Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་ཕྱི་རྒྱལ་ཅིག་ལ་མག་པ་བྱིན་བཞག་ན།

Posted on 2015-07-122015-07-12 By ཁ་བརྡ 45 Comments on སྲིད་སྐྱོང་མཆོག་ཕྱི་རྒྱལ་ཅིག་ལ་མག་པ་བྱིན་བཞག་ན།

ཤར་ཕྱོགས་ཁུག་རྟ།

 
གོང་ས་ཆེན་པོས་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ལ་དགོངས་པ་བཞེས་ནས། མི་མང་གི་མངོན་འདོད་དང། མང་གཙོའི་ལམ་སྲོལ་ལ་བཅོས་མིན་གྱི་བརྩི་བཀུར་གནང་ནས། ཐ་ན་བློ་བཟང་སེང་གེ་ལྟ་བུ་ཞིག་ལ་སྲིད་སྐྱོང་ཐོབ་ནའང། བསྟོད་བསྔགས་དང་ཐུགས་རེ་ཚད་མེད་གནང་གི་ཡོད་ལ། རྒྱལ་སྤྱིའི་སྟེང་གི་ཁོང་གི་གྲོགས་པོ་གྲོགས་མོ་ཚོར་བཅོལ་གདམས་གནང་སྟེ། བློ་བཟང་སེང་གེར་རོགས་པ་ག་རེ་གནང་དགོས་ན་གནང་ཞོག་ཚུན་ཆད་བཀའ་གནང་ཡོད།

 
འོན་ཀྱང་ཉེ་བའི་ལོ་ངོ་འདི་དག་ལ་བློ་བཟང་སེང་གེ་ལགས་བར་མཚམས་མེད་པར་ཕྱི་རྒྱལ་ཏུ་རྒྱུགས། རྒྱུགས་རྒྱུགས་མཐར་རང་ལུས་མེར་སྲེག་སྐོར་གྲོས་ཆོད་སྐམ་པོ། ཚིག་ཙམ་ནས་གནད་ལ་འཁེལ་བ་གཅིག་ཀྱང་མ་རེག རྦད་དེ་མ་རེག་པ་ཧ་གོ་ནས་རྒྱ་ནག་གཞུང་གིས་ཀྱང་ཆེད་མངགས་ཀྱག་ཀྱག་གིས་བློ་བཟང་སེང་གེ་ཟེར་བ་ཞིག་ཡོད་མེད་ཧ་མ་གོ་མདོག་མདོག་གིས་གཡུགས་བཞག རྦད་དེ་གཡུག་ཡ་མང་དྲག་ནས་བློ་བཟང་སེང་གེས་མཐའ་མར་གནས་ཆུང་ལ་ཁ་འཕང་སྟེ་རང་སྲེག་མ་གཏོང་རོགས་ཞེས་འབོད་སྐུལ་གནང། འབོད་སྐུལ་གནང་བ་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན། ཁྱེད་རྣམ་པའི་བློས་གཏོང་ཆུད་ཟོས་གཏོང་གི་མིན། ང་ཚོ་ཁྱེད་ཚོའི་རྒྱབ་ན་ཡོད་ཟེར་བའི་རེ་བ་སྟོང་པ་སྤྲོད་པའི་བརྗོད་ཚིག་ཉེས་ཅན་པ་རྣམས་ཀྱང་ཇེ་ཉུང་ཇེ་ཉུང་དུ་གྱུར།

 
མཚམས་དེར་མི་རྣམས་ཀྱིས་སྲིད་སྐྱོང་ཉམས་སངས་ཅན་དེར་བྱུ་རུ་དམར་པོའི་སྐེད་རྒྱན་ཞིག་བཏགས་ནས་ཨ་རིའི་གཞུང་ལ་མག་པ་བྱིན་བཞག་ན་ལབ། ཡང་ཁ་ཤས་ཀྱིས་མ་རེད་མ་རེད། ཁོང་ཐའེ་ལན་ཏྲའི་རྒྱལ་ཁབ་ཀྱི་གྱོན་གོས་གསར་སྟོན་Fationshowཁང་ཞིག་ཏུ་བོག་མར་བཏང་བཞག་ན་ལབ། དེ་ལྟར་ལབ་གླེང་མཚམས་མ་ཆད་པར་2014 ཤར། 2014ལོ་ལ་བཀའ་དྲིན་རྗེས་དྲན་ཟེར་བའི་མིང་ཞིག་བཏགས་ཀྱང། ལས་རིམ་ཚགས་མ་ཚུད་ཅིང། བཀའ་ཤག་ནང་གྲོས་བསྡུར་ལྷུག་པོ་མ་སོང་ཙང། དེས་ཀྱང་མི་མང་གི་ཡིད་འགུགས་མ་ཐུབ།

 
མ་སེམས་ཅན་གྱིས་བོད་རྒྱ་འབྲེལ་མོལ་དང་ཤེས་ཡོན་སྲིད་བྱུས་ཀྱི་དྲི་བ་ཆར་བ་འབབ་འབབ་བྱས་ཙང། ཡང་བསྐྱར་ཕྱག་མཛུབ་ནང་དུ་བཀུགས་ནས་ད་ག་བ་འགྲོ་ཞེས་དབུགས་རིང་ཞིག་འཐེན། དབུགས་རིང་དེ་སྲིད་སྐྱོང་ཕོ་བྲང་གི་ལྕགས་ཀྱི་དྲ་མས་ཀྱང་མ་ཁོག་པར་གངས་སྐྱིད་དུ་ཁྱབ། གཞུང་ཞབས་ཚོས་གཟའ་ལྷག་པར་ཕྱུ་བ་གྱོན་དགོས་པའི་ཨུན་ཡང་བརླག་ནས་རྡུལ་འཚུབ་སྐྱ་བོ་ལས་ཁུངས་ནས་ལས་ཁུངས་སུ་མཆེད་པས། སྲིད་སྐྱོང་མཆོག་ཉེན་གཡོལ་དུ་གཞིས་ཆགས་ཁག་ཅིག་ཏུ་འཚམས་འདྲིར་བསྐྱོད། འཚམས་འདྲི་གནང་རྒྱུའང་ཏག་ཏག་ཅིག་མ་བསྡད་སྟབས། གལ་སྲིད་ཨ་རིའི་གྲོས་ཚོགས་ནས་ཆོག་མཆན་ཐོན་ན་ཕྱི་རྒྱལ་དུ་གཏོང་འཆར་ཡོད་པ་དང། བོད་ནང་ནས་ང་ལ་ཡི་རངས་གིས་བསྟོད་གཞས་མང་པོ་བཟོས་འདུག་སོགས་ཀྱི་བཀའ་སློབ་གནང།

མི་རྣམས་ལ་ཁོང་དགོད་ཤོར། ཡང་ང་དང་ང། ང་དང་ངའི་ཨ་ཞང་རེད་ལབ།

མིག་ཤེལ་ནག་པོ་གྱོན་པའི་སྲིད་སྐྱོང་རྫིག་པོ་མཆོག་ཕྱིར་ངྷ་རམ་ས་ལར་ལོག ངྷ་སའི་གྲོས་ཚོགས་ཀྱིས་དབུ་ན་རུ་འཇུག་པ་མཁྱེན་ནས། གོང་ས་མཆོག་དང་གསོག་སྒར་སློབ་གྲྭའི་སློབ་མ་ཚོ་གཏའ་མར་བཞག་སྟེ་སློང་མོ་རྒྱབ་པའི་ཨ་སྒོར་ས་ཡ་ཁ་ཤས་དེ་མ་ཎི་སྐྱོར་སྐྱོར་བྱས། བོད་ཀྱི་རྩ་དོན་ཡང་ཨ་རིའི་སྒྲོ་ལོར། བོད་རྒྱ་འབྲེལ་མོལ་ཡང་ཨ་རིའི་སྒྲོ་ལོར། ཤེས་ཡོན་སྲིད་བྱུས་ཡང་ཨ་རིའི་སྒྲོ་ལོར། ཐམས་ཅད་པོ་སྒྲོ་ལོར་སྒྲོ་ལོར་ཟེར་བའི་བཀའ་དྲིན་ཅན་དེས་སྲོག་མཐུད་ནས་ཡོད་སྐབས། ད་དུང་ཨ་རིའི་ཕོ་བྲང་དཀར་པོའི་བོད་དོན་འབྲེལ་མཐུད་ལྕམ་སྐུ་མཆོག་ངྷ་སར་ཕེབས་སྐབས། གསོག་སྒར་སློབ་གྲྭ་ནས་ཉིན་གུང་ཞལ་ལག་བཀྱག་ཡོད། འདི་རིགས་ལ་མང་པོར་དོ་སྣང་ཡོད་རྒྱུ་མ་རེད། ཧང་སངས་པ་ཞིག་ཡིན། གལ་སྲིད་གསར་འབྱོར་ཁ་ཤས་ཀྱིས་ང་ཚོར་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་ཀྱི་ཡོད་མེད་ཨ་རིའི་གཞུང་ལ་ཞིབ་འཇུག་དགོས་པའི་སྙན་ཞུ་ཞིག་ཕུལ་ན། སྐུ་ངོ་སྲིད་སྐྱོང་གི་གྲོགས་པོ་ཨ་རིའི་དོན་གཅོད་ཀེ་རྡོར་ལས་མེད་ཆགས་སྲིད་པ་རེད། འདི་རྣམས་འཕྲོས་བཤད་ཡིན།

 
དེ་འདྲའི་སྲིད་སྐྱོང་གི་དབུར་སྨུག་ལོང་འཐིབས་ཡོད་པའི་སྐབས་དེར། མདོ་སྨད་ཆོལ་ཁའི་ད་ལོའི་གྱ་སྟོན་གསེར་གྱི་ཉི་མ་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་ས་གང་དུ་མཆེད། བཀའ་ཤག་དང་བོད་གཞུང་གི་ངོས་ནས་གྱ་སྟོན་ཐབས་ཆག་ཅིག་ལས་མ་འཁྱོངས་བ་ངོ་གནོང་བས་ཡིན་ནམ། ཡང་སྐུ་ངོ་སྲིད་སྐྱོང་མཆོག་ཆིབས་ཞིབས་སུ་ཕེབས་མགོ་བརྩམས། གཅིག་བྱས་ན་མགྲོན་ཤོག་འདྲ་འབྱོར་ཡོད་སྲིད། འོན་ཀྱང་སྲིད་སྐྱོང་ལོ་ལྔ་ཆ་ཚང་ལ་གོང་ས་ཆེན་པོའི་འཁྲིས་ལ་འབྱར་འབྱར་པ་མིན་ན་པཱ།

 
གང་ན་པར་ལེན་འཕྲུལ་ཆས་དང་མི་སྐད་གྲགས་ཅན་ཡོད་ན་དེའི་འཁྲིས་ལ་བུ་མོ་ནང་བཞིན་འཐམས་འཐམས་པ་འདི་མ་སེམས་ཅན་གྱིས་མི་མཐོང་བ་ག་ལ་སྲིད། སོང་ཙང། ཁ་སང་ཨ་རི་ནས། དེ་རིང་འཇར་མན་དུ་ཡང་དེ་དེ་བཞིན་ཕེབས་འདུག་ལ། གསར་ལམ་ཁག་ཏུ་སྲིད་སྐྱོང་མཆོག་ཡང་འཇར་མན་དུ་ཆིབས་བསྒྱུར་གནང་སོང་ཟེར། ད་འདི་ལྟར་སོང་ན་ཁུངས་ག་ནས་འཁྱོལ་ཡོང་བོད་ཀྱི་སྲིད་སྐྱོང་མཆོག བསམ་ཡོད་ཅིག་ཡིན་ན་ད་ནི་དངོས་གནས་རང་གོང་ས་ཆེན་པོར་གདོང་སྟོན་རྒྱུར་མི་ཚེར་ནའང། མི་ཞིག་ཡིན་ཕྱིན་ཚེར་མདོག་ཁ་པོ་ཙམ་གནང་དགོས་པ་མ་རེད་དམ། མ་གཞི་ནས་འདིའི་ཐད་དགའ་ལྡན་ཕོ་བྲང་ལ་དགོངས་ཚུལ་ཡོད་ཀྱང་མི་གསན་པ་ཅི་རེད། སྲིད་སྐྱོང་ཆིབས་ཞིབས་པ་ཞིག་གནང་ན་རྒྱ་གུང་བྲན་ནས་ཀྱང་ཅིག་མི་ཟེར་རམ།།།

 
2015། 7། 12། ཉིན་འབྲས་ལྗོངས་ནས་ཞིབ་འཇུག་གི་བར་གསེང་དུ་གཟའ་ཉི་མར་བྲིས།།

བསམ་ཚུལ།

Post navigation

Previous Post: ཆོས་རྒྱགས་སུ་སོང་བའི་བཙན་བྱོལ་བོད་མིའི་སྤྱི་ཚོགས།
Next Post: ཕྲ་ཕུང་གི་འཇིག་རྟེན་དུ་བཞུད་པའི་ལམ་ཡིག

Comments (45) on “སྲིད་སྐྱོང་མཆོག་ཕྱི་རྒྱལ་ཅིག་ལ་མག་པ་བྱིན་བཞག་ན།”

  1. བོད་ཀྱི་བུ། says:
    2015-07-12 at 10:08 am

    དེ་ལས་ཁུག་རྟ་ཆིབས་ཞབས་ལ་བཅར་ན་བསམ་དོན་གྲུབ་པ་ཨེ་རེད།

  2. ཨ་རོགས་ཁམས་ཕྲུག says:
    2015-07-12 at 11:02 am

    ཡང་ཁུག་རྟས་བློ་སེང་ལ་་་ཧཧཧཧ། ཨ་མིའི་བུ་ལ་བུ་ཚར་ན། སྲིད་སྐྱོང་ཁྲི་ལ་བདག་པོ་མེད་རེད་ད། ཁུག་རྟ།

  3. མི་གསོན་པོ། says:
    2015-07-12 at 11:14 am

    ལས་མ་དག་པ་ཤར་ཁུག་འདི། ངོ་ཚ་རྒྱུ་མེད་ནའང་། ཐང་ཆད་རྒྱུ་ཞིག་ཀྱང་མེད་ཀི ལོ་ལྔ་ཧྲིལ་པོར་ཁ་ནང་དུ་བསྐོར་ནས་ཡིག་ནོར་གྱི་ཕུང་པོ་ཤ་སྟག་སྤུངས་སོང་།

  4. ནུབ་ཕྱོགས་གངས་ཕྲུག says:
    2015-07-12 at 12:04 pm

    ཤར་ཁུག་གི་ལབ་པ་བདེན་པ་རེད། ག་དུས་ཡིན་ནའང་ཕྱི་རྒྱལ་ལ་འགྲོ་མ་ཚར་བསྡད་འདུག ང་ཚོར་དགོས་རྒྱུ་གཙོ་བོ་བོད་རྒྱ་འབྲེལ་མོལ་རེད་མ་གཏོགས་ཕྱི་རྒྱལ་ལ་དགུང་སེང་མ་རེད།

  5. བྱམས་པ། says:
    2015-07-12 at 1:30 pm

    སྲིད་སྐྱོང་༸གོང་ས་མཆོག་གི་སྐུ་འཁོར་དུ་ཕྱིན་པ་ནི་དགོས་པ་རྒྱུ་མཚན་མང་པོ་ཡོད་སྲིད། རང་གིས་མཐོང་བའི་ཕྱོགས་གཅིག་ལ་བལྟས་ནས་སྐྱོན་ཁོ་ན་བཙལ་བ་ནི་ཡེ་མི་བཟང་།

  6. ཐིག་ཆུ། says:
    2015-07-12 at 1:39 pm

    ད་དུང་ཤར་ཕྱོགས་ཁུག་རྟའི་སྒྱུ་རྩལ་ཡོད་ལ་བྲོ་བ་ལྡན་པ་དོན་སྙིང་ཡོད་པ་ཞིག་བྲིས་འདུག
    འདི་ལྟ་བུ་ལྟ་རིན་ཡོད་ལ་ཀློག་སྙིང་འདོད།མུ་མཐུད་ཡིན་དང་།

  7. སྲིན་པོ་རྫ་རྒན་ says:
    2015-07-12 at 1:41 pm

    སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ལ་སྐྱོན་ཏོག་ཙམ་རེ་ཡོད་སྲིད་པ་རེད། ཡིན་ནའང་། སྐབས་རྗེས་མའི་སྲིད་སྐྱོང་ལའང་ཁོང་ཐོབ་རྒྱུ་ཡིན་པ་བརྗོད་མ་དགོས་པ་རེད། བོད་མི་མང་གིས་ཁོང་སྲིད་སྐྱོང་ལ་འདམས་པ་ནོར་ཡོད་པ་མ་རེད། སྐབས་རྗེས་མར་ཁོང་འདམ་རྩིས་དེ་ཡང་ནོར་ཡོད་པ་མ་རེད། སྐབས་རྗེས་མའི་རྗེས་མ་ལ། མི་མང་གིས་ཁྲིམས་ལ་འགྱུར་བ་བཏང་ནས་སྲིད་སྐྱོང་ཁོང་ཡང་སྐྱར་བཞེངས་ལམ་ཞིག་བཏོད་རོགས་ཞེས་ཁྲིམས་བཟོ་ལྷན་ཚོགས་ལ་སྙན་ཞུ་འབུལ་བའང་ཆགས་རྒྱུ་རེད། འདི་ང་ཚོར་མི་མེད་སོང་བས་མ་རེད། མི་འཇོན་པོ་ཞིག་ལ་རེ་བ་དང་ཡིད་ཆེས་བྱེད་སྟངས་ཤིག་རེད།

  8. རིག་པའི་ཡེ་ཤེས། says:
    2015-07-12 at 2:10 pm

    གཏམ་དཔེར། མི་ངན་ཤི་རྒྱུ་མེད། རྟ་ངན་ཆད་རྒྱུ་མེད་ཟེར་བ་ལོས་བདེན། ཁར་སྔོན་ལྡི་ལིར་གྲྭ་བ་ཞིག་དང་མི་སྐྱ་ཞིག་མཉམ་ཤི་སོང་དུས། མི་རྣམས་ཀྱིས་མི་སྐྱ་དེ་བློ་བཟང་ཆོས་འབྱོར་རམ་ཤར་ཁུག་ཟེར་བ་དེ་ཡིན་རབས་གླེང་སོང་། ང་དང་ངའི་གྲོགས་པོ་ཚོས་ཀྱང་ཤི་དགོས་ཡག་མི་ངན་དེ་གསད་པར་སྤྲོ་དགས་གང་། ཆུ་ཚོད་འགའ་ཤེས་རྗེས་གནས་ཚུལ་གསལ་བོར་གོས་དུས་གྲོངས་སོང་བ་དེ་སྤྲོ་ཚིགས་ཆོས་གྲགས་རེད་འདུག་ཟེར། གཏམ་ངན་དེས་གློ་སྙིང་ལ་གྲི་བསྣུན་པ་ལྟ་བུའི་སྡུག་གིས་གང་། ངའི་གྲོགས་པོས་གསད་དགོས་པའི་དགྲ་བོ་དེ་བློ་བཟང་ཆོས་འབྱོར་ཡིན་རབས་བཤད་དེ་ཤར་ཁུག་ལ་ཁ་པར་གཏང་། འོན་ཀྱང་མི་ངན་གྱི་ཚེ་སྲོག་ལ་ཟ་འཐུང་གིས་བུ་ལོན་ལུས་པས་ཁ་པར་རྗེ་བོ་བརྒྱབ་ཟིན།

  9. སྙིང་སྟོབས། says:
    2015-07-12 at 2:12 pm

    ཁྱི་ཁུག་དེ་ཡིན་ན་ངོ་ཚ་རྒྱུ་ཟིག་ར་མེད་ཀི དཀོན་ཅོག་གསུམ། ད་དུང་མིང་རྫུན་མ་བཟོས་ནས་མཆན་བཏབ་ཡོད་ཀི ཧཧཧཧཧཧཧཧཧ

  10. ཁྱུང་དཀར says:
    2015-07-12 at 2:27 pm

    གུངཁྲན་ཏང་ལའང་ཁག་གང་ནས་ཡོད། ༧གོང་ས་མཆོག་རྒན་ཡོལ་ལ་ཕེབས་ནས་སྲིད་དོན་གྱི་ལས་ཀ་མར་སྲིད་སྐྱོང་ལ་རྩིས་སྤྲོད་ཞུས་ཚར་དུས་༧ཁོང་ཚང་ཕྱི་རྒྱལ་ཡུལ་གྲུ་གང་ལ་ཕེབས་ན་སྲིད་སྐྱོང་མཆོག་ཆིབས་ཞབས་ལྟ་བུ་རྒྱུགས་བསྡད་ན་རྒྱ་གཞུང་ལའང་༧གོང་ས་མཆོག་གིས་སྲིད་དོན་གྱི་ལས་མཚམས་བཞག་མེད་པའི་སྣང་བ་ཞིག་ལས་འཁོར། དེས་རྐྱེན་གྱིས་ཡིན་ནམ་གང་ལྟར་ཁ་བྲལ་བ་དང་མི་མངོན་པའི་རང་བཙན་ཟེར་ནས་ག་དུས་ཡིན་ནའང་སྐྱོན་བརྗོད་རྐྱང་རྐྱང་བྱེད་ཀི་ཡོད། དེས་ནག་ཉེས་དེ་རིགས་སྲིད་སྐྱོང་ལ་འབབ་མི་སྲིད་པའང་རྩ་ནས་མིན།

  11. ཚོགས་ཆེན། says:
    2015-07-12 at 5:05 pm

    ཤར་ཁུག་ལགས་ཀྱིས་ཡང་གོ་རྒྱུ་ལྡན་པའི་རྩོམ་ཞིག་སྤེལ་འདུག་

  12. རྟ་བདུན་དབང་བོ says:
    2015-07-12 at 7:54 pm

    ཤར་ཁུག་ལ་མི་དགའ་མཁན་མང་བོ་ཡོད་པ་འདི་གང་ཡིན་ནམ། འཇིག་རྟེན་ཁ་དཔེར་མི་ཚང་མས་དགའ་ས་ཞིག་ཡིན་ན། མི་དེར་འཇོན་ཐང་གང་ཡང་མེད་པའི་རྟགས་ཡིན་ཟེར་བ་དེ་བདེན་པ་ཡིན་ནམ། ཤར་ཁུག་ལ་དངོས་གནས་གང་གིས་འགྲན་ཟླ་བྲལ་བ་ཡིན་ནམ། མི་དགའ་མཁན་མང་བོ་ཡོད་པ་འདི། ཤར་ཁུག་ལ་འཇོན་ཐང་ཆེ་བའི་རྟགས་ཡིན་ས་རེད། དེ་མིན་ཁོང་གི་རྩོམ་རྣམས་ལ་རྒྱུ་མཚན་འདུག །

  13. ཀརྡོ་གཉེར་ཕྱག་པ་ says:
    2015-07-12 at 7:54 pm

    འདས་པ།
    སེངྒེ་གཡུ་རལ་ངོམས་དུས། །
    ཁུག་རྟ་གནས་དབྱུང་གོ་བྱུང་། །
    ད་ལྟ་བ།
    སེངྒེས་འགྲོ་ཚད་བྱས་ཚད། །
    ཁུག་རྟའི་གཉིད་ལ་གནོད་བགྱིད། །
    མ་འོངས་པ།
    སེངྒེ་ཡང་བསྐྱར་ཐོབ་ན། །
    ཁུག་རྟས་རང་ཤི་བརྒྱབ་པ། །

  14. ཀརྡོ་གཉེར་ཕྱག་པ་ says:
    2015-07-12 at 7:55 pm

    སྲིད་སྐྱོང་རྒྱལ་འགྱུར་ཅིག །

  15. སྤོབས་པ་མཐའ་ཡས། says:
    2015-07-12 at 9:54 pm

    གོང་ས་མཆོག་གིས་སྲིད་སྐྱོང་བློ་སེང་ལྟ་བུའི་མི་ཡོན་ཏན་ཅན་ཞིག་ཁྲིད་རྒྱུ་རག་པ་དེ་ཁོང་གི་སྐུ་བསོད་རེད། གོང་ས་མཆོག་ནམ་ཡིན་ཡང་ལྷ་མིན་མི་མིན་འདྲེ་མིན་དང་། ཀླད་སྟོང་སྤྲེལ་ལད་པ་ཁ་ཤས་རེ་མ་གཏོགས་སྐུ་འཁོར་ཡོན་ཏན་ཅན་ཁྲིད་རྒྱུ་རག་གི་མི་འདུག སྲིད་སྐྱོང་བློ་སེང་དང་སྲིད་སྐྱོ་བློ་སེང་ལྟ་བུ་རེ་སྐུ་འཁོར་ལ་ཁྲིད་རྒྱུ་ཡོད་ན་དེ་ང་ཚོས་རྗེས་སུ་ཡི་རང་ཞུ་བའི་འོས་སུ་མཐོང་།

  16. སྐལ་ཚེ། says:
    2015-07-12 at 10:23 pm

    བློ་སེང་ལྟ་བུ་མི་ཡོན་ཏན་ཅན་འདི་འདྲ་ཡོད་པ་ནི་བོད་མི་ས་ཡ་དྲུག་གི་བསོད་ནམས་རེད། དེ་མིན་ནང་ཁུལ་དབུ་རང་འཐབ་རྩོད་དང་། དངོས་མེད་ལྷ་འདྲེ་འཐབ་རྩོད་སོགས་ནི། བོད་མི་རྩ་གཏོར་འགྲོ་བའི་རྒྱུ་ལས་ཅི་ཡང་མི་མཐོང་།

  17. ཇུས་ཏོག་ says:
    2015-07-12 at 10:27 pm

    རྒྱལ་ཁབ་ཞིག་ལ་ཆ་མཚོན་ན་སྲི་འཛིན་དང་སྲིད་བློན་
    གང་ཡིན་རུང་ཕྱི་ལ་ཕེབས་རྒྱལ་ནང་གི་ལས་དོན་སྒྲུབ་
    དགོས་པ་ལས་ལས་ཁུང་ནང་འཛུལ་ནས་བོད་སྤྱི་ཚོགས་
    རྙིང་པའི་སྡེ་གཞུང་གི་སྐུ་དྲག་ཚོ་ནང་བཞིན་མགོ་རུལ་
    བ་རྣ་བ་མ་ཚོར་བ་བྱས་ནས་ཞུགས་དགོས་ཀྱི་ཡོད་པ་
    ཡིན་ནམ་ཧ་ཧ་ཧ་ཤར་ཕྱོགས་ཁུག་རྟ་ཁག་མེད་ལས་
    དཀའ་ཤོར་བ་དེའི་རེད་ཁྱེད་ལ་ཁག་མེད་ཧ་ཧ་ཧ
    གོང་ས་མཆོག་ནས་བློ་སེང་ལ་སྐུ་དབང་རྩིས་སྤྲོད་གནང་
    བ་འདི་རྒྱུ་ཚན་མང་པོ་ཡོད་རེད་།
    བཅོམ་ལྡན་འདས་ནས་གཟིགས་པ་ལྔ་ལ་གཟིགས་ནས་འཇིག་རྟེན་འདིར་ཕེབས་པ་རེད་།
    སྐབས་རྗེས་མ་ཡང་བློ་སེང་ལ་འོས་འཕེན་དགོས་པ་རེད་
    ཤར་ཕྱོགས་ཁུག་རྟ་དབུ་ལམ་ལ་ཕེབས་ནས་གུང་ཁྲན་
    གྱི་སྲིད་བློན་ཆགས་ཐུབ་པའི་སྨོན་ལམ་ཡོད་།
    མ་གཞི་ནས་སྐྱོན་སྲུང་མཁན་གྱི་སྐྱོ་མ་རྟོགས་ཡོན་
    ཏན་ནམ་ཡང་མཐོང་གི་མ་རེད་ལ་ཡོན་ཏན་སྲུང་མཁན་གྱི་ཡོན་ཏན་མ་རྟོགས་སྐྱོན་ནམ་ཡང་མཐོང་གི་མ་
    རེང་དེ་གཉིས་ལས་འགན་གྱི་ཆ་ནས་ཁ་ཁ་རེད་།
    ཀར་རྡོར་གཉེར་ཕྱགས་ཀྱི་མཆན་ལ་རྗེས་སུ་ཡིད་རངས་ཡོད་དོ་།

  18. རིག་པའི་ཡེ་ཤེས། says:
    2015-07-12 at 10:56 pm

    སྲིད་སྐྱོང་མི་ཡི་སེང་གེ་རྒྱལ་གྱུར་ཅིག ཁ་བའི་ཚེ་སྲོག་དར་སྐུད་མི་ཆད་ཤོག གོང་ས་མཆོག་གི་ཕུགས་འདུན་འགྲུབ་པར་ཤོག ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག་ཏུ་གསོལ། བསྟན་སྲིད་རུ་ཊ་ཤར་ཁུག་སྒྲལ་དུ་གསོལ། བདེན་ཉིད་ཕྱོགས་ལས་རྣམ་རྒྱལ་སྒྲེངས་དུ་གསོལ།

  19. ལྷག་པ་ཚེ་རིང་། says:
    2015-07-12 at 11:54 pm

    ཤར་ཕྱོགས་ཁུག་རྟ་ལགས། རང་བྱ་མི་ཐོན་པའི་ཉོག་བཤད་དེ་འདྲ་མ་བཤད་ཁ་དྲོ། རང་ཁ་བཙུམས་ཏེ་རས་འཁྲིས་བྱ་བར་ཧུར་བརྩོན་བྱོས།

  20. གཙན་ནག་པ། says:
    2015-07-13 at 12:10 am

    ཤར་ཁུག་གིས་བཤད་པ་བདེན། སྲིད་སྐྱོངས་ནི་༸གོང་ས་མཆོག་གི་སྐུ་སྲུང་བ་ཆགས་བྲབ་འདུག །། ཁོང་གིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དྲན་པ་བརྗེད་འཚར་བའི་ཚོ་སྣང་སླེབ་ཀྱིས་འདུག

  21. རྒྱ་ཞིང་མྱི་དཀར། says:
    2015-07-13 at 12:45 am

    གནས་ལུགས་མེད་པ་མ་རེད་ཡིན་ན་ཡང་ཐབས་ཤེས་གང་ཡང་ང་ཚོ་ལ་འདི་འདྲ་ཞིག་མ་གཏོགས་མེད་སོང་པས་ཅི་བྱ།

  22. ཨ་རོགས་ཁམས་ཕྲུག says:
    2015-07-13 at 1:10 am

    སྲིད་སྐྱོང་བློ་སེང་མག་པར་སོང་ཤུལ་དུ་ཁུག་རྟས་རྡ་སར་སེང་རྟགས་དང་སྐར་རྟགས་ཅན་གྱི་རྒྱ་དར་ཁ་སྤྲོད་བསྒྲེངས་ནས་བཞུགས་བསམ་པ་འདྲ།

  23. མིག་དམར། says:
    2015-07-13 at 3:22 am

    ཨ་མདོ་ཁུག་རྟ་ཡིན་ན་ཀུ་ཏ་ཡིན་ན་མི་ཤེས། རང་གི་སྲིད་སྐྱོང་ལ་ཡང་ཅིག་ཅིག་ལབ་ཀྱི་འདུག ཟ་ལ་་་་་་་

  24. ཚེ་རིང་ says:
    2015-07-13 at 5:32 am

    ད་བྱས་ན་མ་འོངས་སྲིད་སྐྱོང་དེ་རྡ་རམ་ས་ལའི་གཡས་གཡོན་དུ་བསྡད་ནས་དུས་ཚོད་ཡོད་དུས་ཚོགས་པ་སྐྱིད་སྡུག་ཁག་གི་ལོ་འཁོར་ཚོགས་འདུར་གཏམ་བཤད་རང་བྱས་ནས་བསྡོད་མཁན་ཞིག་འདེམས་རོག་གནང་ཧཧཧཧཧཧཧ་་་་་་ཡང་དྲ་འབུ་ཁྱེད་རང་ཚོར་གང་བཤད་རྒྱུ་འདུག་ལྟས་མཆོག་་

  25. ལྷ་སྲས་དར་མ། says:
    2015-07-13 at 6:13 am

    འཛུབ་མོ་ལྔ་དེ་ད་དུང་ལྷག་ཡོད་ན་སོ་སོའི་ཨམ་ཕྲག་ལ་བཅུག་ན་གང་ཡོད་མ་ཤེས་པ་ཅང་ཡོད་མ་རེད། ཕྲག་དོག་འགྲན་སེམས་ཁོ་ན་བྱས་ནས་ཕྱི་སྟང་བརློག་ན་རང་ཉིད་རང་གི་རྡོག་བརྫིས་བཏང་བ་ལས་ཅི།

  26. ཇུས་ཏོག་ says:
    2015-07-13 at 6:15 am

    ཤར་ཕྱོགས་ཁུག་རྟ་ཨ་མདོ་ཡིན་པ་དེ་རིང་གཞི་ནས་ཤེས་བྱུང་་། བོད་མི་ཚང་མ་གོང་ས་མཆོག་དགུང་ལོ་མཐོ་པོ་བཞེངས་ནས་སེམས་ཁྲལ་དང་ཉིན་མང་པོ་ཁ་ལག་ཟ་སསྟབས་བཅག་འདུག་ཀྱང་ཨ་མདོ་ཚོ་ཐུགས་སྤྲོ་བཏོང་མཁན་གྱི་ནང་དུ་ཤར་ཁུག་ཀྱང་ཡོད་པ་ཐག་ཆོད་།

  27. བཙན་པོ། says:
    2015-07-13 at 9:35 am

    ཞེ་དགྲ་མ་སྡང་ནང་ལ་ཟུག་བསྡད་ན་མང་གཙོའི་འགྲོ་སྟངས་ཡང་དག་ཅིག་ག་ནས་ཡིན། ནམ་རྒྱུན་ཤར་ཁུག་གིས་སྲིད་སྐྱོང་གིས་མ་འཇོན་ཚུལ་མ་འགྲིག་པ་རྐྱང་བཤད་བསྡད་པ་འདི་མང་གཙོའི་འགྲོ་སྟངས་ཤིག་དེ་བས་ཀྱང་ག་ནས་ཡིན། ཡིན་ཡང་ད་རེབ་ཀྱི་སྐད་ཆ་འདི་ལ་བསམ་བློ་གཏོང་ཏན་ཏན་འདུག་སྣང་བྱུང་། ༧གོང་ས་མཆོག་ས་ཆ་གང་དུ་ཆིབས་བསྒྱུར་གནང་ན་སྲིད་སྐྱོང་དེ་རུ་སླེབས་འདུག་པ་འདི་ཕྱི་ནང་གང་ནས་བལྟས་ན་རན་པོ་རང་མི་འདུག སྲིད་སྐྱོང་གི་བྱེད་སྟངས་འདིས་ཕྱི་དྲིལ་བཀའ་བློ་ལགས་ཁག་པོ་བཟོས་ཡོད་ཤག

  28. རིན་ཆེན says:
    2015-07-13 at 10:25 am

    འདྲ་བོ་ཞིག་ལབ་འདུག གང་ལྟར་བོད་རྒྱ་གྲོས་མོལ་ལོ་འགའ་གཉིད་ལ་ཤོར་སོང་།

  29. ལུང་རྟོགས། says:
    2015-07-13 at 11:51 am

    སྲིད་སྐྱོང་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་ཤར་ཁུག་གིས་སྲིད་སྐྱོང་ལ་གཅིག་བཤད་ནས་ཁོང་གི་འོས་ཤོག་ཉུང་དུ་གཏོང་འདོད་ཀྱི་སྟོང་བསམ་ཞིག་འཆང་གི་འདུག འོན་ཀྱང་དྲ་ལམ་ཁག་གི་འགུལ་སྐྱོད་ལ་ལྟས་ན་ཡང་བསྐྱར་༡༠༡༦་གི་སྲིད་སྐྱོང་ནི་བློ་བཟང་སེང་གེ་ཐོབ་རྒྱུ་ཡིན་པ་གཏན་ཁེལ་བ་ལྟ་བུ་རེད། ཤར་ཁུག་གིས་དར་དམར་མགོ་ལ་ཕྱར་ནས་སྲིད་སྐྱོང་ལ་ཇི་ཙམ་ཟུག་ཀྱང་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད། ལར་ནས་གོང་ས་མཆོག་གིས་སྲིད་སྐྱོང་ལ་ཐུགས་རེ་དང་བསྟོད་སྔག་ཅི་ཙམ་གནང་ཡོད་པ་བཤད་བཞིན་དུ་སྲིད་སྐྱོང་ཁོང་ཅི་ཡང་མི་འཇོན་མཁན་ཞིག་ཡིན་པར་བཤད་པ་ནི། བཤད་ས་བུ་མོར་བཤད་ཀྱང་གོ་རྒྱུ་མནའ་མས་གོ་དགོས་ཞེས་པའི་དཔེ་བཞིན་དུ་གྱུར་མི་འདུག་གམ།

  30. ལུང་རྟོགས། says:
    2015-07-13 at 12:04 pm

    ད་དུང་ལ་ལས་གོང་ས་མཆོག་གི་ཕེབས་རྗེས་སུ་སྲིད་སྐྱོར་ཕེབས་པ་འདི་འགྲིག་གི་མི་འདུག་ཟེར་བ་ནི་བསམ་བཞིག་ཅི་ཡང་མ་བྱས་པའི་པའི་སྐད་ཆ་རེད། གོང་ས་མཆོག་གང་དུ་ཕེབས་པའི་གནས་སུ་གོང་ས་མཆོག་དང་བོད་པ་ལ་དགའ་ཞེན་ཡོད་པའི་གནད་ཡོད་མི་སྣ་དང་། ཕྱི་རྒྱལ་ལ་ཡོད་པའི་བོད་མི་སོགས་ཀྱི་འདུ་འཛོམ་ཆེན་པོ་ཡོང་གི་ཡོད་པས་དེ་དག་ལ་འབྲེལ་བ་འཛིན་པའི་གོ་སྐབས་བཟང་པོ་ཞིག་རེད་ལ། ཕྱིའི་མི་ལ་འབྲེལ་བ་བཟོས་ནས་རྒྱབ་སྐྱོར་བཙལ་རྒྱུ་དང་རང་གི་མི་ལ་འབྲེལ་བ་བཟོས་གཞུང་དམངས་བར་གྱི་འབྲེལ་བ་ཇེ་བཟང་ལ་གཏོང་རྒྱུ་ནི་ལས་དོན་གལ་ཆེན་ཞིག་ཡིན་པ་ལས་དོན་མེད་ཞིག་ག་ལ་ཡིན།

  31. དྲི་མེད་ལྷག་བསམ། says:
    2015-07-13 at 12:04 pm

    མང་ཚོགས་ཀྱིས་འདམ་པའི་མི་ནི་མང་ཚོགས་ཀྱིས་ལྟ་སྐྱོང་འོག་ཏུ་ཚུད་པ་ཞིག་དགོས། འགན་ཁུར་མཁན་གྱི་མི་སེར་རྣམ་དཔྱོད་ལྡན་པ་ཞིག་ཡིན་ཚེ་རང་གི་དབུ་འཛིན་ལ་ཕྱོགས་གཅིག་ནས་གུས་བཀུར་དགོས་ལ། ཕྱོགས་གཅིག་ནས་སྐྱོནབརྗོད་ཀྱང་དགོས། མི་ཕལ་བ་ཞིག་སྐྱོན་མེད་ཀྱི་ལྷ་རུ་བཟོ་བ་ནི་དམངས་གཙོ་རྒུད་པའི་ལྟས་ངན་རེད། དམངས་གཙོའི་གཞུང་ཞིག་ཡིན་དུས་གཡོན་ཕྱོགས་ངོ་རྒོལ་རུ་ཁག་ཞིག་མེད་ཐབས་མེད། དེ་ཡོ་མེད་དྲངཔོའི་ལམ་ལ་ཁྲིད་མཁན་རེད། ངོ་རྒོལ་མེད་ན་དམངས་གཙོ་གཅིག་སྡུད་རིང་ལུགས་ཆགས་ནས་རུལ་འགྲོ། རྒྱུན་དུ་ངོ་སྟོད་བྱེད་པ་ནི་དོན་གྱིས་བསམ་བཞིན་གནོད་པ་བསྐྱལ་བ་ཁོ་ན་ཡིན། བོད་གཞུང་ལ་ངོ་སྟོད་མཁན་ལས་སྐྱོན་བརྗོད་མཁན་མེད་པ་འདི་ད་དུང་ལྷ་དབང་ལམ་ལུགས་དང་། དཔོན་ངན་མ་རྩ་རིང་ལུགས། བཀའ་བཀོད་བརྒྱུད་འཛིན་གྱི་དྲི་མ་འཐུག་པོ་ཞིག་ཡོད་པའི་རྟགས་ཡིན་སྲིད།

  32. ནུབ་ཕྱོགས་གངས་ཕྲུག says:
    2015-07-13 at 12:11 pm

    ད་ལྟ་བར་སྲིད་སྐྱོང་གི་འཇོན་བཞག་པ་གང་ཡང་ཡོད་མ་རེད། ད་ལྟའི་དེ་སྔ་ཟམ་གདོང་རིན་པོ་ཆེས་འཆར་འགོད་ཕྱག་ལས་དེ་ཚོ་རྒྱུན་འཁྱོངས་ཡ་རེད། མ་འོངས་ལ་ལྔ་འམ། བཅུ། བཅོ་ལྔ་དེ་ལས་མང་བའི་ལོ་དུས་ནང་གི་ཕྱག་ལས་ད་ལྟ་ནས་གྲ་འགྲིགས་དགོས་པ་རེད།
    འདི་ཚོད་ལྟའི་སྲིད་སྐྱོང་དང་བཀའ་ཤག འཆར་འགོད་ལྷན་ཁང་ལ་འགན་ཡོད་རེད།
    དེ་སྔ་ཟམ་གདོང་རིན་པོ་ཆེ་ཕྱི་རྒྱལ་ཕེབས་རྒྱུ་ཉུང་བའི་གྲུབ་འབྲས་ཉུང་བ་དང་། ད་ལྟའི་སྲིད་སྐྱོང་ཕྱི་རྒྱལ་ལ་ཕེབས་རྒྱུ་མང་བའི་གྲུབ་འབྲས་མང་བ་གང་ཡང་འཐོན་མ་སོང་། དེ་ལས་རྒྱ་བལ་ནང་བོད་མིའི་འཚོ་གནས་སྲ་བརྟན་གནས་ཐུབ་པ་གལ་ཆེ།

  33. ཁུ་བྱུག says:
    2015-07-13 at 12:43 pm

    ཤར་ཁ་ཏ་འདི་བ་དཀྲུག་རྒྱུར་ཧ་ཅང་དགའ་མཁན་ཞིག་རེད། དཔྱད་རྩོམ་ཡིན་ཟེར་ནས་ལུང་བའི་ཕུ་མདའ་དཀྲུག་རྒྱུ་དམིགས་འབེན་དུ་བཟུང་འདུག་ལ། མཆན་འདེབས་པོ་ལ་ལའང་དགའ་ཞིང་སྤྲོ་སྟེ། དཀྲུག་རྩོམ་འདི་ཅན་པོར་རེ་སྒུག་བྱས་ཡོད། སྤྱིར་ཁ་ཏའི་ཐན་སྐད་ལ་ཉན་རིན་མེད་ནའང་། དཀྲུག་རྩོམ་རིགས་བོད་སྐད་ནང་འབྲི་བཞིན་པའང་རང་གི་སྐད་ཡིག་དར་འཕེལ་ལ་འབྲེལ་སྟབས་དགའ་འོ། །སྤྲོའོ། །

  34. ནད་མེད་ཚེ་རིང་། says:
    2015-07-13 at 1:35 pm

    ཤར་ཕྱོགས་ཁུག་རྟའི་རྩོམ་ཡག་པོ་བྲིས་འདུག་པས་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན་གནས་ཚུལ་ཡག་སྡུག་གང་ཡིན་ཡང་མི་མང་ནས་ཤེས་དགོས་པ་ཧ་ཅང་གལ་ཆེ། དྲ་གྲོགས་ག་རེ་ནས་མང་ཚོགས་ལྐུགས་པ་ལྟ་བུ་ཅིའང་མི་ཤེས་མཁན་དང་གཞན་གྱི་ལབ་ཚད་འོག་ཏུ་འགྲོ་ཡི་ཡོད་པ་ཚོད་དཔག་བྱ་བཞིན་པ་དེ་ཧ་ཅང་ནོར་འཕྲུལ་ཡིན། ལེགས་ཉེས་གནས་ཚུལ་འཐེར་འདོན་བྱ་རྒྱུ་ནི་ཚང་མས་འགན་འཁུར་ཡིན་ན་ཁུག་རྟ་ལགས་ཁྱེད་ནས་མུ་མཐུད་བྱ་ར་གནང་ནས་རྩོམ་རེ་འདོན་གནང་ཞུ།

  35. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2015-07-13 at 1:53 pm

    དམངས་གཙོའི་སྤྱི་ཚོགས་སུ་མི་སུ་ཞིག་གིས་འཇོན་མ་སོང་ན་དེ་ལ་སྐྱོན་བརྗོད་བྱེད་དགོས་པ་དམངས་གཙོའི་སྟོབས་ཤུགས་མི་མང་གི་ཕྱོགས་སུ་ལེན་པའི་ཁྱད་ཆོས་གལ་ཆེན་ཞིག་རེད། སྐྱོན་བརྗོད་བྱེད་མི་ཆོག་པའི་སྲིད་འཛིན་ཞིག་བྱུང་ཉིན་ནས་སྤྱི་ཚོགས་དེའི་མདུན་ལམ་མུན་ནག་ཡིན་པ་གཏན་ཁེལ་རེད།

    དེའི་ཕྱིར། ད་ལྟའི་སྲིད་སྐྱོང་གི་ཕྱོགས་སུ་ལངས་མཁན་ཚོས་རྒྱུ་མཚན་དང་དཔེར་མཚོན་ཟུང་ཏུ་སྤྲེལ་ནས་ཁ་གཏད་ཀྱི་སྲིད་སྐྱོང་སྐོར་གྱི་དགག་སྒྲུབ་ཕྱིར་སློག་དགོས་པ་ལས། ཤར་ཁུག་ལྟ་བུའི་མི་སྒེར་བ་ཞིག་བ་ཞིག་ལ་སྐྱོན་བརྗོད་བྱེད་བཞིན་པ་ནི་འདྲེ་ཤར་དུ་གནས་པ་ལ་གླུད་ནུབ་སྒོར་གཏོང་བའི་དཔེ་རུ་སོང་མི་འདུག་གམ། དོན་ངོ་མར་བློ་སེང་གིས་ག་རེ་འཇོན་ཡོད་པ་རེད། གཅིག་གཅིག་གཉིས་གཉིས་བཤད་ཐུབ་མཁན་དེ་འདྲ་ཡོད་ན་ཐོན་ཤོག

  36. ནད་མེད་ཚེ་རིང་། says:
    2015-07-13 at 1:56 pm

    མང་གཙོ་ཚད་ལྡན་ཞིག་ཡོང་དགོས་ནས་བསམ་ཚུལ་འདྲ་མིན་ཡོང་ཆོག་པ་ཡིན། ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་མང་པོ་ཞིག་མི་མང་དཀྱུས་མས་མཁྱེན་ཐུབ་རེ་མེད་པས། ཤར་ཕྱོགས་ཁུག་རྟ་ལ་སོགས་པའི་བོད་ཀྱི་རྩ་དོན་ཐོག་ཐུགས་འཁུར་བཞེས་མཁན་ཤེས་ཡོན་དང་ལྷག་བསམ་ཅན་དག་ནས་ཉམས་ཞིབ་གནང་ནས་རྩོམ་རེ་འདོན་བཞིན་འདུག་པར་མངགས་བརྗོད་ཞུ་འོས་་ཡིན། ཁོང་གི་རྩོམ་འདི་ནང་བཀོད་པའི་གནས་ཚུལ་བདེན་པ་མིན་པར་བཤད་རྒྱུ་ཡོད་ན་དགག་ལན་གནང་རོགས། སྲིང་སྐྱོང་མཆོག་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ལས་ཧ་ཅང་མང་བ་ཕྱི་རྒྱལ་ཡུ་གྲུ་ཁག་ནང་ཕེབས་ཡོད་པས་་བོད་ཀྱི་རྩ་དོན་ཐད་དེ་སྔ་བྱུང་མ་མྱོང་བའི་དོན་དམ་རྒྱབ་སྐྱོར་ག་རེ་ཐོབ་ཡོད་དམ། ད་ལམ་ནིའུ་ཡོག་ཏུ་༧གོང་ས་མཆོག་ལྷན་་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཉིས་ཀ་བཅར་དགོས་དོན་གང་གཟིགས་སམ། མི་མང་དཀྱུས་མ་ཞིག་གི་ོས་ནས་བཤད་ན་ང་ཚོས་དཔྱ་ཁྲལ་ཆུ་ཟོད་དམ། ཡང་ན་སྲོད་སྐྱོང་མཆོག་ནས་ཕྱི་དྲིལ་བཀལ་བློན་ལ་གདེང་འཇོག་མེད་པར་མངོན།

  37. ལྷ་བྱ་འཕུར་མ། says:
    2015-07-13 at 5:57 pm

    ཤར་ཁུག་གིས་དམར་རྗེན་བྲིས་པ་བདེན་པ་རེད། ལོ་ལྔ་འགོར་གྱི་འདུགད་རུང་སྲིད་སྐྱོང་མཆོག་༧གོང་ས་མཆོག་གི་ཆིབས་ཞབས་ནང་བཙན་གྱིས་འཛུལ་ནས་ཕྱག་ལས་ཤིག་བསྒྲུབས་ཀྱི་ཡོད་པ་རེད། ༧གོང་ས་མཆོག་གི་ཞལ་འཛུམ་བརྒྱུད་ནས་སྒྲུབ་པའི་ཁོང་གི་སྒྲུབ་སྟངས་སྒྲུབ་ལུགས་ཀྱི་སྲིད་བྱུས་ནོར་པ་རེད། དེ་ག་རེ་མཚོན་པ་རེད་ཟེར་ན། སྲིད་སྐྱོང་མཆོག་ལ་སྲིད་དོན་ལྟ་གྲུབ་གསལ་བོ་མེད་པ་མ་ཟད་། རང་ཉིད་ལ་འཇོན་ཐང་མེད་པའང་གསལ་སྟོན་ཐེངས་གཅིག་བྱས་པ་རེད།

    ཉིས་སྟོང་ལོ་ཙམ་ནས་༧གོང་ས་མཆོག་གིས་བོད་མིའི་མགོ་ཁྲིད་ཚོས་ཁོང་མེད་པ་ནང་བཞིན་བོད་མིའི་རྩ་དོན་ཐོག་ཧུར་བརྩོན་གནང་དགོས་པའི་བཀའ་སློབ་རིམ་པ་མང་པོ་གནང་ཡོད། དེ་ཙམ་ཡིན།

  38. ལུང་རྟོགས། says:
    2015-07-14 at 1:06 am

    མི་ལ་ལས་བོད་གཞུང་ལ་ངོ་བསྟོད་མཁན་ལས་སྐྱོན་བརྗོད་མཁན་མེད་པ་ལྟ་བུ་བཤད་པ་ནི་སྐད་ཆ་བདེན་པ་མ་རེད། ཁ་བརྡ་དྲ་བ་འདི་གཅིག་པུར་མཚོན་ན་ཡང་བོད་གཞུང་དང་དབུ་ཁྲིད་ཚོས་མ་འཇོན་མ་བྱས་རབས་ཀྱི་སྐྱོན་བརྗོད་གྲངས་མེད་གཅིག་བྱས་སོང་བ་ལས་ངོ་བསྟོད་བྱེད་མཁན་ཞིག་ཧ་ལམ་མཐོང་མྱོང་མེད། ཤར་ཁུག་སོགས་སྲིད་སྐྱོང་ལ་གཅིག་བཤད་སྡད་མཁན་ཚོས་རྟག་པར་སྲིད་སྐྱོང་གི་བོད་ཡིག་ཡག་པོ་མེད་རབས་དང་སྲིད་སྐྱོང་གོང་ས་མཆོག་གི་རྗེས་སུ་ཕེབས་ཀྱི་འདུག་ཟེར་བ་ནི། དེ་ལས་གཞན་པའི་སྲིད་སྐྱོང་ཀྱི་ཕྱག་ལས་གནང་ཕྱོགས་ལ་སྐྱོན་བརྗོད་བྱེད་རྒྱུ་ཅི་ཡང་མ་རྙེད་པ་རེད། དོན་ལ་སྲིད་སྐྱོང་གོང་ས་མཆོག་གི་ཕེབས་རྗེས་སུ་འགྲོ་བ་དེ་སྐྱོན་མིན་པ་ངས་གོང་དུ་བཤད་ཡོད་ལ། བོད་ཡིག་གི་ཐད་ནས་བཤད་ན་བཙན་བྱོལ་ནང་སྐྱེ་འཚར་བྱུང་བའི་མི་ཚང་མ་བོད་ཡིག་གི་གནས་ཚད་ཧ་ཅང་སྐྱོ་པོ་ཡིན་པ་ལས་སྲིད་སྐྱོང་གཅིག་པུའི་སྐྱོན་ཆ་ཞིག་མ་རེད་ལ། ལར་ནས་དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་མེད་ན་བོད་ཡིག་ཤེས་པ་ཙམ་གྱིས་དེང་དུས་སྤྱི་ཚོགས་ནང་མགོ་ཁྲིད་མི་ཐུབ་པ་ཧ་ཅང་གསལ་པོ་རེད།

  39. དྲ་འདྲེ། says:
    2015-07-14 at 5:50 am

    སྤྱིར་ང་དྲ་རྩོམ་དང་དྲ་མཆན་དེ་དག་ལ་ལྟ་རྒྱུ་དང་དཔྱད་རྒྱུ་ཁྱོན་ནས་མི་དགའ། ཡིན་ནའང་གོང་རྩོམ་བསམ་ཚུལ་དེའི་ཁ་བྱང་ལ་བརྟེན་ནས་ཟུར་བལྟས་ཤིག་བྱེད་སྐབས། ཟུར་ཟའི་ཚིག་འགྲོས་དང་རྩོམ་ཉམས་ལ་བལྟས་ནས་དགོད་ཁ་སློང་བའི་བྲོ་བ་ཞིག་བྱུང་། གཞན་ཞིབ་འཇུག་དང་དཔྱད་བརྗོད་ཀྱི་རིན་ཐང་ཡོད་མེད་ནི་ཅི་འཚལ།

  40. གཡུ་བྲག་པ། says:
    2015-07-15 at 8:11 am

    སྤྱིར་བཏང་ཤར་ཕྱོགས་ཁུག་རྟ་དང་སྲིད་སྐྱོང་གཉིས་བར་ལ་སྒེར་འཁོན་ཞིག་ཡོད་པ་བདེན་པ་རེད། ཡིན་ན་ཡང་འདིའི་ནང་མི་མང་པོ་ཞིག་གིས་བསམ་བློའི་ནང་ང་ཚོས་ནམ་ཡང་བོད་གཞུང་དང་སྲིད་སྐྱོང་སོགས་ལ་སྐྱོན་བརྗོད་མི་རུང་བར་ཁ་བཙུམ་ནས་འདུག་དགོས་རབས་བཤད་ཀྱིན་འདུག དེ་ནི་ནམ་ཡང་ནོར་བ་རེད། དེ་འདྲའི་གཞུང་དང་དཔོན་པོ་ཞིག་ཡིན་ན་དེ་ནི་རྒྱ་གཞུང་འདྲ་བོ་ཡིན་རྒྱུ་རེད། ཤར་ཁུགས་ཀྱིས་ཀུན་སློང་གང་ཡིན་མི་ཤེས་མོད། སྲིད་སྐྱོང་ལ་སྐྱོན་བརྗོད་གནང་བ་དེ་ངས་བསམ་ན་སྲིད་སྐྱོང་ལ་ཕན་འདུག་མ་གཏོགས་གནོད་ཀྱིན་མི་འདུག་བསམ་སོང་། གང་ཡིན་ཟེར་ན་རྟགས་པར་སྲིད་སྐྱོང་ལ་སྐྱོན་བརྗོད་དང་འགྲན་སློང་མཁན་དེ་འདྲ་ཡོད་ན་སྲིད་སྐྱོང་གིས་ཀྱང་རིག་པ་སྒྲིམ་ནས་ལས་དོན་ལ་འབད་འབུང་བྱས་ནས་འགྲན་ཡ་དེའི་མདུན་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་ཀི་རེད། དེ་མ་གཏོགས་ཁྱེད་ནི་ལེགས་སོ་བཟང་ངོ་།། དེ་དེ་བཞིན་ནོ་ཟེར་ནས་མི་དམངས་ཚང་མས་ཐལ་མོ་སྦྱར་ནས་བསྡད་ན་གང་འདྲ་ཞིག་ཆགས་ཡོང་ངམ། དམངས་གཙོའི་འཁོར་ཡུག་ནང་ག་རེ་ཡིན་ཡང་ཡོད་དགོས་པ་རེད་ལ། ཡོད་ཆོག་པ་ཞིག་ཀྱང་རེད། སྲིད་སྐྱོང་ཕ་ཡུལ་གཅིག་པ་རེ་འགས་སྔོན་མ་ཤར་ཁུག་གསོད་ཀྱི་ཡིན་གཏུབ་ཀྱི་ཡིན་ཟེར་བའི་འཇིགས་སྐུལ་བ་དེ་འདྲ་གོ་མྱོང་། ཨེ་བདེན་མི་ཤེས་མོད། གལ་ཏེ་བདེན་ན་དེ་དག་གི་ཀླད་པའི་ནང་ན་ཤེས་ཡོན་ཟེར་བ་ཞིག་དྲི་བྲོ་མ་མྱོང་བའི་རྟགས་ཟང་མར་བསྟན་པ་ལས་གཞན་ཅི།

  41. རིན་ཆེན says:
    2015-07-15 at 8:12 am

    སྲིད་སྐྱོང་གིས་འཇོན་སོང་ཟེར་ནས་གོ་མ་སོང་།སྲིད་སྐྱོང་ཕྱི་རྒྱལ་ཁག་ཏུ་མང་པོ་ཕེབས་བཞིན་པ་མཐོང་རྒྱུ་དང་ཐོས་རྒྱུ་གཉིས་ཀ་འདུག

  42. ཤར་ཕྱོགས་ཁུག་རྟ། says:
    2015-07-16 at 1:31 am

    རྣམ་པ་ལྷན་རྒྱས་ནས་དགོངས་ཚུལ་ཡག་པོ་ཞེ་དྲག་གསུངས་འདུག ང་ད་བར་ཡོང་ཁོམ་མ་ཡོང་ཐལ། སྐྱོན་བརྗོད་དང་བསྟོད་བསྔགས་བྱེད་མཁན་གཉིས་ཀས་བརྗོད་དོན་སྟེང་མཛུབ་མོ་བཙུགས་ནས་བཀའ་མོལ་གནང་ན་མ་གཏོགས། ངག་འཁྱལ་ཆགས་ནས་དམྱལ་བ་འགྲོ་བའི་རྒྱུ་ཆགས་གི་རེད་གདའ། ཧཧཧཧ

  43. བློ་བཟང་གཟོད་པ། says:
    2015-07-16 at 3:11 am

    ཤར་ཕྱོགས་ཁུག་རྟས་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་བོད་མིའི་སྒྲིག་འཛུགས་དང་། བོད་དོན་ཆེད་སེམས་ཁུར་དང་དུས་ཚོད་བཏང་བར་ཡི་རངས་ཞུ་རྒྱུ་ལས་མ་འདས།
    ངེད་ཅག་ཕལ་མོ་ཆེ་ཐག་རིང་ནས་ཁ་བཤད་ཆུ་ཡི་ལྦུ་བའི་རླབས་ཀློང་གཡོ་བཞིན་པས་དོན་དམ་གྱི་ལས་དོན་ཅི་ཞིག་ཡོད་དམ།

  44. ཤར་པ་ says:
    2015-07-16 at 5:57 am

    ཤར་ཁུག་གི་དམིགས་ཡུལ་ཞིག་དང། དེའི་རྒྱབ་ལ་བཟོ་ལྟ་བཟོ་མཁན་ཡོད་པར་ཐེམ་ཚོམ་མེད། ལྷག་པར་བོད་པའི་མཐོ་རིམ་དཔོན་རིགས་འགས་ཟུར་ཟས་སྐད་ཆ་མང་པོ་བཤད་ཡོད། བོད་རྒྱའི་འབྲེལ་ལམ་སྐོར་ལ་། དེ་ཚོ་འཛིན་བཀའ་ཤག་གིས་བྱེད་ཀྱི་ཡོད་ཙང་དྲི་བ་གཏང་མེད་སོགས་ཀྱིས་ཟུར་ཟ་མང་པོ་བྱེད་ཡོད། གང་ལྟར་སྐབས་འདིར་བློ་སེང་ལས་ལྷག་ཙམ་རག་ཡག་ལས་སླ་པོ་མེད། ད་དུང་ཡང་གོ་སྐབས་གཉིས་པ་ཞིག་ཁོང་ལ་བོད་མི་དམངས་ཀྱིས་འབུལ་ཐོབ་ན་ཡག་པོ་འདུག། གོང་གསལ་ཤར་ཁུག་རྒྱ་ཁྲག་དར་དམར་པོ་མགོ་ལ་གྱོན་མཁས་དེ་རེད། ཤར་ཁུག་གིས་མགོ་སྐོར་བསླུ་ཁྲིད་འོག། གླིང་ཚ་ལ་ཡང་རྐང་རྗེས་ལག་གསུབ་ཀྱི་རྒྱ་རོའི་ཁྲག་དར་མགོ་ཐོག་ལ་ཁུར་མྱོང་ཡོད། མི་ངན་འདི་བོད་མི་དཀྲུག་ཤིང་གི་ཏེ་པོ་ཏེད།

  45. ཤར་པ་ says:
    2015-07-16 at 5:59 am

    རྒྱ་རོའི་ཁྲག་དར་དམར་པོ་ཞེས་བཅོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme