Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་སེང་གིས་༧རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་ཀྱི་འདུག

Posted on 2020-12-092020-12-09 By ཁ་བརྡ 17 Comments on སྲིད་སྐྱོང་བློ་སེང་གིས་༧རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་ཀྱི་འདུག

ནམ་མཁའ།

གོང་གི་རྩོམ་བྱང་འདི་བཀོད་དེ་བྲིས་བའི་འོག་གི་བསམ་ཚུལ་དང་པོ་འདི་ནི། སྲིད་སྐྱོང་བློ་སེང་གིས་༧གོང་ས༧རྒྱལ་བ་རིན་པོ་ཆེ་ལ་སྲིད་ཕྱོགས་ནས་དབང་ཆ་མེད་པའི་རྣམ་པ་སྟོན་ཕྱིར་དུ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱི་མགོ་ལ་ཞྭ་མོ་ནག་པོ་གཡོག་སྟེ། ཨ་རིའི་དོན་གཅོད་ནས་གནས་དབྱུང་བཏང་དུས་བྲིས་པ་ཞིག་ཡིན་མོད། འོན་ཀྱང་དེ་རིང་བར་དུ་དྲ་ཐོག་ཏུ་མ་བཀོད་པར་བཞག་པ་ཡིན། དེ་ལྟར་འཇོག་དགོས་བའི་རྒྱུ་མཚན་ནི། བོད་ཆོལ་གསུམ་ཆིག་སྒྲིལ་ཞིག་བྱུང་ན་བསམ་པའི་རེ་བ་རྒྱབ་སྟེ་མ་བཀོད་པ་ཡིན། ཡིན་ན་ཡང་། ཁ་སང་དེ་རིང་ཡང་བསྐྱར་སྲིད་སྐྱོང་བློ་སེང་ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་ཕེབས་ཐུབ་པའི་ང་རྒྱལ་གྱིས་༧གོང་ས༧རྒྱལ་བ་རིན་པོ་ཆེ་ལ་མངོན་སུམ་དོད་པོས་ངོ་རྒོལ་དང་འབྲེལ་མཐོང་ཆུང་ལྟ་བུ་བྱས་སོང་པས། ངའི་སེམས་ནས་བཟོད་སྒོམ་བྱེད་ཐབས་བྲལ་པས་འདིར་བཀོད་པ་ཡིན་ལ། བསམ་ཚུལ་ཐུང་ངུ་འདི་ཀློག་མཁན་ཚོས་ཀྱང་དེ་ལྟར་བསམ་གཞིགས་བྱེད་ཐུབ་པའི་རེ་བ་ཡོད།

དང་པོ། བློ་སེང་དང་སྤེན་ཚེ་གཉིས་ཀྱི་སྲིད་སྐྱོང་གི་འོས་བསྡུ་མཇུག་སྒྲིལ་རྗེས། སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨ་རིའི་དོན་གཅོད་ལ་བསྐོ་བཞག་གནང་ཞིང་། ཚོགས་ཟུར་སྤེན་ཚེ་མཆོག་གིས་ཨ་རིའི་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པའི་སྐབས་དེར། ༧གོང་ས༧མཆོག་ཨ་རི་ལ་ཕེབས་ཞིང་། ཨ་རིའི་གྲོས་ཚོགས་གོང་འོག་གང་ཞིག་ཡིན་མིན་དེ་རིང་ཡིད་ངོགས་སུ་གསལ་བོ་མེད་ཀྱང་། ༧གོང་ས༧མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་དུ་སྲིད་སྐྱོང་བློ་སེང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་བཅས། སྐུ་འཁོར་གནད་ཡོད་ཡོངས་ཅོག་ཙེ་གཅིག་གི་མཐའ་སྐོར་ནས་བཞེས་ལགས་མཆོད་བཞིན་འདུག་པ་མཐོང་པས་ཡིད་སེམས་སྤྲོ་བ་ཞིག་རེད། མཛད་སྒོ་དེ་རྫོགས་མཚམས་སུ་༧གོང་ས༧མཆོག་གིས་ཚོགས་ཟུར་སྤེན་པ་ཚེ་རིང་བཙལ་ཏེ། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ལ་སྐུ་ངོ་སྤེན་པ་ཚེ་རིང་ངོ་སྤྲོད་བྱས་ནས། ང་ཚོའི་ཨ་རིའི་དོན་གཅོད་གསར་པ་ཁོ་རང་ཡིན་པས་ཁྱེད་ཚོས་ཁོ་ལ་རོགས་རམ་ག་རེ་གནང་དགོས་ན་རོགས་པ་བྱེད་རོགས་ཅེས་ངོ་སྤྲོད་གནང་སྟངས་ནི། ཕ་ཞིག་གིས་རང་གི་བུ་གནད་ཡོད་མི་ཞིག་ལ་ངོ་སྤྲོད་བྱེད་པ་དང་གཅིག་མཚུངས་སུ་མཐོང་པས། སྐབས་དེར་ང་རང་གི་སེམས་སུ་༧གོང་ས༧མཆོག་ཐུགས་དཀྱིལ་ནས་བོད་ཀྱི་བདེ་སྡུག་ནི་དུས་ཚོད་སྐར་ཆ་གཅིག་ལ་ཡང་བློས་གཏོང་བྱེད་མི་འདུག་སྙམ་སྟེ། ང་རང་ཉིད་ཀྱི་སེམས་གཏིང་ནས་སྨྲེངས་སུ་བཅུགས་སོང་།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་དོན་གཅོད་གནང་བའི་སྐབས་དེར། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་རྡ་རམ་ས་ལར་གདན་འདྲེན་ཞུས་ཏེ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ངོ་སྤྲོད་བྱས་ཤིང་། ཨ་རི་དང་ཁེ་ཎ་ཊ་བཞུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོ་ལ་འབྲེལ་བ་བྱས་ཏེ། སྐུ་ངོ་ཁོ་རང་སྐུ་དངོས་སུ་ཨ་རིའི་གྲོང་ཁྱེར་འདྲ་མིན་དང་ཁེ་ཎ་ཊ་སོགས་སུ་ཕེབས་ནས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་དང་༧གོང་ས༧མཆོག་གི་བཀའ་དགོངས་ཅི་བཞིན་འགྲེལ་བཤད་བྱས་ཡོད། ང་རང་ཉིད་ཀྱི་མཐོང་སྣང་ལ་དེའི་སྔོན་གྱི་ཨ་རིའི་དོན་གཅོད་ཚོས་ལས་དོན་དེ་འདྲ་སྒྲུབ་ཐུབ་མེད། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨ་རིའི་དོན་གཅོད་གནང་བའི་དུས་ཡུན་ཐུང་ངུ་དེའི་རིང་ལ། ཨ་རིའི་གནད་ཡོད་མི་སྣ་དང་བོད་རིགས་ཚོགས་པ་ཡོངས་ལ་ནུས་པ་ཆེན་པོ་ཞིག་ཐོན་དང་ཐོན་བཞིན་ཡོད་པའི་སྐབས་དེ་འདྲ་ཞིག་ལ།

སྲིད་སྐྱོང་བློ་སེང་དང་ཚོགས་ཟུར་གཉིས་ཀྱི་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་ཀྱི་ན་ཟུག་དེ། སྲིད་སྐྱོང་བློ་སེང་གི་སེམས་ནས་ཡལ་མེད་སྟབས་ཡང་བསྐྱར་ན་ཟུག་དེ་སློང་རྐྱེན་གོང་དུ་ཞུས་ཟིན་པའི་གནད་དོན་འགའ་སྟེ། ༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་སྐུ་ངོ་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་ལ་བསྐོ་བཞག་གནང་བ་ལ། སྲིད་སྐྱོང་བློ་སེང་ལ་འདོད་པ་མེད་པར་མ་ཟད། སྲིད་སྐྱོང་ཁོ་རང་ཡོད་སར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་སྐུ་ངོ་སྤེན་པ་ཚེ་རིང་ངོ་སྤྲོད་བྱས་པ་དེ་ཡང་སྲིད་སྐྱོང་བློ་སེང་གི་བློ་ལ་འགྲོ་མེད། ལྷག་པར་དུ་སྐུ་ངོ་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་གནང་ཡུན་རིང་ལ། ཨ་རིའི་གྲོས་ཚོགས་འཐུས་མི་འགའ་རྡ་སར་གདན་འདྲེན་ཞུས་པ་དང་། ཨ་རི་དང་ཁེ་ཎ་ཊ་ཡི་གྲོང་ཁྱེར་སོ་སོར་ཕེབས་ཏེ་བོད་རིགས་ཡོངས་ལ་འབྲེལ་གཏུགས་བྱས་པ་སོགས་སྐུ་ངོ་སྤེན་ཚེ་ཡི་འཇོན་ཐང་ལ་ཕྲག་དོག་སྐྱེས་ཏེ། སྲིད་སྐྱོང་བློ་སེང་གི་བློ་ལ་རྩ་བ་ནས་འགྲོ་གི་མེད་སྟབས། གོ་སྐབས་བཙལ་ཏེ་སྐུ་ངོ་སྤེན་པ་ཚེ་རིང་གི་མགོ་ལ་ཞྭ་མོ་ནག་པོ་གཡོགས་པ་རེད།

གང་ལྟར་ཡང་། ཡང་བསྐྱར་སྲིད་སྐྱོང་བློ་སེང་གི་སེམས་སུ་ན་ཟུག་སྐྱེས་ཞིང་། ལྷག་པར་དུ་སྲིད་སྐྱོང་གི་སེམས་སུ་སྦས་ཏེ་ཕྱི་ལ་བཏོན་མ་ཐུབ་པའི་སྲིད་ཕྱོགས་ཀྱི་དབང་ཆ་ཁོ་རང་གཅིག་པོ་ལས། ཐ་ན་༧གོང་ས༧རྒྱལ་བ་རིན་པོ་ཆེ་སོགས་གཞན་སུ་ལ་ཡང་མེད་པའི་རྣམ་པ་སྟོན་ཆེད། སྐུ་ངོ་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་ནས་གནས་དབྱུངས་བཏང་བ་རེད། སྲིད་སྐྱོང་བློ་སེང་གི་བྱེད་སྟངས་འདིས་གང་ཞིག་མཚོན་ཐུབ་ཟེར་ན། ༧གོང་ས༧རྒྱལ་བ་རིན་པོ་ཆེར་ཁྱེད་རང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་ལས། སྲིད་ཕྱོགས་ནས་སྐུ་ཚབ་དོན་གཅོད་བསྐོ་བཞག་སོགས་བྱེད་པའི་དབང་ཆ་མེད་པའི་རྣམ་པ་བསྟན་སྟེ། དོན་དངོས་སུ་༧གོང་ས༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་མིན་སྐུ་ངོ་སྤེན་པ་ཚེ་རིང་ཨ་རིའི་དོན་གཅོད་ནས་བརྗེ་བོ་རྒྱག་སྐབས། ཨ་རི་དང་ཁེ་ཎ་ཊ་ཡོ་རུབ་སོགས་སུ་སྲིད་སྐྱོང་ཕེབས་དུས། ས་གནས་གང་ས་ནས་བོད་རིགས་ཚོ་ཡར་ལངས་ཏེ་ངོ་རྒོལ་བྱེད་དགོས་དོན་མེད། བཙན་བྱོལ་བོད་མི་ཚོས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། ཨ་རི་དང་ཁེ་ཎ་ཊ་ཡོ་རུབ་སོགས་སུ་ཁོ་ལ་ངོ་རྒོལ་བྱེད་པའི་སྐབས། སྲིད་སྐྱོང་ཁོ་རང་བསམ་བཞིན་དུ་ངོ་རྒོལ་གང་དུ་བྱེད་སའི་ལུང་པ་དེར་སྒེར་ཐོག་ནས་འགྲོ་བསྐྱོད་བྱེད་ཀྱི་ཡོད།

གང་ལྟར་ཡང་། ཨ་རི་དང་ཡོ་རུབ་སོགས་སུ་སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ། སྲིད་སྐྱོང་བློ་སེང་ཕྱོགས་བསྐྱོད་བྱེད་བཞིན་པ་འདིས་གང་ཞིག་མཚོན་ཐུབ་བམ་ཟེར་ན། ༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་བྱས་ཏེ་བཙུགས་པའི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་དེ་གཏོར་བཤིགས་བྱེད་འདོད་ཡོད་པ་གསལ་བོར་མཚོན་ཐུབ། གལ་སྲིད་དེ་ལྟར་བསམ་བློ་བཏང་མེད་ཚེ། ཨ་རི་དང་ཁེ་ཎ་ཊ་ཡོ་རུབ་སོགས་སུ་ཕྱོགས་བསྐྱོད་བྱེད་དུས་བོད་མི་ཚོས་བསུ་བ་བྱེད་པའི་ཚབ་ལ་ཁོ་ལ་ངོ་རྒོལ་བྱེད་ཀྱི་འདུག་པས། བོད་ཆོལ་གསུམ་གྱི་ཆིག་སྒྲིལ་དེ་འཐོར་ས་རེད་སྙམ་ནས། ཁོ་རང་ཕྱོགས་བསྐྱོད་བྱེད་པ་འདི་མཚམས་འཇོག་བྱེད་དགོས་སྙམ་པའི་བསམ་བློ་འཁོར་དགོས་མོད། འོན་ཀྱང་ཁོ་རང་གིས་བསམ་བློ་དེ་ལྟར་གཏོང་བ་ལས། རྐང་བཙུགས་ནས་ནུབ་ཕྱོགས་ལུང་པར་ཕྱོགས་བསྐྱོད་བྱས་ཏེ། ཆོལ་གསུམ་ཆིག་སྒྲིལ་ལ་གཏོར་བཤིགས་གཏོང་དུ་འགྲོ་བར་མཚམས་འཇོག་བྱས་མེད་ལ། ཁོའི་ལས་རོགས་བཀའ་ཤག་ཁོག་སྟོང་ཅན་དེ་ཚོས་ཀྱང་ཁོ་ལ་ཚིག་གཅིག་བཤད་མེད།

གཉིས་པ། བོད་ཀྱི་གཏམ་དཔེ་ཞིག་གིས་སྣེ་དྲངས་ཏེ་བཤད་ན། མར་མེ་ཚར་ཁ་གསལ་ཟེར་བ་ལྟར། སྲིད་སྐྱོང་བློ་སེང་དང་ཨ་རིའི་དོན་གཅོད་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་པ་དེ་རེད། སྲིད་སྐྱོང་བློ་སེང་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཐུབ་པ་འདི་ལ། ཕྱོགས་གཅིག་ནས་བཤད་ན་བོད་མི་ཚོས་གཟི་བརྗིད་རེད་ཅེས་ལབ་ན་ཡང་མ་འགྲིག་པ་མེད་མོད། འོན་ཀྱང་འདི་ལ་ང་ཚོས་ཤེས་དགོས་བའི་རྒྱུ་རྐྱེན་གལ་ཆེན་གཅིག་ཡོད།

རྒྱུ་རྐྱེན་དེ་ནི། ཨ་རི་དང་རྒྱ་ནག་གཉིས་ཚོང་དམག་རྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གྲང་དམག་གི་དུས་ལ་སླེབས་ཤིང་། ཨ་རིའི་སྲིད་འཛིན་ཊོ་ནེལ་ཁྲོམ་གྱིས་དབུ་ཁྲིད་པའི་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་ལ་བསམ་བཞིན་དུ་ཁོང་ཁྲོ་ཅི་ལྟར་སློང་ཐབས་ལ་འབད་ཀྱི་ཡོད་ལ། རྒྱ་ནག་གིས་ཀྱང་ཨ་རི་ལ་དེ་ལྟར་བྱེད་ཀྱི་ཡོད། ཐ་ན་རྒྱ་ནག་ནས་ཁྱབ་པའི་ནད་ཡམས་དེ་ཡང་ཨ་རི་ནས་ཐོག་མར་བྱུང་ཚུལ་བཤད་དེ། རྒྱ་ནག་མི་དམངས་དང་འཛམ་གླིང་མི་དམངས་ལ་རྫུན་ས་གཞི་ལ་མི་ཤོངས་བ་བཤད་བཞིན་ཡོད། དེས་རྐྱེན་ཨ་རིའི་དཔོན་པོ་མཐོ་རིམས་མི་སྣ་ཆེད་མངགས་ཐེ་ཝན་ལ་ཕེབས་ཤིང་། ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་ཡོངས་གྲགས་བྱས་ཏེ། ཐེ་ཝན་ནི་ནམ་ཡང་རྒྱ་ནག་གི་འོག་ཏུ་བསྡད་མྱོང་མེད་ཅེས་བཤད་དེ་རྒྱ་ནག་ལ་ཁོང་ཁྲོ་སློང་ཅི་ཐུབ་བྱས་པ་ལྟར། བོད་ཀྱི་སྲིད་སྐྱོང་བློ་སེང་ཡང་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་པ་དེ་ཡང་རྒྱ་ནག་སྲིད་གཞུང་ལ་ཁོང་ཁྲོ་སློང་བྱེད་གཅིག་ཡིན་པར་སྙམ་བཞིན་ཡོད་། དེ་མིན་ཨ་རིའི་སྲིད་འཛིན་ཊོ་ནེལ་ཁྲོམ་གྱིས་ལོ་ངོ་བཞི་རྫོགས་ལ་ཉེ་བར་དུ། དམིགས་གསལ་ཨ་རིའི་བོད་དོན་སྐུ་ཚབ་ཡང་བསྐོ་བཞག་བྱས་མེད།

དེ་ལྟ་ན་ཡང་། སྲིད་སྐྱོང་བློ་སེང་ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་ཕེབས་རྗེས། ཁོས་མངོན་སུམ་དོད་པོས་ག་རེ་བཤད་ཀྱི་འདུག་ཟེར་ན། ལོ་ངོ་དྲུག་བཅུའི་རིང་བོད་ཀྱི་ཆབ་སྲིད་འགོ་ཁྲིད་ཞིག་ཕོ་བྲང་དཀར་པོའི་ནང་ཕེབས་པ་ཐེངས་དང་པོ་ཡིན་ཟེར་བ་མ་ཟད། ལྷག་པར་དུ་ཁོས་གསལ་བོ་བཟོ་དགོས་པ་ཞིག་ལ། ༧གོང་ས༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཀྱི་མིང་ཐོག་ནས། ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཡོད་པ་མ་རེད་ཅེས་འུར་གཏམ་གནམ་ལ་མི་ཤོངས་པ་བཤད་ཀྱི་འདུག སྲིད་སྐྱོང་བློ་སེང་གིས་བཤད་པའི་སྐད་ཆ་ཅི་ཞིག་གོ་ཐུབ་ཟེར་ན། ༧གོང་ས༧རྒྱལ་བ་རིན་པོ་ཆེ་ལ་སྲིད་སྐྱོང་ཁོ་རང་བཞིན་དུ་འཇོན་ཐང་དང་ནུས་པ་མེད་པའི་རྣམ་པ་གསལ་བོར་གོ་ཐུབ་ཀྱི་འདུག

དེ་ལྟར་ཡིན་ན། ལོ་རབས་བརྒྱད་བཅུའི་མཇུག་ཙམ་ནས་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་སྟེ། ཞིང་གཤེགས་དམ་པ་བྷོའུ་ཤུ་རྒན་པ་ལ་མཇལ་འཕྲད་གནང་དུས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་སུ་ཡིན་ནམ། སྐབས་དེར་ཁྱེད་རང་དང་ཁྱེད་ཀྱི་ལས་རོག་བཀའ་ཤག་ཁོག་སྟོང་ཅན་ཚོ་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཡིན་ནམ། ཡང་ན། རྒྱལ་བ་རིན་པོ་ཆེ་སྐབས་དེར་ཆོས་ཀྱི་དབུ་ཁྲིད་ཁོ་ནའི་མིང་ཐོག་ནས་ཕེབས་ཏེ། བྷོའུ་ཤུ་རྒན་པ་ལ་གསུང་ཆོས་གནང་བ་རེད་དམ་བོད་དོན་སྐོར་གསུངས་པ་རེད། དེ་བཞིན་དུ་ཁི་ལེན་ཊོན་དང་འཇོར་ཇི་བྷོའུ་ཤུ་གཉིས་ལ་མཇལ་འཕྲད་གནང་དུས་ཀྱང་། བོད་ཀྱི་ཆབ་སྲིད་དབུ་ཁྲིད་སུ་ཡིན་ནམ། ཨོ་བྷ་མ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་དུས། ཁྱེད་རང་སྲིད་སྐྱོང་ཡིན་མོད། འོན་ཀྱང་ཁྱེད་རང་གདན་འདྲེན་མ་ཞུས་པར་༧གོང་ས༧མཆོག་མཆོག་གདན་འདྲེན་ཞུས་ཡོད། སྐབས་དེར་ཨོ་བྷ་མས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཞིག་ཏུ་ངོས་འཛིན་གནང་སྟེ་གདན་འདྲེན་ཞུས་པ་རེད་དམ། ཆོས་ཀྱི་དབུ་ཁྲིད་ཁོ་ན་ངོས་འཛིན་བྱས་ཏེ་གདན་དྲངས་པ་རེད། དེ་དུས་༧གོང་ས༧མཆོག་གིས་བོད་ཀྱི་སྲིད་དོན་ཕྱོགས་ནས་བཀའ་སློབ་གནང་བ་རེད་དམ། ཨོ་བྷ་མ་ལ་གསུང་ཆོས་ལམ་རིམ་ཆེན་མོ་གནང་བ་རེད། གང་ལྟར་ཡང་། ཁྱེད་རང་གིས་བཤད་སྟངས་འདིས་གང་ཞིག་མཚོན་ཐུབ་བམ་ཟེར་ན། ༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་ཅི་ཡང་མ་འཇོན་ཤིང་ཅི་ཡང་མ་ནུས་པ་ཞིག ཁྱེད་རང་གཅིག་པོས་འཇོན་ཚུལ་དང་ནུས་ཚུལ་བཤད་ཀྱི་ཡོད་པ་མ་ཟད། སྐད་ཆ་འདིའི་ཤུགས་སུ་༧གོང་ས༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་དང་མཐོང་ཆུང་བྱེད་ཀྱི་ཡོད་པ་གསལ་བོར་ཤེས་ཐུབ་ཀྱི་འདུག་པས། བོད་ཀྱི་སྲིད་སྐྱོང་བློ་སེང་གིས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད་མཐོང་ཆུང་ཡང་བྱེད་ཀྱི་འདུག་ཟེར་གྱི་ཡོད།

གལ་སྲིད་ཁྱེད་རང་ལ་ལོ་ངོ་བཅུའི་རིང་བྱས་རྗེས་ཞིག་ཡོད་ན། བཙན་བྱོལ་སྤྱི་ཚོགས་ཀྱི་ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་དེ་སྲན་མ་བརྩིགས་ངོས་སུ་གཏོར་བ་ལྟར་བྱས་ཡོད་པ་དེ། ཁྱེད་དང་ཁྱེད་ཀྱི་ལས་རོགས་བཀའ་ཤག་ཁོག་སྟོང་ཅན་ཚོས་བྱས་རྗེས་སུ་བརྩིས་ཆོག་ལ། དེ་མིན་ཁྱེད་ཀྱིས་ལོ་ངོ་བཅུའི་རིང་དུས་ཚོད་བསྐྱལ་ཕྱིར། དུས་ཚོད་མང་པོ་འཕྲོ་བརླགས་བཏང་སྟེ་བཤད་པའི་ལྔ་དང་ལྔ་བཅུ་ཡི་འཆར་གཞི་དེ། དབྱིན་རྩོམ་གྲགས་ཅན་འཇམ་དབྱངས་ནོར་བུས་བཤད་པ་ལྟར། འཆར་གཞི་ཁོག་སྟོང་མང་པོ་སྒྲིགས་པ་དེ་ཡིན་སྲིད། བཙན་བྱོལ་བོད་མི་ཚོས་གང་གཟབ་བྱེད་དགོས་པ་ཞིག་ལ། སྲིད་སྐྱོང་བློ་སེང་དང་ཁོའི་ཕྱོགས་གཏོགས་པ་ཚོས། རྗེས་མ་མུ་མཐུད་ནས་བཙན་བྱོལ་སྤྱི་ཚོགས་ནང་མདའ་དཀྲུགས་ཕུ་དཀྲུགས་བྱེད་སྲིད་པས། ང་ཚོ་ཆ་ཚང་གིས་ད་ལྟ་ནས་གང་གཟབ་བྱེད་དགོས་པ་དེ་རེད།

8/12/2020ལ་ཡོ་རུབ་ནས་ནམ་མཁས་བྲིས།

བསམ་ཚུལ།

Post navigation

Previous Post: ཨ་མའི་མིག་ཆུ། བུ་མོའི་ན་ཟུག་ཡིན།
Next Post: རྗེ་ཙོང་ཁ་པ།

Comments (17) on “སྲིད་སྐྱོང་བློ་སེང་གིས་༧རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་ཀྱི་འདུག”

  1. དྲང་སྲོང་གཅེར་བུ says:
    2020-12-10 at 3:51 am

    ཡག་པོ་བྲིས་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2020-12-10 at 6:13 am

    དངོས་གནས་ནས་རྒྱུ་མཚན་ཁུངས་དང་བཅས་ཡག་པོ་བྲིས་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།

  3. སྲིན་པོ་རྫ་རྒན says:
    2020-12-10 at 6:13 am

    བདེན་པ་བྲིས་འདུག

  4. གཞུང་པ་ཚེ་དབང་བསོད་ནམས says:
    2020-12-10 at 8:01 pm

    ཧཧཧ་ ད་ཡང་༢༠༡༦ གི་སྲི་ངན་་་་་་་་་ཧཧཧ

  5. ཀརྡོ་རབ་འབྱམས་པ་ says:
    2020-12-11 at 2:07 am

    ཉི་སྟོང་བཅུ་དྲུག་ནས་སྲིད་ས་སྐྱོང་བློ་སེང་ནི།
    ་
    ཀྲོག་ཀྲོག་སྒམ་ཆུང་ཧམ་བཀད། །
    རྒན་གཞོན་གོ་རིམ་མེད་མཁན། །
    གྲོགས་པོ་བཀའ་བློན་སྐོས་མཁན། །
    སྤེན་ཚེ་དགྲ་རུ་རྩིས་མཁན། །
    སྲིད་སྐྱོང་ལས་ཀ་འཁྱུར་ནས། །
    ག་རེ་བྱེད་འོངས་ལྟ་ཆོག །
    ་
    ཀརྡོས།

  6. རིན་ཆེན་ནས། says:
    2020-12-12 at 12:13 am

    བློ་སེང་གིས་ཕོ་བྲང་དཀར་པོ་མགྲོན་གྱིས་ཕྱིན་རབས་བཤད་པ་རེད། དོན་གཅོད་དངོས་ཚེ་དང་མཉམ་དུ་ཁང་པ་ཞིག་ནང་དུ་པར་བརྒྱབ་པ་བཀྲམས་པ་རེད། དེ་དང་མཉམ་དུ་བློ་སེང་ཕོ་བྲང་དཀར་པོར་ཕྱིན་པ་མ་རེད། ཕོ་བྲང་དཀར་པོའི་ཟུར་གྱི་ཁང་ཆེན་ཏེ། Eisenhower Executive Office Building ནང་དུ་ཕྱིན་པ་རེད་ཅེས་འབྲེལ་ཡོད་མི་སྣས་དྲ་ལམ་དུ་གསལ་གསལ་ཐེང་ཐེང་བཤད་འདུག འབྲེལ་ཡོད་མི་སྣས་དོན་མེད་ལ་དེ་ལྟར་བྲིས་པ་ཞིག་གང་ནས་ཡིན། བློ་སེང་གིས་ཧམ་བཤད་ཐད་བདེན་གཏམ་བཤད་པ་རང་རེད། ད་དུང་ཁ་གསལ་དུ་བཏང་ན། ཕོ་བྲང་དཀར་པོའི་ནང་ལོག་གི་བར་འཁྱམ་གྱི་མདོག་དཀར་ནག་བསྲེས་པ་དེ་འདྲ་ཡོད་པ་མ་རེད་ཟེར། བློ་སེང་དང་དངོས་ཚེ་གཉིས་ནས་པར་རྒྱག་ས་ནི་ Eisenhower Executive Office Building རང་ཡིན་པ་དེ་རེད།

  7. རིན་ཆེན says:
    2020-12-12 at 9:10 am

    དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ།ཁ་ནས་རྒྱལ་བ་རིན་པོ་ལས་ལྷག་བཀའ་དྲིན་ཆེན་པོ་ཡོད་པ་མ་རེད་ཟེར་ཡང་།དོན་ངོ་མ་ལ་མགོ་ནས་བསྡད་དེ་འགོ་ཁྲིད་སྲིད་སྐྱོང་བློ་སེང་ལྟ་བུས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་དང་མཐོང་ཆུང་གི་གཏམ་བཤད་ཀྱང་ཡ་ལན་སློང་མཁན་མེད་པར་ཁུ་སིམ་མེ་འདུག་དོན་ཅི་རེད།

  8. ཨ་མའི་བུ། says:
    2020-12-12 at 9:58 am

    ཕོ་བྲང་དཀར་པོའི་ནང་གི་སྤྱིར་བཏང་གི་ལས་བྱེད་དང་ཕྱི་མི་ཡོང་ན་སྒུག་སྡོད་ས་ཁང་པ་ཞིག་གི་ནང་ཡིན་ས་རེད།

  9. ཅོ་རི་ཉི་མ། says:
    2020-12-12 at 12:47 pm

    ཀརྡོ་་་ཕོ་རྒོད་ཁྲོམ་ཕི་ལགས་ཡག་པོ་འདུག་གམ་་་་བོད་རྒྱ་དམག་གིས་བཙན་བཟུང་བྱས་པའི་ལུང་པ་རེད་ལབ་འདུག་གམ་་་་སྤྲང་ཕྲུག་རུལ་སུངས་ཨོ་བྷ་མ་ལས་ཚོང་དཔོན་ཁྲོམ་ཕི་ལགས་ཀྱི་ཡག་བ་འདུག་པེ་་ཧཧ

  10. འབྲོང་གི་བུ་བརྒྱུང། says:
    2020-12-12 at 9:42 pm

    བློ་བཟང་སེངྒེ་མི་ཧམ་པ་ཅན་རྫུན་མ་རེད། བཙན་བྱོལ་ བོད་པ་དུམ་བུ་གཉིས་བཏང་སོང་།

  11. ཀརྡོ་རབ་འབྱམས་པ་ says:
    2020-12-13 at 2:11 am

    ༢༠༡༡ ནས་ ༢༠༡༥ བར་གྱི་སྲིད་སྐྱོང་བློ་སེང་།
    ་
    ཧ་པར་སློབ་ཐོན་མི་བུ་ཞིག །
    སྲིད་སྐྱོང་ལངས་ནས་རྒྱལ་ཁ་ཐོབ། །
    ཁ་ནས་དམ་བཅའ་མང་པོ་བྱས། །
    བསྒྲུབས་པ་ལས་ཀྱང་མ་གྲུབ་མང་། །
    ་
    ཁས་བླངས་མ་གྲུབ་སྐྱོན་མེད་ཀྱང་། །
    བོད་སྐད་བོད་ཡིག་མ་ཤེས་མྱངས། །
    རྒན་གཞོན་གོ་་རིམ་མ་བྱས་སྐྱོན། །
    འོནད་ཀྱང་སྲིད་སྐྱོང་གང་ལེགས་གནང་། །

    ༢༠༡༦ ནས་ ༢༠༡༩།༢༠ བར་གྱི་སྲིད་སྐྱོང་བློ་སེང་།
    ་
    ཁམས་ངན་མང་པོ་རྒྱབ་རྩར་བཅོལ། །
    བུད་མེད་མང་པོར་མཐོང་ཆུང་བྱས། །
    སློབ་ཕྲུག་མང་པོའི་ཀླད་པ་འཁྲུས། །
    འགྲོ་སོང་ཚོད་མེད་གང་བྱུང་བཏང་། །

    མི་རྗེ་ཚོགས་ཟུར་དགྲ་རུ་འཛིན། །
    དོལ་རྒྱལ་རྟེན་མཁན་མཉམ་ཟས་བྱས། །
    རང་གི་དམ་བཅའ་ཏིང་བརྗེད་བཏང་། །
    ད་དུང་ཀྲོག་ཀྲོག་ཧམ་བཤད་བྱས། །
    ་
    ཀརྡོས།

  12. ཀརྡོ་རབ་འབྱམས་པ་ says:
    2020-12-13 at 4:06 pm

    ཨ་རི་བོད་དང་བོད་མིར་བཀའ་དྲིན་ཆེན་པོ་རེད། ཊོརོམ་གྱི་བོད་ལ་དགའ་ནས་རྒྱ་ནག་ལ་མ་དགའ་བ་བྱས་པ་མ་རེད། ཁོ་རང་ཨ་རིའི་དོན་དུ་མ་དགའ་བ་བྱས་པ་རེད། ཅོ་ཅོ་རིས་ཀྱིས་དེ་གཉིས་ཀྱི་དབྱེ་འབྱེད་བྱེད་ཤེས་པ་དགོས་རེད་དོ།།

  13. tashi dolkar says:
    2020-12-17 at 5:19 am

    སྲིད་སྐྱོང་དེ་བོད་མི་རིགས་ཀྱི་ཞབས་འདྲེན་རེད།དང་ཐོག་༢༠༡༦་ལོར་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་ལུགས་ཀྱི་མིང་མང་ལ་མགོ་སྐོར་བཏང་།འགྲོ་རན་ཁར་ཡང་ཕོ་བྲང་དཀར་པོ་ནང་ཕྱིན་ཡིན་ཞེས་མགོ་རྔ་མེད་པས་རྫུན་གྱི་ཞབས་འདྲེན་ཞུགས།་འདི་ཚང་མ་བོད་མི་རིགས་ཀྱི་ལས་དབང་རེད།མི་འདི་ལྟ་བུ་ཞིག་མགོ་འཁྲིད་ལ་འདེམས་ནས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུ་ཕར་བཞག།ཐ་ན་སྐོུ་རྒྱལ་ལོ་དོན་གྲུབ་ཡང་སེམས་ཤུགས་ཆགས་པ་དེ་ནས་སྐུ་ཚབ་གཞན་གཉིས་ཡང་སེམས་ཤུགས་ཆགས་ནས་དགོངས་པ་ཞུ་བ་རེད།།།

  14. ཐུབ་དབྱིག says:
    2020-12-17 at 2:06 pm

    བློ་བཟང་སེངྒེས་ཕོ་བྲང་དཀར་པོར་མགྲོན་འབོད་བྱས་ནས་སོང་བ་ཡིན་ཞེས་པ་དེ་ལ་དངོས་བདེན་ཐུང་ཙམ་ཞུས་ན། ཕོ་བྲང་དཀར་པོས་མགྲོན་འབོད་བྱས་པ་དང་རང་ཕྱོགས་ནས་ཐུག་འཕྲད་ཀྱི་གོ་སྐབས་འཚོལ་བ་གཉིས་ཐ་དད་ཡིན། ཕོ་བྲང་དཀར་པོར་གཞུང་འབྲེལ་མགྲོན་འབོད་བྱེད་པར་གནས་བབ་དང་ཆ་རྐྱེན་ཚང་དགོས་པ་མང་དག་ཡོད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་གནས་བབ་དང་ཨ་རིའི་གྲོས་ཚོགས་གོང་འོག་གི་དབུ་ཁྲིད། རྒྱལ་སྤྱིའི་ནང་མཚན་སྙན་ཡོད་པའི་སྐྱེ་བོ་བཅས་ལ་ཕོ་བྲང་དཀར་པོས་མགྲོན་འབོད་ཞུ་སྲོལ་ཡོད། རང་ཕྱོགས་ནས་ཕོ་བྲང་དཀར་པོའི་ལས་བྱེད་སོགས་ཐུག་འཕྲད་ཆེད་ཐབས་འཚོལ་བྱས་པ་རྣམས་མགྲོན་འབོད་བྱས་པ་གཏན་ནས་མིན། སྲིད་སྐྱོང་བློ་བཟང་སེངྒེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ཨ་རི་གཞུང་གིས་ངོས་འཛིན་གཏན་ནས་གནང་གི་མ་རེད། ཨ་རིའི་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་ནི་མིན། རྒྱལ་སྤྱིའི་ནང་མཚན་སྙན་ཡོད་པའི་དབུ་ཁྲིད་ནི་མིན། དེས་ན་གནས་བབ་གང་གི་ཐོག་ཕོ་བྲང་དཀར་པོར་མགྲོན་འབོད་བྱུང་བ་རེད། ཕོ་བྲང་དཀར་པོར་འཛུལ་ཐུབ་རྒྱུར་ཐབས་ཤེས་དང་འབད་བརྩོན་ངེས་པར་བྱས་ཡོད་སྲིད། དེ་ནི་མགྲོན་འབོད་བྱས་པ་མིན། ༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་རིམ་པ་མཇལ་འཕྲད་ཆེད་ཆིབས་སྒྱུར་མཛད་སྐབས་འབྲེལ་ཡོད་དམིགས་བསལ་སྐུ་ཚབ་གཙོས་ལས་བྱེད་ཚོས་སྔོན་འགྲོའི་ལས་དོན་མང་དག་གནང་རྗེས་མགྲོན་བརྡ་འབྱོར་གྱི་ཡོད།

  15. ཚེ་བརྟན་འགྱུར་མེད། says:
    2020-12-17 at 6:56 pm

    བློ་བཟང་སེང་གེ་ཨ་རི་ནང་བསྡན་ནས་ལོ་མང་ཕྱིན་རེད། ཡིན་ཀྱང་ཁོ་རང་ཨ་རི་གཞུང་གི་ཕོ་བྲང་དཀར་པོ་སོགས་ནང་གདན་ཞུ་ཐོབ་ཡོད་ནའང་རེད་དེ་མིན་ཐབས་ཤེས་ཞུས་ནས་འགྲོ་ཐུབ་ཡོད་ན་རེད་གང་ལྟར་གདན་ཞུ་གནང་མཁན་ནམ་མཇལ་འཕྲད་གནང་མཁན་ནས་ཁོ་བ་བོད་མིའི་སྐུ་ཚབ་ཚོན་ཐུབ་མཁན་ཞིག་ལ་ངོ་ལེན་ནས་བྱུང་རེད། དེ་ང་ཚོར་རྒྱལ་ཁ་རེད་པ་ལས་ངོ་གནོང་དགོས་པ་ཞིག་མ་རེད། ཁྱེད་རྣམ་པ་འགའ་ཤས་ཀྱི་ཆ་སྨད་ཞུ་བ་ལས་རྒྱ་དམར་པོས་ཀྱང་སེམས་ཚབ་ངང་དོ་སྣང་ཆེན་པོ་བྱེད་ཀྱི་མིན་འདུག་གམ། རང་སྲོག་རང་གི་གཅད་ན་ག་རེ་ཟེར་རམ། སྙིང་རྗེ། ལྐུག་པ། ཞབས་འདྲེན་པ། རང་འཚོ་མ་ཟིན་མཁན་སོགས་ལབ་པ་ལས་བསྟོད་མངགས་ཞུ་མི་ཕལ་ཆེར་མི་ཡོང། ཐུགས་ཁག་མེད་སྤེན་ཚེ་ལགས་སུ་ཞན་པས་ཡིན། ད་དུང་ཡང་ཁོ་བར་སྲིད་སྐྱོང་རག་རེ་མིན་འདུག བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་རྒྱ་གར་དང་བལ་ཡུལ་ནས་བོད་མི་ཁྲི་ཞིག་ཨ་རི་སོགས་སུ་གཏོང་ཐབས་ཞུ་ཡི་ཡིན་ཅེས་གསུང་གི་འདུག ཚང་མས་དགའ་པོ་མི་བྱེད་དམ། བྱས་ཙང་ཚན་མས་འོས་བླུགས་རེ་འདུག་ག གཞིས་ཆགས་གཏན་ལྷིངས་ཡལ་འདུག ང་ནི་བཀའ་ཟུར་རྒྱལ་རི་སྒྲོལ་མ་ལགས་སམ་བཀའ་ཟུར་འབྲོང་ཆུང་ལགས་གང་རུང་ལ་འོས་ཞུས་ནས་བོད་མིའི་བདེན་མཐའ་སེལ་ཐབས་གཙོ་བོ་དམིགས་ཀྱི་ཡིན་ནོ།།

    བློ་སེང་ལོ་བཅུ་ཚར་ལ་ཉེ་འདུག ཡག་ནའང་ཚར་འགྲོ་ཡི་སྡུག་ནའང་ཚར་འགྲོ་ཡི། བླུ་བ་མེད་པ་དེ་ཁོ་བར་བོད་མི་མང་བས་འོས་ཐོབ་རེད། དེ་ལས་ད་རེས་ཀྱི་འོས་འདུ་ལ་ཐུགས་བཞེས་ཀྱི་སྤྱི་སྨན་བསམ་ཚུལ་གནང་ཤོག

  16. ཀརྡོ་རབ་འབྱམས་པ་ says:
    2020-12-18 at 2:54 am

    བོད་མི་སུ་ཞིག་གིས། ཕོ་བྲང་དཀར་པོར་འགྲོ་ཐུབ་ན། བོད་པེ་ཕན་ལས་གནོད་མི་སྲིད་ཀྱང་་་་་་་་

  17. ཀརྡོ་རབ་འབྱམས་པ་ says:
    2020-12-18 at 2:57 am

    ང་སྤེན་པ་ཚེ་རིང་ལགས་ལ། རྐྱབ་སྐྱོར་བྱེད་བགྱིད་ཡོད་གང་ཡིན་ཟེར་ན། ཁོང་གིས་དྷ་རམ་ས་ལར་ལས་བྱེད་བྱས་པའི་ཉམས་མྱོང་ཡོད་པ་ཙམ་མ་ཟད། ཨ་རི་སོགས་སུ་ཡང་ལས་ཀ་བྱས་ནས་འཇོན་པ་རྐྱང་རྐྱང་བྱུང་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme