང་རྗེ་མར་པའི་དྲུང་ནས་བརྟག་གཉིས་ཚར་བཅུ་དྲུག་ཉིན། བླ་མ་རྔོག་གི་དྲུང་དུ་ཚར་གཉིས་ཉན། ལར་ཚར་བཅོ་བརྒྱད་ཐོབ་གསུང་། ཞེས་གསུངས་པ་ལྟར། སློབ་གཉེར་བ་ཞིག་གི་ནང་ནས་བརྟག་གཉིས་ཀྱི་ཁྲིད་ཚར་བཅོ་བརྒྱད་གསན་མྱོང་མཁན་རྗེ་བཙུན་མི་ལ་ལྟ་བུ་དཀོན། སློབ་གཉེར་མ་བྱས་པར་སངས་རྒྱས་པ་རེད་ཟེར་བ་འདི་རྫུན་གྱི་ཕུང་བོ་ཞིག་དང་རང་མགོ་རང་གིས་རྨོངས་སུ་འཇུག་པའི་བྱ་སྤྱོད་ཞིག་ཡིན་པ་ཤེས་དགོས། རྗེ་བཙུན་ས་པཎ་གྱིས། རྒྱུ་འབྲས་བསླུ་བ་མེད་པ་དེ།། ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན།། མ་བསླབ་པ་ལ་ཀུན་མཁྱེན་དུ།། འགྲོ་ན་རྒྱུ་འབྲས་ག་ལ་བདེན།། ཞེས་དང་། གང་ཞིག་མཁས་པ་ཡོད་བཞིན་དུ།། དེ་ལས་ཡོན་ཏན་མི་ལོན་ན།། མི་དེ་གདོན་གྱི་བཏབ་པའམ།། ཡང་ན་ལས་ཀྱི་མནར་བ་ཡིན།། ཞེས་གསུངས་པ་ལྟར་རོ།། ད་དུང་རྗེ་རིན་པོ་ཆེ་ཡང་འོལ་ཁ་ཆོས་གླིང་དུ་ཚོགས་བསགས་སྒྲིབ་སྦྱངས་གནང་ནས་སྟོང་ཉིད་རྟོགས་པ་རེད་ཟེར་ནས་རྗེ་རིན་པོ་ཆེས་སློབ་གཉེར་ལ་དཀའ་སྤྱད་སྡུག་རུས་གནང་བའི་མཛད་པ་རྣམ་ཐར་སྐོར་གླེང་རྒྱུ་དཔེ་མི་སྲིད། ངོ་མཚར་བ་ཞིག་ལ་ནང་ཆོས་ཀྱི་གོ་རྟོགས་གོར་ཐིག་ཡིན་ཀྱང་ནང་ཆོས་ལ་དད་པའི་རྨོངས་དད་ཤུགས་ཆེན་པོ་ཞིག་འདུག རྨོངས་དད་ནི་མ་རིག་པ་དང་། མཚུངས་པས་ལམ་ལོག་ཏུ་ལྟུང་བ་དང་ལམ་ལོག་ཏུ་ཁྲིད་རྒྱུ་ཡིན་པར་བརྟེན། རྗེ་ཙོང་ཁ་པས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།། ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག། ཞེས་དང་། མཁས་མཆོག་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།། དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི།། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། ཞེས་གསུངས་དགོས་པའི་གནད་ཀྱང་དེར་ཐུག་ཡོད། གཞན་དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི།། རྨོངས་དད་མཁན་གྱིས་བསྟན་པ་འདི་དཀྲུགས་སོ།། ཞེས་སྨྲ་ན་ལྷག་ཏུ་འོས་སོ།། རྒྱུ་མཚན་དེའི་རྐྱེན་གྱིས་སློབ་གཉེར་མེད་པའི་དགོན་སྡེ་ཁག་གིས་སློབ་གཉེར་ལ་གཏན་ནས་མི་དགའ། ཤ་ཚ་ཞིང་སྙིང་ཉེ་མཁན་ཞིག་གིས་ཐབས་བརྒྱ་ཇུས་སྟོང་གིས་ལོ་ཆུང་ཚོར་སློབ་སྦྱོང་ཞིག་སྤྲོད་རྒྱུའི་ལས་ཀ་བརྩམས་ན་དེ་ལ་འགོག་རྐྱེན་འདྲ་མིན་འཕྲད་ནས་ལམ་ལྷོང་ཡོང་རྒྱུ་ཤིན་ཏུ་དཀའ། དཔེར་ན་ང་ཚོའི་རེབ་གོང་དཔྱི་ས་དགོན་པའི་གྲྭ་རྒན་རྣམས་ཀྱིས་དཔྱི་ས་དགོན་པའི་གྲྭ་བཙུན་ཚོ་ལ་བསྡུས་གྲྭ་མ་ཁྲིད་རོགས་ཟེར་ནས་དཔྱི་སའི་དགེ་བཤེས་ཡོན་ཏན་ལ་ཁ་བཏགས་འཐེན་པ་ལྟ་བུ་རེད། ཁམས་ཕྱོགས་ཀྱི་དགོན་པ་ཞིག་ནས་གྲྭ་རྒྱུན་དགེ་བཤེས་གཉིས་ཀྱིས་གྲྭ་བཙུན་ཚོར་བསྡུས་གྲྭ་སློབ་རྒྱའི་འཆར་གཞི་གཏོང་སྐབས་གྲྭ་རྒན་རྣམས་ཡོང་ནས་ང་ཚོར་སྦྱིན་བདག་ཚོས་གྲོང་ཆོག་ལ་ཤོག་ཟེར་ནས་འབོད་མཁན་ལས་རྟགས་བསལ་གཏོང་གི་ཤོག་ཟེར་ནས་སྐད་གཏོང་མཁན་མི་འདུག་ཟེར་ནས་སློབ་གཉེར་བཀག་འགོག་བྱས་པ་ལྟ་བུ་དང་། ཡང་ཁམས་ཕྱོགས་ཀྱི་དགོན་པ་ཞིག་ནས་གྲྭ་རྒྱུན་དགེ་བཤེས་ཁ་ཤས་ཀྱིས་སློབ་གཉེར་འཛུགས་རྒྱུའི་འགོ་བརྩམས་སྐབས་དགོན་པའི་དགོན་བདག་བླ་མས་བཀག་འགོག་བྱས། གྲྭ་རྒན་ཚོས་དགོན་བདག་གི་རྒྱབ་རྩར་ལངས་ནས་དགོན་བདག་བླ་མ་ནི་སྲིད་པ་ཆགས་པའི་གངས་རི་ཡིན། ཁྱེད་ཚོ་ནི་ད་ནང་ཆགས་པའི་བ་མོ་རེད་ཟེར་ནས་དགེ་བཤེས་ཚོ་དགོན་པ་ནས་ཕྱིར་ཕུད་བཏང་། ཡང་དགོན་པ་ག་གེ་མོ་ཞིག་ནས་ཁྱིམ་ཚང་དང་ཆུང་མ་བུ་ཕྲུག་ཡོད་པའི་སྤྲུལ་སྐུ་ཞིག་ལ་ཁོའི་བྱ་སྤྱོད་ཐོག་སྐྱོན་བརྗོད་ཅུང་ཙམ་བྱས་པའི་རྐྱེན་གྱིས། གྲྭ་བ་དཔེ་ཆ་བ་དགེ་ཕྲུག་མང་པོ་ལ་གཞུང་ཆེན་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་ཞིག་དགོན་པ་ནས་ཕྱིར་ཕུད་བཏང་བ་སོགས་དབང་ཆ་སྒེར་གཅོད་དང་། བཀས་བཀོད་རྒྱུན་འཛིན། སྤྲུལ་སྐུ་ལམ་ལུགས་བཅས་ཀྱི་ཐོབ་དབང་བེད་སྤྱད་ནས་ཆོས་དང་འཇིག་རྟེན་གང་ལའང་ཡོངས་སུ་འགལ་བའི་བྱ་སྤྱོད་སྤེལ་མཁན་ཟམ་མ་ཆད་པར་བགྲང་གིས་མི་ལང་བ་ཡོང་པའི་རྩ་བ་ཐུག་ས་ཡང་། སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་སློབ་གཉེར་བྱས་མ་མྱོང་བ་དགེ་རྒན་བྱེད་ཁུལ་གྱིས་རང་རིགས་ལོ་ཆུང་མང་པོ་འཕྲོ་བརླག་ཏུ་གཏོང་བཞིན་པའི་གནད་དོན་གྱི་འགག་རྩ་དེར་ཐུག་ཡོད།། ཧ་ཅང་འཇིགས་སུ་རུང་བའི་གནས་སྟངས་གཞན་ཞིག་ནི་ད་ལྟའི་ལོ་ཆུང་གྲྭ་གཞོན་ཚོས་སློབ་སྦྱོང་བྱེད་འདོད་ཆེན་པོ་ཡོད་ན་ཡང་། སློབ་སྦྱོང་ལ་འགོག་རྐྱེན་འཕྲད་ནས་སློབ་གཉེར་བྱེད་མ་ཐུབ་པར་རྗེས་སུ་གྲྭ་རྒན་ཆགས་རྗེས་སྐུ་དཔར་གཅིག་ལས་པར་བ་ལྟར་ཁོང་ཚོ་ཡང་སློབ་གཉེར་ལ་འགོག་རྐྱེན་བཟོ་མཁན་ཞིག་ཏུ་ཆགས་འགྲོ་བ་འདི་རེད། གནས་སྟངས་འདི་ནི་དཔྱད་མི་བཟོད་པ་ཞིག་ཡིན། བོད་ཁམས་ཡོངས་སུ་དགོན་པ་སྟོང་ཕྲག་མང་པོ་ཡོད་པའི་ཁོངས་ནས་སློབ་གཉེར་ཡོད་མཁན་ལས་མེད་མཁན་མང་བ་དང་། གྲྭ་རྒྱུན་ཡང་སློབ་གཉེར་མེད་མཁན་གྱི་གྲྭ་རྒྱུན་མང་། ནད་ངན་འདི་ད་ལྟའི་བར་རྒྱུན་འབྱམས་སུ་གནས་ཐུབ་པ་ནི། སློབ་གཉེར་ཡོད་མཁན་མེད་མཁན་ཞེས་ཁྱད་པར་མ་ཕྱེ་བར་དགོན་པ་དང་གྲྭ་བ་ཞེས་དགོན་པ་ཚང་མ་གཅིག་གྱུར་དང་གྲྭ་བ་ཚང་མ་གཅིག་གྱུར་གྱི་ལྟ་ཚུལ་གྱི་དབང་གིས་དེ་ལྟར་ཆགས་སོང་བ་རེད། སློབ་གཉེར་མེད་པའི་དགོན་པ་ཚང་མ་སློབ་གཉེར་ཡོད་པ་ཞིག་ཏུ་བསྒྱུར་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་སྲོག་རྩ་དང་། རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་གྱི་ཤེས་ཡོན་སློབ་སྦྱོང་གོང་འཕེལ་གྱི་འགག་རྩ་ཡང་ཐུག་ཡོད་པ་མ་ཟད། ལོ་བཅོ་བརྒྱད་མ་ལོན་པར་སློབ་གྲྭར་འགྲོ་དགོས་པའི་རྩ་ཁྲིམས་རང་བཞིན་གྱི་སློབ་གསོ་ཡང་སྲོལ་ངན་གྱི་ནད་ངན་དེར་དམིགས་ཡོད་པ་ཤེས་ཐུབ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། འདུལ་བ་ལུང་གཞི་ལས། དགེ་སློང་དག་བཤན་པ་བྱེད་དུ་བཅུག་པ་ནི་སླའི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ་ཞེས་གསུངས་ཤིང་། (སྤངས་པ་ལ་སྟོབས་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས་དགེ་སློང་དག་བཤན་པའི་གནས་སུ་བཏང་བ་ནི་སླའི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་འདོམས་པར་མི་བྱེད་རྗེས་སུ་སྟོན་པར་མི་བྱེད་པ་ནི་མི་རུང་ངོ་ཞེས་གསུངས་སོ།། ) ལུང་ཕྲན་ཚེགས་ལས། དགེ་སློང་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་བྱས་ནས་གདམས་ངག་མི་བྱིན་ཞིང་རྗེས་སུ་མ་བསྟན་པ་བས་ནི། (རང་ཉིད། )བཤན་པ་བྱེད་ཀྱང་སླའོ་ཞེས་གསུངས་སོ།། ཞེས་འདུལ་བ་མཚོ་ཊཱིཀ་ནང་འདི་ལྟར་ལུང་དྲངས་འདུག སངས་རྒྱས་ཀྱི་གསུང་འདི་དག་བདེན་པ་ཡིན་ན། སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་ལོ་ཆུང་བྱིས་པ་མང་པོ་གྲྭ་བ་བྱེད་དུ་བཅུག་ནས་སློབ་སྦྱོང་མ་སྤྲད་པར་ཚིག་སྐམ་ཁོ་ན་བསླབ་ནས་མི་ཚེ་སྟོང་ཟད་དུ་གཏོང་འཇུག་མཁན་ཚོས་སྡིག་ཉེས་ཚབ་ཆེན་བསགས་ཡོད་པ་ཤེས་ཐུབ། མཐའ་མ་བྱིས་པ་དེ་དག་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་ཀྱང་ཤོར་ནས་སྐྱ་སེར་གང་གི་སྤྱི་ཚོགས་ནང་དཀའ་ཁག་མྱོང་ཚུལ་ལ་ལྟོས་ན་སེམས་ཀྱིས་མི་བཟོད་པ་ཞིག་རེད།

ལྷག་ཏུ་བླ་མ་རྡོ་རྗེ་འཆང་གིས་ལོ་ཆུང་མང་པོ་ཞིག་དགོན་པར་ཚིག་སྐམ་པོ་ཞིག་བསླབ་ནས་མི་ཚེ་འཕྲོ་བརླག་ཏུ་གཏོང་གི་ཡོད་ཚུལ་དང་། གཟབ་གཟབ་མ་བྱས་ན་དགོན་སྡེ་དེ་དག་ལོག་ལྟ་སྐྱེ་གཞི་ཞིག་ཏུ་འགྱུར་སྲིད་པ་སོགས་ཀྱི་བཀའ་སློབ་ཟབ་མོ་དེའི་གཏིང་གནོན་གྱི་ཚུལ་དུ་ལྷག་བསམ་ཟོལ་མེད་ཀྱིས་རྩོམ་ཡིག་འདི་བྲིས་པ་ཡིན་མོད། སོ་སྐྱེ་ཐ་མལ་བ་ཞིག་གིས་བསམ་གཞིག་ཇི་ལྟར་བཏང་ཡང་འཁྲུལ་བ་ཡོང་རྒྱུ་ཆོས་ཉིད་ཡིན་པས་ནོར་འཛོལ་འདྲ་བྱུང་ཡོད་ན་སྙིང་ཐག་པ་ནས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།

ཞེས་དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས། ༢༠༡༩་ཟླ་༤་ཚེས་༡༣ལ།

བསམ་ཚུལ།

Post navigation

Previous Post: ང་ཚོའི་སྤོབས་པ་སྐྱེ་བར་འོས་པའི་ཤར་ཕྱོགས་ཀྱི་སྲོལ་རྒྱུན།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (24)

Comments (6) on “སློབ་གཉེར་མེད་པའི་དགོན་སྡེ་ཁག་གི་ནང་དུ། སློབ་སྦྱོང་བྱས་མ་མྱོང་བའི་མིས་དགེ་རྒན་བྱེད་ཁུལ་གྱིས་རང་རིགས་ལོ་ཆུང་བྱིས་པ་མང་པོའི་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ།”

  1. kongpo Bhu says:
    2019-04-26 at 1:36 am

    བདེན་པ་རེད། དེང་སྐབས་ཚོགས་པ་དང་ལས་ཁུངས། སྤྱི་འཐུས་སོགས་སུ་གྲ་ཆས་གོན་པའི་རབ་བྱུང་པ་ལས་མི་སྐྱ་སློབ་གྲ་འགྲིམས་ནས་ཡོང་མཁན་རྣམས་སྤྱོད་པ་གཙང་ཞིང་དྲང་ཚུགས་ལྡན་པ། ཡ་རབས་པ། གཞན་ཕན་དང་ལྷག་བསམ་ཆེ་བ་མིག་མཐོང་ལག་ཟིན་རེད། བདེན་པ་ཨེ་རེད་དྲ་འབུ་རྣམས།

  2. རྫ་ཚེ་རིང་བཀྲ་ཤིས། says:
    2019-04-26 at 7:57 pm

    ལར་དགོན་པར་ཆོས་ཀྱི་སློབ་གསོ་དང་དཔེ་ཆ་དགོས་པ་འདི་ཅིས་ཀྱང་ཐུགས་བདེན་མོད། ༼ཚོགས་ལ་འཚོགས་ནས་འདོན་པ་སྐྱོར་བ། འཆམ་དང་གཏོར་བཟློག་སོགས་ཡིན་ལ། སྐབས་རེར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་བསྐྲུན། མ་ཎི་བསྐོར་བ༽འདི་ཡང་ཤིན་ཏུ་གལ་ཆེ་བའི་ཆོས་ཀྱི་སློབ་གསོ་ཞིག་ཡིན་སྣང་སྟེ། འདི་དག་ལ་འདྲིས་ཞིབ་དང་ཆ་རྒྱུས་མེད་པའི་ན་གཞོན་བུ་བཅོལ་ཁང་དང་སློབ་གྲྭ་ལས་ཚར་བ་དག་ལ་མ་གཞི་ནས་དད་པ་མེད་ལ། ཡོད་ཀྱང་ཤིན་ཏུ་ཤུགས་ཆུང་བ་ཞིག་ལས་མེད། དེས་རང་གི་བུ་རབ་ཚ་བརྒྱུད་ལ་དད་པ་རྩིས་སྤྲོད་བྱེད་པ་ནི་ཕལ་ཆེར་དཀའ་ནས་དཀའ་རུ་འགྱུར། དེས་ན་གོང་གི་དེ་དག་མི་ཚེའི་ཆ་ཤས་སུ་གྱུར་པ་དག་ལ་དད་པ་ཆེན་པོ་ཡོད་ལ། དེས་རང་གི་ནང་མི་དང་ཕྱི་རབས་ལ་ཤུགས་རྐྱེན་བྱེད། ཁྱེད་དང་ཁྱེད་ལྟ་བུའི་ཕ་མ་རང་གི་བུ་ཕྲུག་ནང་ཆོས་ཀྱི་ཁོར་ཡུག་ཏུ་བསྐྱེལ་མཁན་དག་ཀྱང་ཁོར་ཡུག་དང་པོ་འདི་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད། དེ་དག་ལ་ད་ཆ་དེ་བས་ཀྱང་མཐོང་ཆེན་དགོས་པ་ཞིག་ཆགས་ཡོད། གཞན་དུ་མ་འོངས་པའི་ནང་པ་དང་ཁྱད་པར་དུ་དགེ་འདུན་པའི་རྩ་བའི་ཡོང་ཁུངས་ཀྱང་ཉམས་པར་འགྱུར་ཏེ། དེ་ནི་ད་ལྟའི་གཞིས་ཆགས་ཀྱི་ཁོང་ནས་གྲྭ་པ་བྱེད་མཁན་མེད་པ་དང་གཅིག་པ་ཡིན་ནོ། །འདི་ལ་བསམ་དགོས་པ་ཅིས་ཀྱང་མང་ལ། ཁྱད་པར་དུ། ད་ཆ་ཡང་རོང་འབྲོག་པ་མང་ཚོགས་ཀྱི་དད་པ་ཤུགས་ཆེན་པོ་དེའི་སྟོབས་ཀྱིས་དགོན་པར་གྲྭ་པའི་གྲངས་ཡོད་པ་དང་ཆོས་དར་བ་འདི་ཡིན། འདིའི་རྩ་བ་དཔེ་ཆ་བ་མང་པོ་ཡོད་པས་མིན་པར་ཁོང་ཚོའི་ཁོར་ཡུག་ན་༼ཚོགས་ལ་འཚོགས་ནས་འདོན་པ་སྐྱོར་བ། འཆམ་དང་གཏོར་བཟློག་སོགས་ཡིན་ལ། སྐབས་རེར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་བསྐྲུན། མ་ཎི་བསྐོར་བ༽སོགས་དཔེ་ཆ་བའི་མིག་ནང་དུ་གང་ལའང་མི་རྩི་བ་དེ་ཚོ་ཡོད་པ་ཁོ་ནས་ཡིན། འོན་ཀྱང་དཔེ་ཆ་མི་དགོས་ཟེར་གྱི་མེད།

  3. ཨ་ཤོ་ཀ says:
    2019-04-27 at 5:19 am

    རྫ་ཚེ་རིང་ལགས་ནས་གསུངས་པ་ལྟར་ཤིན་ཏུ་བདེན་ནོ། ངས་མོས་མཐུན་བརྒྱ་ཆ་བརྒྱ་ཡོད།། བཀྲིན་ཆེ་ཞུ་ཡག་ཡིན།

  4. རྒྱ་མ་ཚང་ says:
    2019-04-27 at 6:03 am

    སློབས་གཉེར་མེད་པའི་དགོན་པ་ དཔེར་ན་??????

  5. ཁྱི་སྤྱང་སྨུག་པོ། says:
    2019-04-27 at 9:12 am

    དགེ་བཤེས་ལགས་ཧ་ཅང་བདེན།
    སློབ་གཉེར་ཡང་ཏིང་ཟབ་ཡོད་དགོས་འདུག་ཚིག་འགྲེལ་ཙམ་གྱིས་ཡིད་ཚིམ་ནས་མིང་ཆེན་པོ་འདོགས་ན་དགོས་པ་དེ་ཙམ་མི་འདུག་ནང་ཆོས་མ་གཞི་ནས་ཤེས་བྱ་གཏིང་ཟབ་ཡིན་ཙང་སྦྱོང་བརྩོན་ཡང་གཏིང་ཟབ་དགོས་སྙམ

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-27 at 10:03 am

    བོད་མིའི་བསོད་ནམས་རྒུད་པའི་རྟགས་རེད་ད་ང་ཚོའི་སྤྱི་མཐུན་
    གྱི་བསོད་ནམས་བསགས་མ་ཐུབ་ན་ལོ་རེ་ནས་ལོ་རེ་བཞིན་ཕྱོགས་
    ཚང་མ་ནས་ཉམས་རྒུད་འགྲོ་བའི་ཉེན་ཁ་ཡོད་ན་ཉེན་ཁ་དེ་ལས་
    སྐྱོབས་ཐབས་སུ་ང་ཚོ་བོད་མི་མི་རེ་ངོ་རེར་འགན་ཡོད་ན་འགན་དེ་
    ངེས་པར་དུ་ཁྱེར་ཐུབ་དགོས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme