Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུའི་མཇུག་སྡོམ།

Posted on 2013-07-142013-07-14 By ཁ་བརྡ་ 15 Comments on སྤྲུལ་སྐུའི་མཇུག་སྡོམ།

ཨོ་རྒྱན་ཉི་མ།

དེ་རིང་དམིགས་བསལ་གྱི་བསམ་བློ་ཞིག་འཁོར་སོང་། དགོན་པ་དང་། སྤྲུལ་སྐུའི་སྐོར་རེད། སྔོན་གྱི་དུས་སུ་སྤྲུལ་སྐུས་བོད་ལ་བྱས་རྗེས་བཞག་ཡོད་པ་དང་། ད་ལྟ་ཡང་སྐུ་བགྲེས་རྣམ་པས་འཇོག་བཞིན་པ་རེད། དེ་ཕྱིར་ཁོང་རྣམ་པའི་དྲིན་ལན་ནི་ང་ཚོས་དུས་ནམ་ཡང་གཞལ་མི་ཐུབ་པར་འདོད། ཡིན་ན་ཡང་ད་ནི་སྤྲུལ་སྐུ་ཞེས་པ་མང་དྲགས་པ་ཡིན་ནམ། ཡང་ན་ངོས་འཛིན་བྱེད་སྟངས་ནོར་སོང་བ་ཡིན། འདི་ཡིན་འདི་མིན་ཐག་ཆོད་ཅིག་དཀའ་མོད། ཡག་ཤོས་དེ་ངོས་འཛིན་བྱ་རྒྱུ་ཉུང་དུ་བཏང་ན་ལེགས་པར་སེམས། གང་ཡིན་ཞེ་ན་སྤྲུལ་སྐུ་ཞེས་པ་དེ་ལ་ཁྱད་ཆོས་དམིགས་བསལ་ཞིག་ཡོད་དགོས་རྒྱུ་ལ། དེང་སང་ཁྱད་ཆོས་ཡོད་པ་ཕར་ཞོག བསྟན་པ་རྨང་ནས་བཤིག་མཁན་གྱི་གཙོ་བོ་དེ་སྤྲུལ་སྐུ་དེ་ཚོ་རེད་འདུག དགོན་ཁྲིམས། ཆོས་ཁྲིམས་བཤིག་པར་མ་ཟད། གོང་གི་བླ་མ་ལ་ནི་དད་པ་མེད། འོག་གི་སེམས་ཅན་ལ་ནི་སྙིང་རྗེ་མེད། ད་དུང་སྤྱོད་ངན་ཡོད་ཚད་སྤྲུལ་སྐུས་བྱེད་ཀྱིན་པར་མ་ཟད། སྤྲུལ་སྐུ་ལ་རིན་ཐང་མེད་པར་ཆགས་བཞིན་པ་རེད། དེ་ཕྱིར་དགོན་པ་དང་། གདན་ས་གང་ཡིན་ཡང་དམིགས་བསལ་མེད་ན་ཐབས་ཆགས་པ། བསྟན་པ་དང་། མི་རིགས་ལ་བྱས་རྗེས་ཆེ་བ་འགའ་ཞིག་ལས། བླ་རྒན་ཞིག་གྲོངས་འགྲོ་དུས་ནས་དེའི་ཡང་སྲིད་འཚོལ་བའི་ལུགས་སྲོལ་དེ་མཚམས་བཞག་ན་མ་གཏོགས། རང་གཞན་གཉིས་ཀར་ཕན་ཐོགས་མེད་པར་མ་ཟད། ད་དུང་རེ་བ་ཡོད་ཚད་ཕྲུ་གུ་ཞིག་ལ་བཅོལ་ནས་མཐར་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་པ་རེད། དེ་བས་འདུལ་ཁྲིམས་དང་། སྔགས་ཀྱི་དམ་ཚིག་ལྡན་ཞིང་། ཐོས་པ་སློབ་གཉེར་གྱིས་རྒྱུད་ཕྱུག་ཅིང་། གོང་གི་བླ་མ་ལ་བཀུར་ཤེས་པ་དང་། འོག་གི་སྡེ་བ་མི་སེར་ལ་བྱམས་ཤེས་པའི་དགེ་བའི་བཤེས་གཉེན་དག་དགོན་པའི་བདག་པོ་ཉིད་དུ་དབང་བསྐུར་ཞིང་། ཡོད་ཚད་ཀྱིས་རེ་བ་དེ་ཉིད་ཁོང་རྣམ་པར་བཅོལ་ན་ལེགས་པར་སེམས།

ངས་ཕྱིའི་རྒྱལ་ཁབ་དང་། ནང་གི་དགོན་སྡེ་སོགས་སུ་ཡོད་པའི་སྤྲུལ་སྐུའི་མིང་འཛིན་པའི་ལོ་གཞོན་རྣམ་པར་ཞིབ་འཇུག་ཐེངས་མང་བྱས་པ་ཡིན་ཏེ། བསྟན་པ་ལ་ཕན་ཐོགས་པ་ཕར་ཞོག ཕལ་ཆེ་བ་ནི་འཇིག་རྟེན་མི་ཆོས་ཀྱི་ཡོན་ཏན་ཡ་རབས་སྤྱོད་བཟང་ཙམ་ཡང་མེད་པ་ཤ་སྟག་རེད། དེ་ཕྱིར་ངོས་འཛིན་བྱ་རྒྱུ་དེ་ཉུང་དུ་བཏང་ན། རྣམ་པ་ཚོའི་རེ་བ་སྟོང་ཟད་དུ་མི་འགྲོ་བ་དང་། བསྟན་པ་ཡུན་དུ་གནས་པ། བསྟན་དོན་རྒྱུད་ལ་འབྱོར་བ་སོགས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པར་མཐོང་། དཔེར་ན་གསེར་རྟ་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཞལ་གསུང་ལྟར་ན། ཁོང་གིས་སྐུ་ཚེ་ལ་སྤྲུལ་སྐུ་ངོས་འཛིན་མི་བྱེད་པ་དེ་དམ་བཅའ་ཡིན་གསུངས་པར་མ་ཟད། ཁོང་གི་ཡང་སྲིད་ཡིན་ཟེར་མཁན་ཞེས་བསླེབས་སོང་ན་དེ་ནི་བདུད་ཀྱིས་སྤྲུལ་བ་ཡིན་ཞེས་གསུངས་པ་རེད། དེ་ཙམ་དུ་མ་ཟད་སྤྲུལ་སྐུ་རེད་ཟེར་དུས་འདི་ཚོས་ཡག་པོ་བྱེད་ཀྱི་མ་རེད་ཅེས། ག་དུས་ཡིན་ན་ཡང་སྤྲུལ་སྐུ་ཚོར་བཀའ་བཀྱོན་གནང་བ་དང་། སྤྲུལ་སྐུའི་མ་འཇོན་པ་རྐྱང་རྐྱང་གསུང་འདུག་པ་ཁོ་བོས་དངོས་སུ་ཐོས་མྱོང་། དེ་དུས་དམིགས་བསལ་གྱི་དོ་སྣང་ཆེན་པོ་ཞིག་མ་བྱུང་རུང་། ད་ལྟ་ཕྱིར་བལྟས་བྱེད་དུས་ངོ་མ་སངས་རྒྱས་ཀྱི་གསུང་རང་རེད། སྐུ་ཚེ་སྨད་ལ་ཁོང་གིས་གསུང་དོན་ངས་སྤྲུལ་སྐུ་ཚོ་ལ་ཅུང་ཟད་ཕན་ཐོགས་པར་རེ་ནས་བཀའ་བཀྱོན་རྐྱང་རྐྱང་ལས་བྱས་མེད་ཀྱང་། ཕན་ཐོགས་ཤིག་མི་འདུག གྲུབ་དབང་པདྨ་ནོར་བུས་སྤྲུལ་སྐུ་ལ་རྩ་ཆེན་པོ་གནང་བ་བཞིན། ངས་ཀྱང་དེ་རིང་ནས་བཀའ་བཀྱོན་གཏོང་གི་མིན། ཁྱོད་ཚོ་ལ་བསྟོད་པ་ཞིག་བརྒྱབ་ནས་ཕན་ཐོགས་ཡོད་མེད་ལྟ་རྒྱུ་ཡིན་ཞེས་ཀྱང་གསུངས་སོང་།

མཁན་པོ་དང་། དགེ་བཤེས། སྤྲུལ་སྐུ་ཞེས་པ་དེ་ངོས་འཛིན་ཡོད་མེད་དང་། ཁྲི་འདོན་བྱེད་མིན་ལ་མ་ལྟོས་པར་དང་པོ་ནས་སྡོམ་དང་། དམ་ཚིག་ལ་སྐྱོན་མེད་པ་ཞིག་དང་། སླད་ནས་ཕུལ་བྱུང་གི་སློབ་གཉེར་ལ་བརྟེན་ནས་བསྟན་པར་སྨན་པའི་བྱ་བ་རླབས་ཆེན་སུས་བྱས་པ་ཡིན་ན། དེ་ལ་མཁན་པོ་དང་། དགེ་བཤེས། སྤྲུལ་སྐུ་ཞེས་འབོད་ན་འགྲིགས་པར་སེམས། དེ་མིན་ཕྲུ་གུ་དམར་འབྱར་ཞིག་ལ་སྐྱབས་སུ་བཟུང་འདུག་ན། ལམ་འགྲོ་བྱུང་ན་དེང་སང་ང་ཚོའི་སྐྱབས་མགོན་དང་། སྐྱབས་རྗེ་སྐུ་བགྲེས་རྣམ་པ་རྣམས་ནང་བཞིན་རེད། ལམ་འགྲོ་མ་རྒྱུགས་ན། རྒྱ་བོད་ཧོར་གསུམ། འཛམ་གླིང་ཤར་ནུབ་ཀུན་ནས་བཟའ་ཚང་གི་བར་དུ་འཛུལ། བཟའ་དཀྲུག་ཕུད། གཞང་ཁང་དང་། ཆང་ཁང་། རྒྱན་ཁང་སོགས་གང་ངན་གང་རྡུགས་སར་རྒྱུགས་སྡོད་མཁན་འདི་དག་ནང་བཞིན་རེད། ཐེ་ཝན་དང་། སིང་གཱ་པུར། ཧོང་ཀོང་། ད་དུང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ཉིན་གུང་ཆོས་གོས་སེར་ཐ་རེ་གོན་བཞིན་དགེ་སློང་ཤཱ་རིའི་བུ་འདྲ་པོ་ཚོ། དགོང་མོ་ས་རུབ་པ་དང་། སྨད་འཚོང་མའི་ཁང་པར་རྒྱུགས་བསྡད་པའི་གནས་ཚུལ་རྒྱ་བོད་དབྱིན་གསུམ་གྱི་ངག་ནས་གོ་ཐོས་བྱུང་བས། ཚང་མས་གཟབ་གཟབ་གནང་དགོས་པར་སེམས། གལ་སྲིད་ཁྱེད་ཅག་རབ་བྱུང་གི་གྲལ་དུ་འདུག་འདོད་མེད་ན། རྟེན་བརྗེས་ཏེ། སྐྱ་སར་བབ་ཤོག་དང་། བསྟན་པ་ལ་རྨ་མི་འབྱིན་པར་མ་ཟད། མི་རིགས་དང་། ཆོས་ལུགས་ལ་ཡང་ཕན་ཐོགས་ཤིག་ཡོད་པར་སེམས་སོ།།

སྤྱི་ལོ་༢༠༡༢ ཟླ་བ་༦ ཚེས་༣ རྡ་རམ་ས་ལ་ནས་བྲིས་ཏེ་ཕུལ།

སྣ་ཚོགས།

Post navigation

Previous Post: དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽
Next Post: གདོན་འདྲེ་མི་ཡུལ་དུ་སླེབས་པའི་སྤྲུལ་རྫུན།

Comments (15) on “སྤྲུལ་སྐུའི་མཇུག་སྡོམ།”

  1. མ་ཧཱ་སིདྡྷི། says:
    2013-07-14 at 12:32 am

    རང་མགོ་རུལ་བ་སྣ་ཡིས་མ་ཚོར་ཞེས་པའི་དཔེ་རང་རེད། ཁྱེད་རང་ཡོང་ཁུངས་གང་ནས་ཡིན་པ་བསམ་གཞིག་ལེགས་པོར་གྱིས་ནས་ཤོག

  2. ཨོ་རྒྱན་ཉི་མ། says:
    2013-07-14 at 12:42 am

    དང་པོ་ངའི་སྐོར་གསུངས་རོགས

  3. ཀརྡོ་གཉེར་ཕྱག་པ་ says:
    2013-07-14 at 12:52 am

    ་་་་ ལམ་འགྲོ་མ་རྒྱུགས་ན། རྒྱ་བོད་ཧོར་གསུམ། འཛམ་གླིང་ཤར་ནུབ་ཀུན་ནས་བཟའ་ཚང་གི་བར་དུ་འཛུལ། བཟའ་དཀྲུག་ཕུད། གཞང་ཁང་དང་། ཆང་ཁང་། རྒྱན་ཁང་སོགས་གང་ངན་གང་རྡུགས་སར་རྒྱུགས་སྡོད་མཁན་འདི་དག་ནང་བཞིན་རེད། ཐེ་ཝན་དང་། སིང་གཱ་པུར། ཧོང་ཀོང་། ད་དུང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ཉིན་གུང་ཆོས་གོས་སེར་ཐ་རེ་གོན་བཞིན་དགེ་སློང་ཤཱ་རིའི་བུ་འདྲ་པོ་ཚོ། དགོང་མོ་ས་རུབ་པ་དང་། སྨད་འཚོང་མའི་ཁང་པར་རྒྱུགས་བསྡད་པའི་གནས་ཚུལ་རྒྱ་བོད་དབྱིན་གསུམ་གྱི་ངག་ནས་གོ་ཐོས་བྱུང་བས། ཚང་མས་གཟབ་གཟབ་གནང་དགོས་པར་སེམས། ་་་་

  4. བསམ་ཤེས། says:
    2013-07-14 at 1:58 am

    སྤྱི་ཚོགས་ཤིག་གི་མདུན་ལམ་ལ་བསམ་གཞིགས་བྱེད་སྐབས། ཕྱོགས་གང་ས་ནས་མཐོང་ཐུབ་པ་དང་། དཔྱད་པ་རྒྱ་ཆེར་མཛད་ནས། སྔོན་ལ་དཔྱད་པ་བྱེད་སྟངས་མཁས་པ། དེ་ནས་དཔྱོད་མཁན་གྱི་རྣམ་དཔྱོད་བཀྲ་བ། དེ་བཞིན་དཔྱད་ཡུལ་གྱི་ཁྱད་ཆོས་ཤེས་པ། ད་དུང་དཔྱད་ཡུལ་གྱི་ནུས་པ། དེའི་འབྲས་བུ་རྒྱ་ཆེན་པོར་བསམ་བློ་བཏང་། དེ་ནས་བསམ་གཞིགས་ཞིབ་པར་བྱས་ན། འབྲས་བུ་ཡོད། 

    དེ་མིན་ཡོད་དང་མེད། ལེགས་དང་སྡུག དཀར་པོ་དང་ནག་པོ། ཤར་དང་ནུབ་ལྟ་བུའི་ལྡོག་པ་གཉིས་ཀྱི་མཐའ་ནས་མ་ཐར་བར་བསམ་བློ་སྒོར་སྒོར་ཞིག་འཁྱེར་ཡོང་ནས་ དངོས་ཡོད་གྲུ་བཞིའི་ནང་ལ་འཇུག་ཨེ་ཐུབ་བལྟས་ན་ཆ་ཚང་བའི་བསམ་གཞིགས་ཤིག་མ་རེད་པས།

    དང་པོ་སྤྲུལ་སྐུའི་དགོས་པ་དེ་ལ་དགོངས་བཞེས་ནན་པོ་ཞིག་གནང་དང་། ལོ་རྒྱུས་ཞིབ་པར་སྦྱོང་དགོས།
    དེ་ནས་སྤྲུལ་སྐུའི་ནུས་པ་དེ་ལ་བསམ་གཞིགས་ནན་པོ་ཞིག་གནང་དང་། ལོ་རྒྱུས་དང་གཞུང་ལ་སློབ་སྦྱོང་བྱེད་དགོས།
    དེ་ནས་ད་བར་སྤྲུལ་སྐུ་དང་འབྲེལ་བ་ཡོད་པའི་ཕན་ནུས་ཅན་གྱི་ལས་དེ་དག་ལ་བསམ་བློ་ཐོངས་དང་། ལོ་རྒྱུས་དང་། ཆོས་འབྱུང་། ཆབ་སྲིད་དང་དཔལ་འབྱོར་ལ་སོགས་ལ་སློབ་དགོས།

    དེ་ནས་སྤྲུལ་སྐུ་དང་འབྲེལ་བ་ཡོད་པའི་སྐྱོན་ཅན་གྱི་ལས་དེ་དག་ལ་བསམ་གཞིགས་གྱིས་དང་། དེ་ལ་ཞིབ་འཇུག་དང་དབྱེ་ཞིབ་སོགས་ཀྱི་མཁྱེན་རྒྱ་དགོས།

    དེ་ནས་སྤྲུལ་སྐུའི་ལམ་ལུགས་མེད་ན་མ་འོངས་པ་ན་འབྲས་བུ་གང་ཡོང་བསམ་གཞིགས་གྱིས་དང་། དེ་ལ་ཚན་རིག་ཀྱི་སྤྱི་ཚོགས་རིག་པ་དང་། སྲིད་དཔལ་ལ་སོགས་ཀྱི་མཁྱེན་རྒྱ་དགོས།

    དེ་ནས་སྤྲུལ་སྐུའི་ལམ་ལུགས་ཡོད་ན་མ་འོངས་པ་ན་འབྲས་བུ་གང་ཡོང་སྲིད་པར་སོམས་དང་། གོང་དང་མཚུངས།

    བོད་པའི་གཏམ་དཔེར། ཡན་ག་མཛེར་ཅན་གཅིག་གིས། ཤིང་བཟང་རྩ་བ་མ་འདྲུད། རྐང་འདྲེན་ཞར་བ་གཅིག་གིས། བང་ཆེན་ལམ་འགྲོ་མ་བཀག་ཟེར་བ་ལྟར། བྱ་བ་གང་ཡིན་རུང་དེའི་ནང་ལ་ཆ་མ་མཐུན་པ་རེ་གཉིས་ཡོང་བ་ནི་ཆོས་ཉིད་རེད། དེ་ཁས་ལེན་མ་ཐུབ་ན། ཆོས་དང་རྩ་བ་ནས་འགལ་བ་མ་རེད་པས། ནང་པའི་ཆོས་པ་འགས་ཤ་བཟའ་གི་འདུག བྱས་ཙང་ནང་པའི་ཆོས་དེ་རྩ་མེད་གཏོང་ཟེར་བ་དང་། བོད་པའི་སྤྲུལ་སྐུ་འགས་སྤྱོད་ངན་བྱེད་པས་ན་སྤྲུལ་སྐུའི་ལམ་ལུགས་རྩ་མེད་གཏོང་ཟེར་བ་འདྲ་བོ་མིན་འདུག་གམ།

    མཐའ་ན་སངས་རྒྱས་ཀྱི་ཆོས་ནང་ལ་ཡང་སྐབས་རེ་འགལ་བ་རེ་གཉིས་ཡོད་པས། འདི་ལ་དགོངས་ནས་སངས་རྒྱས་ཀྱི་ཆོས་དེ་ཁུངས་མེད་རེད་ཟེར་ན་ཨེ་འགྲིགས། དེ་བཞིན་སྤྲུལ་སྐུ་རེ་གཉིས་ཀྱི་སྤྱོད་ལམ་ལ་བརྟེན་ནས་སྤྲུལ་སྐུའི་ལམ་ལུགས་ཡོངས་ནག་པོར་མཐོང་བ་འདི་མིག་རྒྱང་ཐུང་ཐུང་མ་རེད་པས། 

    དཔྱད་པ་དང་རིགས་པར་བརྟེན་པ་དང་། དེ་ཡང་དཔྱད་རིགས་ཀྱི་སྒོ་དཀྱེལ་ཡངས་བ། མཐའ་གཉིས་ལ་ལྷུང་བ་མ་ཡིན་པ། ལུང་རིགས་ཀྱིས་ཁུངས་འཁྱོལ་བ། ཚད་མའི་ངེས་ཤེས་ཡོད་པ། དེ་བཞིན་ཕྱི་ནང་གི་འགལ་འདུ་ལས་འགྲོལ་བ་དང་། དུས་དང་ཆོས་ཉིད་ཀྱི་དངོས་ཡོད་དང་དགོས་མཁོ་ལས་མི་འགལ་བ་ཡིན་དགོས་སྙམ། 

    བྱས་ཙང་དྲ་གྲོགས་ཨུ་རྒྱན་ཉི་མ་མཆོག་ནས་བསམ་བློ་ད་དུང་ཞིབ་པར་གཏོང་དགོས་ལ། བློ་རྒྱ་ཆེ་བར་གཏོང་དགོས་སོ། གཙོ་བོ་ཉིད་ནས་སྔོན་ལ་ཁྱོན་ཡོངས་ཀྱི་ཞིབ་འཇུག་ལེགས་པོ་ཞིག་དགོས་ཀྱི་འདུག བསམ་པ་དང་བྲིས། སྐོམ་པ་དང་བཏུང་། འདོད་པ་དང་ལས་པ་ལྟ་བུ་མིན་པར། དེ་དག་གི་བར་ལ་སྟོང་ཆ་ཞིག་འཇོག་ནས་སྔོན་ལ་དཔྱད་པ་ཞིག་གནང་དང་། 

  5. མེ་ཏོག་དཀར་པོ says:
    2013-07-14 at 2:18 am

    ཨོ་རྒྱན་ཉི་མ་ཁྱོད་ཀྱིས་དང་པོ་རང་ཉིད་སྤྲུལ་སྐུའི་མིང་མི་འཆང་རྒྱུའི་ཁྱབ་བསྒྲགས་ཚད་ལྡན་ཞིག་བྱོས། དེ་རྗེས་བསམ་བློ་གཏོང་ཆོག

  6. ཨོ་རྒྱན་ཉི་མ། says:
    2013-07-14 at 11:39 am

    ངས་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་ཉུང་དུ་གཏོང་བ་དང་། དེང་སང་ང་ཆེན་པོ་ཅན་གྱི་སྤྲུལ་སྐུ་དེ་ཚོ་ལ་གཟོབ་ཟེར་བ་ལས། སྤྲུལ་སྐུ་རྩ་བ་ནས་མི་དགོས་ཞེས་བཤད་མེད་ལོ།

  7. མེ་ཏོག་དཀར་པོ says:
    2013-07-14 at 11:52 am

    ཁྱོད་ཀྱིས་སྤྲུལ་སྐུ་རྩ་བ་ནས་མི་དགོས་བཤད་འདུག་ཅེས་ལབ་མེད་ལོ

  8. དབང་འདུས། says:
    2013-07-14 at 11:53 am

    སྤྲུལ་སྐུའི་ལམ་ལུགས་བོད་མིའི་ཆོས་སྲིད་གཉིས་ཆར་མི་ཕན་པ་མ་ཟད། མཐར་ཐུག་བོད་མི་ཕོང་ལ་སྤྱོར་བའི་རྒྱུ་གཙོ་བོ་དེ་རེད། དེང་སང་རྒྱ་མི་རིགས་ཀྱི་བཀའ་དྲིན་ལས་ཁོང་ཚོ་མགོ་མཐོན་པོ་བཟོ་བཞིན་པ་རེད། ཡིན་ནའང་སྤྲུལ་སྐུ་སྐུ་བགྲེས་དང་ཆོས་འཇིག་རྟེན་གཉིས་ཀྱི་ཡོན་ཏན་ཡོད་པ་རྣམས་རྫོགས་བཞིན་པ་རེད། ད་སྐབས་སྐུ་འཚོ་བཞིན་བཞུགས་པའི་སྤྲུལ་སྐུའི་མིང་ཅན་སྤྱི་ཚོགས་ནང་དུ་མཐོང་ཡོད་པ་ཚོས་སྤྲུལ་སྐུ་ཆུང་ཆུང་དེ་ཚོ་ལ་རྩ་ཆེན་དང་མཐོང་ཆེན་མི་གནང་བར་བཏང་སྙོམས་སུ་འཇོག་རྒྱུ་ཧ་ཅང་གལ་ཆེན་འདུག ང་ཚོའི་སྤྱི་ཚོགས་ནི་རྨོངས་དད་དང་གྲགས་པའི་རྗེས་སུ་འབྲངས་རྒྱུར་ཧ་ཅང་དགའ་བོ་རེད། ལུང་རྟོགས་ཀྱི་ཡོན་ཏན་ཕར་ཞོག་མཐའ་ན་ཡི་གེ་སྦྱོར་ཀློག་ཙམ་ཡང་མི་ཤེས་པའི་བྱིས་པ་ཚོར་སྐྱབས་སུ་རེ་བཞིན་པ་འདི་མཐོང་ན་དངོས་ནས་ངུ་བགད་འཆོར་བའི་གནས་རེད། རྒྱ་མིའི་སྲིད་དང་འབྲེལ་བའི་སྒོ་ནས་འཆར་འགོད་ཅིག་བྱས་ན་ལམ་ཁ་འདིས་ང་ཚོ་གཏན་ནས་ལང་རྒྱུ་མེད་པ་བཟོ་ངེས་པ་རེད། ཡོན་ཏན་ཅན་དང་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་ཤོག

  9. རེབ་ཐོག་མདའ says:
    2013-07-15 at 12:21 am

    གཞན་ལ་བལྟ་བའི་མིག་ལྡན་ཡིན། རང་ཉིད་བལྟ་བའི་མེ་ལོང་ཞིག་ཡོད་ན་ལེགས་སྙམ། དེང་སང་གཞན་སྐྱོན་གླེང་མཁན་དང་རང་སྐྱོན་སྦས་མཁན་དྲ་ཐོག་ན་ཇེ་མང་རེད།་ལྷག་པར་དུ་གྲྭ་བ་དང་སྤྲུལ་སྐུ་སྨྱུག་ཐོགས་པའི་སྡེ་ན། སྤྱི་ཚོགས་གཅིག་གིས་ནང་དུ་དགེ་སྐྱོན་གཉིས་ཀ་དགོས་པར་འདོད། བཟང་ངན་གཉིས་མ་འཛོམས་ན་སྤྱི་ཚོགས་ཡར་རྒྱས་ཡོད་པ་མ་རེད།

  10. ཨོ་རྒྱན་རིག་འཛིན། says:
    2013-07-15 at 9:23 am

    སྤྲུལ་སྐུ་མི་དགོས་ག་བ་ལབ་ཀྱི་རེད་སྤྲུལ་སྐུ་ངོས་འཛིན་བྱེད་ཡ་ཉུང་དུ་གཏོང་དགོས་ལབ་འདུག་བ།
    དེ་ཁོ་རང་གི་ཕྱོགས་གཏོགས་དམ་ཤོར་སྡོམ་ཤོར་འགའ་ཞིག་དགོས་ཟེར་གྱི་ཡོད་རེད། དམ་ལྡན་འདུལ་
    འཛིན་པ་སླེབ་ཡོང་ན་དམ་ཉམས་ཨོ་ཉིའི་རིགས་ཀྱི་དཀོར་ཟས་འགག་འགྲོ་ཡི་ཡོད་རེད། དེ་ཡིན་
    དུས་བློ་འཚབས་སྐྱེས་འདུག་བ།

  11. དཔྱི་འཇིགས་མེད་དཔལ་ལྡན། says:
    2013-07-16 at 7:06 am

    སྤྲུལ་སྐུ་ག་ཚོད་ཡོད་ན་ཡག་པོ་འདུག འོན་ཀྱང་རྫུན་མ་གཅིག་ཀྱང་མེད་པར་ཤོག

  12. དཔྱི་འཇིགས་མེད་དཔལ་ལྡན། says:
    2013-07-16 at 9:53 am

    སྤྲུལ་སྐུ་ག་ཚོད་ཡོད་ན་ཡག་པོ་འདུག འོན་ཀྱང་རྫན་མ་དེ་ཚོ་ནམ་ཡིན་ན་མེད་པར་ཤོག རྫུན་མ་དེ་ཚོས་དངོས་མ་དག་གི་རིན་ཐང་ལྷུང་བཅུག་སོང་བ་མ་ཚད་ད་ཆ་སྤྲུལ་སྐུ་མི་དགོས་ཟེར་བ་འདི་འདྲ་ཆགས་ཡོད་རེད། སྤྲུལ་རྫུན་དེ་ཚོ་ནམ་ཡང་ངས་སྤྲུལ་སྐུའི་མཚན་མི་འདོགས་ཐག་ཆོད་ཡིན།

  13. Lobsang says:
    2013-07-16 at 12:37 pm

    ༈ གུས་པས་བསམ་ཚུལ་ཞུས་ན། སྟོན་པ་ཐུབ་པའི་དབང་པོའི་རྗེས་སུ་འཇུག་ཞིག་བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པའི་ཕྱག་ལས་གནང་མཁན་ཚང་མ། སྤྲུལ་སྐུ་དང་། དེ་མིན་སྤྲུལ་མིང་ཡོད་ན་ཡང་སྤྲུལ་སྐུ་མི་རྩིས་ན་བསམ་པ་བྱུང་།་

  14. དཔྱི་འཇིགས་མེད་དཔལ་ལྡན། says:
    2013-07-17 at 2:48 am

    གང་ལྟར་སྤྲུལ་སྐུ་ཟེར་བ་ངོས་འཛིན་གནང་དུས་ནས་བླ་མ་བསམ་གྱི་མི་ཁྱབ་པ་ཤིག་གིས་ངོས་འཛིན་རྒྱུ་གལ་ཆེ། སྤྱིར་ས་འཐོབ་སེམས་པ་དག་རྣམ་པ་འདྲ་མིན་གྱི་སྒོ་ནས་སྤྲུལ་བ་ཕེབས་ཀྱི་ཡོད་པ་ལོ་རྒྱས་སོགས་ནས་གསུངས་པ་ལྟར་རེད། དེ་ལ་དག་སྣང་བྱེད་མི་ཐུབ་པའེི་སྐབས་འདིར་བསྟན་པ་སྤྱི་དང་བྱེ་བྲག་ལ་མཛད་རྗེ་བརླབས་ཆེན་ཡོད་པ་དག་ལས་མཁན་པོ་དང་། དགེ་བཤེས། སོགས་མིང་ཡོད་ཚད་ལ་སྤྲུལ་སྐུ་བཙལ་བསྡད་ན་བསྟན་པ་ལ་སྨད་པའི་རྒྱུ་ཉིད་དུ་མཐོང་ངོ་།། དེས་ན་འདི་དག་ལ་དག་ཐར་བྱས་ན་བླ་ཆེན་དག་གིས་ངོས་འཛིན་བྱས་པའི་ཡིག་ཆ་སོགས་བདེན་དཔང་མེད་པ་དག་དང་། དཔེར་ན་སྐྱེ་དུས་རྟགས་མཚན་ཁྱད་པར་བ་བྱུང་བ་རེད་ཟེར་བ་དང་། རྣམ་ཤེས་ཡག་པོ་ཤིག་ཡིན་ས་རེད་ཟེར་བ་སོགས་ཡོད་ཚད་སྤྲུལ་སྐུའི་གྲལ་དུ་འཚང་བཅུག་ཡ་ནམ་ཡང་ཡོད་པ་མ་རེད་སྙམ།ི

  15. དཔྱི་འཇིགས་མེད་དཔལ་ལྡན། says:
    2013-07-17 at 2:55 am

    གང་ལྟར་སྤྲུལ་སྐུ་ཟེར་བ་ངོས་འཛིན་གནང་དུས་ནས་བླ་མ་བསམ་གྱི་མི་ཁྱབ་པ་ཤིག་གིས་ངོས་འཛིན་རྒྱུ་གལ་ཆེ། སྤྱིར་ས་འཐོབ་སེམས་པ་དག་རྣམ་པ་འདྲ་མིན་གྱི་སྒོ་ནས་སྤྲུལ་བ་ཕེབས་ཀྱི་ཡོད་པ་ལོ་རྒྱས་སོགས་ནས་གསུངས་པ་ལྟར་རེད། དེ་ལ་དག་སྣང་བྱེད་མི་ཐུབ་པའེི་སྐབས་འདིར་བསྟན་པ་སྤྱི་དང་བྱེ་བྲག་ལ་མཛད་རྗེ་བརླབས་ཆེན་ཡོད་པ་དག་ལས་མཁན་པོ་དང་། དགེ་བཤེས་སོགས་མིང་ཡོད་ཚད་ལ་སྤྲུལ་སྐུ་བཙལ་བསྡད་ན་བསྟན་པ་ལ་སྨད་པའི་རྒྱུ་ཉིད་དུ་མཐོང་ངོ་།། དེས་ན་འདི་དག་ལ་དག་ཐར་བྱས་ན་བླ་ཆེན་དག་གིས་ངོས་འཛིན་བྱས་པའི་ཡིག་ཆ་སོགས་བདེན་དཔང་མེད་པ་དག་དང་། དཔེར་ན་སྐྱེ་དུས་རྟགས་མཚན་ཁྱད་པར་བ་བྱུང་བ་རེད་ཟེར་བ་དང་། རྣམ་ཤེས་ཡག་པོ་ཤིག་ཡིན་ས་རེད་ཟེར་བ་སོགས་ཡོད་ཚད་སྤྲུལ་སྐུའི་གྲལ་དུ་འཚང་བཅུག་ཡ་ནམ་ཡང་ཡོད་པ་མ་རེད་སྙམ་མོ།།ི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme