Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུ་བསོད་བྷའི་འདའ་ཁའི་ཞལ་ཆེམས།

Posted on 2012-01-212012-01-21 By ཁ་བརྡ་ 37 Comments on སྤྲུལ་སྐུ་བསོད་བྷའི་འདའ་ཁའི་ཞལ་ཆེམས།


སྒྲ་ཐག་ལས་ཡི་གེར་ཕབ་མཁན། མཁན་པོ་ངག་དབང་རྡོ་རྗེ།
གཡུ་ཞུན་དྲ་བ་ནས་བླངས།
བོད་མི་ས་ཡ་དྲུག་གི་གཙོས་རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་ལ། དེ་སྔ་འདས་སོང་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་གཙོས་རྒྱལ་ཕྱི་ནང་གི་དཔའ་བོ་དཔའ་མོ་ཐམས་ཅད་ཀྱིས། བོད་མི་ཡ་ས་དྲུག་གི་གཞིས་བྱེས་ལྷན་འཛོམས་ཀྱི་ཆེད་དང་། བོད་ཀྱི་བདེ་དོན་ཆེད་དུ་སྐུ་སྲོག་བཏང་བ་ཡིན་པས་ཁོང་རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག་ཏུ། བདག་ལྟ་བུར་མཚོན་ན་ད་ལྟ་ལོ་ན་བཞི་བཅུའི་ནང་དུ་སོན་ཡོད་མོད། ད་བར་དུ་དེ་ལྟ་བུའི་སྙིང་སྟོབས་མ་ཡོད་པར་ལྷག་བསྡད་པ་རེད། ཡིན་ན་ཡང་། བོད་ཀྱི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་བཅས་དར་སྤེལ་ཙམ་རེ་བྱས་པ་ཡིན།

ད་ལྟ་ནི་དུས་རབས་ཉེར་གཅིག་པ་ཡིན་ལ། ད་ལོ་ནི་སྐུ་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་མང་པོ་ཞིག་གཤེགས་སོང་བའི་ལོ་རེད། དེས་ན་ངས་ཁོང་རྣམ་པར་ལུས་ཤ་ཁྲག་གི་མཚོན་བྱེད་ཙམ་ལས། རང་གི་བྱས་རྗེས་དང་གཟི་བརྗིད་ཙམ་གྱི་ཆེད་མ་ཡིན་པར། སྙིང་ཐག་པ་ནས་སོར་བྱང་སྔགས་གསུམ་དང་། སྔགས་ཀྱི་ནང་ནས་སྔགས་ཀྱི་དམ་ཚིག་གི་གཙོ་བོ་རང་རང་གི་ལུས་དང་སྲོག་བཏང་སྟེ་འགྱོད་བཤགས་བྱེད་རྒྱུ་དེ་རེད། ཁྱད་པར་དུ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་མེད། མཐའ་མེད་པའི་སེམས་ཅན་དེ་དག་ནི་ཀླ་ཀློ་དང་དེ་ལྟ་བའི་ཆོས་མིན་གྱི་དབང་དུ་སོང་སྟེ། མི་དགེ་བའི་ལས་ཚབས་ཆེན་བསགས་བཞིན་ཡོད་པས། སྙིང་ཐག་པ་ནས་དེ་རྣམས་ཀྱི་ལས་སྒྲིབ་སྦྱང་ཕྱིར་དང་། གཞན་ཡང་ཤིག་དང་སྲོ་མང་ཡན་ཆོད་དབུགས་ལ་བརྟེན་ཚད་དེ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་མི་མྱོང་བར་མགོན་པོ་འོད་དཔག་མེད་པའི་སྐུ་དྲུང་དུ་སྐྱེས་ཏེ། རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ། རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན།
དེ་ནས་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་པའི་བླ་སྤྲུལ་ཡོངས་རྫོགས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཆེད་རང་གི་ལུས་དང་སྲོག་འདི་མཎྜལ་གྱི་ཚུལ་དུ་ཕུལ་བ་ཡིན། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམས།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས།། རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ།། བློ་ཡི་དམིགས་ནས་བླ་མ་དཀོན་མཆོག་གསུམ་ལ་འབུལ།། ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཨེ་དཾ་གུ་རུ་རདྣ་མཎྜ་ལ་ཁཾ་ནིརྱ་ཏ་ཡ་མི།
ད་ང་རང་གི་མི་སྒེར་གྱི་དབང་གིས་འདི་ལྟ་བུའི་ལས་བགྱིས་པ་མ་ཡིན་ལ། འདོད་དང་བསྙེན་བཀུར་གྱི་དབང་གིས་ཡང་འདི་ལྟ་བུ་བྱས་པ་མ་ཡིན། རང་གི་བསམ་པ་རྣམ་པར་དག་པའི་སྒོ་ནས་རང་གི་ཚེ་འདི་སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་ཡོངས་སུ་བཏང་བ་ལྟར་བཏང་བ་ཡིན། དེ་བཞིན་དུ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་དེ་བཞིན་སྲོག་བཏང་བ་ཡིན་མོད། ལག་ལེན་གྱི་ཐོག་ནས་ཞེ་སྡང་ལྟ་བུའི་ངང་ནས་གཤེགས་སོང་བ་ཡིན་པས་ཐར་ལམ་བགྲོད་ཐུབ་མིན་དཀའ་མོ་རེད། དེར་བརྟེན་དེ་དག་གི་ལམ་སྣ་འདྲེན་པའི་དེད་དཔོན་དང་། འདི་ལྟ་བུའི་མཆོད་པ་ཕུལ་བའི་དགེ་བའི་མཐུ་ལ་བརྟེན་ནས་མ་འོངས་པར་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་སར་བགྲོད་པའི་སྨོན་འདུན་དང་། རྒྱལ་ཕྱི་ནང་གི་བླ་སྤྲུལ་ཡོངས་ཀྱི་སྐུ་ཚེ་བརྟན་པ་དང་། ཁྱད་པར་དུ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་བཞུགས་པའི་སྨོན་འདུན་དུ། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐུའི་བར་དུ་བརྟན་གྱུར་ཅིག། འཕྲིན་ལས་ནམ་མཁའ་ལྟ་བུར་ཁྱབ་པར་ཤོག།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།། འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།། བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།། མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག། ༼འདི་ལྟར་བགྱིས་པའི་རྣམ་དཀར་སོགས་ཤོ་ལོ་ཀ་གཉིས་དང་། སྨོན་ལམ་རྒྱལ་པོ་འདི་དག་སོགས་ཤོ་ལོ་ཀ་གཅིག འདི་དང་དུས་གསུམ་སོགས་ཤོ་ལོ་ཀ་གཅིག ཏདྱཐ། པཎྩ་ཏྲི་ཡ་ཕྱག་འཚལ་བའི་གཟུངས་ལན་གསུམ་གསུང་འདུག༽
ཡ་དེ་ནས་རྡོ་རྗེའི་སྤུན་གྲོགས་རྣམས་དང་། ཕྱོགས་སོ་སོ་ན་ཡོད་པའི་དད་ལྡན་ཡོངས་ལ་ཞུ་རྒྱུ་ཞིག་ལ། ཐམས་ཅད་ཀྱིས་མཐུན་སྒྲིལ་ལག་སྡང་སྤྲེལ་ནས་བོད་མི་རིགས་ཟེར་བ་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཐུབ་རྒྱུ་འདི་དཔའ་བོ་དཔའ་བོ་རྣམས་ཀྱི་ཐུགས་བཞེད་ཡིན། དེས་ན་ཁྱེད་རྣམས་ཀྱིས་ཁ་མཐུན་གྲོས་ཀྱི་སྒོ་ནས་ནང་ཁུལ་ནས་ས་རྩོད་དང་ཆུ་རྩོད་ལ་སོགས་པ་མི་དགོས་པའི་བྱ་བ་ངན་རིགས་མི་བྱེད་པར་མཐུན་པའི་ལམ་ནས། ལོ་ཆུང་རྣམས་ཀྱིས་བཅུ་ཕྲག་རིག་གཞུང་ལ་སྦྱང་བརྩོན་དང་གཅེས་སྤྲས་བྱོས། ལོ་ལོན་རྣམས་ཀྱིས་རང་རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཏེ། བོད་མིའི་ཡུལ་སྲོལ་དང་གོམས་གཤིས་དང་། སྐད་ཡིག་སོགས་ཉམ་དུ་མི་འཇུག་པར་བོད་མིའི་ངོ་བོ་རྒྱུན་འཛིན་ཐུབ་པ་དགོས། དེ་བཞིན་དུ་བོད་མིའི་བདེ་དོན་དང་། སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་རྒྱུ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས།
དེ་ནས་ང་རང་གི་འཁོར་སྡེ་བརྒྱད་དང་། ཡུལ་བ་དང་ཉེ་རིང་ཡོངས་སུ་རྫོགས་པ། གཙོ་བོ་༼མི་ཞིག་གི་མིང་ནས་སྨྲོས་ཀྱང་མི་གསལ།༽སོགས་འདི་དག་ཚང་མར་ཞུ་རྒྱུར། ང་རང་ལ་རྒྱུ་ཁབ་སྐུད་ཙམ་ཡང་མེད། གང་ཡོད་པ་ཚང་མ་སྔོན་མ་ནས་ཆོས་ཕྱོགས་སུ་བཏང་ཚར། རྗེས་སུ་ཅིག་ཅིག་ན་སྒོར་ཁྲི་མང་པོ་ཡོད་ཟེར་བ་དང་། ཅིག་བྱས་པ་རེད་ཉུག་བྱས་པ་རེད་སོགས་བཤད་རྒྱུ་གཏམ་རྒྱུ་གང་ཡང་མེད་པས། ཤ་ཕུ་ནུ། གཉེན་ཉེ་འབྲེལ་ཡོངས་དང་། ཡུལ་སྡེ་ཕྱོགས་སོ་སོ་ན་ཡོད་པའི་སྦྱིན་བདག་ཚང་མས་དེ་དོན་ཡིད་ལ་འཇགས་པར་ཞུ་ཞུ།
དེ་མིན་བར་འདུག་བྱས་ཡོད་པ་དང་། བཅའ་དངོས་གཞན་པ་རྣམས་སྦྱིན་བདག་རྣམས་ཀྱིས། ཡུལ་སྡེ་མི་སྡེ། བླ་སྤྲུལ་སུ་ཡིན་ལ་ཡག་པོ་ཞིག་སྤྲོད་རྒྱུ་རེ་བ་ཡིན།
དེ་ནས་རང་གཞན་གཉིས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མ་རྒན་སེམས་ཅན་ཐམས་ཅད་དང་། སྒོས་སུ་དམྱལ་ཁམས་སོགས་ན་སྡུག་བསྔལ་མྱོང་བཞིན་པ་རྣམས་ཐར་བ་ཐོབ་ཕྱིར་བསྔོ་སྨོན་འདི་ལྟར་མཛོད། ༼སྨོན་ལམ་རྒྱལ་པོ་སོགས་ཤོ་ལོ་ཀ་གཅིག་དང་། འདི་དང་དུས་གསུམ་སོགས་ཤོ་ལོ་གཅིག་གསུང་འདུག༽
ད་རྒྱལ་ཕྱི་ནང་གི་ཆོས་གྲོགས་ཕོ་མོ་ཡོངས་ལ་ངས་ཞུ་རྒྱུ་ཞིག་ལ། ཁྱེད་ཅག་གི་ཐུགས་མ་ཕམ། བླ་མ་དགེ་བའི་དགེ་གཉེན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་། ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་སྐད་ཅིག་ཙམ་ཡང་འབྲལ་བ་མེད། དེ་བཞིན་དུ་རྒ་རྒས་རྣམས་དང་། མང་ཚོགས་ཚང་མར་དེ་བཞིན་ཡིན། སྐྱིད་ན་སྡུག་ན། ཡག་ན་ཉེས་ན། བཟང་ན་ངན་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་རེ་ས་ཡོད་ནི་མ་རེད། དེ་ཁྱེད་རྣམས་ཀྱིས་བརྗེད་མི་ཉན། བཀྲ་ཤིས་བདེ་ལེགས།

གསར་འགྱུར།

Post navigation

Previous Post: འདི་ཡན་ཆད་བླ་མའི་ཆོས་ར་རེད། འདི་མན་ཆད་དཔོན་པོའི་ཁྲིམས་ར་རེད།
Next Post: ས་ཡོམ་རྗེས་ཀྱི་སྐྱེ་རྒུ་མདོ།

Comments (37) on “སྤྲུལ་སྐུ་བསོད་བྷའི་འདའ་ཁའི་ཞལ་ཆེམས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-01-21 at 6:10 am

    ཞལ་ཆེམས་ནངལ་། ་་་་་་་། དེ་བཞིན་དུ་རྒ་རྒས་རྣམས་དང་། མང་ཚོགས་ཚང་མར་དེ་བཞིན་ཡིན། སྐྱིད་ན་སྡུག་ན། ཡག་ན་ཉེས་ན། བཟང་ན་ངན་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་རེ་ས་ཡོད་ནི་མ་རེད། དེ་ཁྱེད་རྣམས་ཀྱིས་བརྗེད་མི་ཉན། ཞེས་གསུངས་འདུག

  2. ཀརྨ་ཡེ་ཤེས says:
    2012-01-21 at 6:42 am

    ངག་དབང་རྡོ་རྗེས་ཕབས་ལེན་ལ་གསལ་བྱེད་ཡག་པོ་ཞིག་དགོས་པ་འདྲ། ང་ཚོས་མི་ཤི་ཚར་དུས་ངན་བརྗོད་བྱེད་རྒྱུ་མེད་ཀྱང་རྫུན་སྒྲུང་བཤད་ན་ཡང་ཆོ་ཅི་མི་འདུག ང་ཚོས་བདེན་པ་རྩོད་ཀྱིན་ཡོད་པ་རེད། རྫུན་ཁྲབ་ན་རང་མགོ་རང་གིས་གཡོགས་པ་རེད། དེ་དག་སྒྲ་ཐག་དངོས་ཡོད་པ་ཡིན་ན་བརྙན་ཐག་དངོས་དེ་འདིར་གཏོང་ན་ཡག་པོ་འདུག བརྙན་ཐག་དངོས་དེ་ཁ་བརྡ་དྲ་ཐོག་ཞོགས་ཤིག བརྙན་མཐོང་ཡོད་ན་དེ་བས་བཟང་། ཡང་ན་རང་དབང་རླུང་འཕྲིན་ལ་གཏོང་ན་ཤར་གཏོང་ཐུབ་པ་རེད། རྒྱ་བོད་དབྱིན་ཇིའི་སྐད་ཐོག་གང་ན་བཤད་ཡོད་ན་དངོས་ཡོད་ཡིན་ན་སྐྱེས་བུ་རབ་ཅིག་གིས་སྐད་ཆ་བཤད་འདུག དེ་མིན་རྫུན་མ་ཤོད་ཨ།

  3. ཆབ་བྲག་ཕོ་ཉ says:
    2012-01-21 at 6:56 am

    སྐྱབས་སུ་མཆི། ངོ་མཚར་རྨད། རྗེས་སུ་ཡི་རང་མངོན་པར་བསྟོད། ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་སྨོན།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-01-21 at 7:02 am

    ༢༽ ཀརྨ་ཡེ་ཤེས་ལགསསོགས་་ཀྱི་ཆེད་དུ་འདིར་བཀོད་པ། rfa,org ལས།

    སྤྲུལ་སྐུ་བསོད་པ་ལགས་ཀྱིས་རང་ལུས་མེ་བསྲེག་མ་བཏང་བའི་སྔོན་ལ་སྒྲ་འཇུག་གནང་བའི་ཞལ་ཆེམས་ཀྱི་འཁོར་ཐག

    བོད་ནས་འབྱོར་བ།

    མགོ་ལོག་ཁུལ་དར་ལག་རྫོང་དུ་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སྤུལ་སྐུ་བསོད་སྦ་ལགས།
    སྤྲུལ་སྐུ་བསོད་པ་ལགས་ཀྱི་ཞལ་ཆེམས་ལ་གསན་རོགས།

    ༄༅༎ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༨ རེས་གཟའ་ཉི་མའི་ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་རང་ལུས་མེ་བསྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སྤུལ་སྐུ་བསོད་པ་ལགས་ཀྱིས་སྐུ་ལུས་མེ་བསྲེག་མ་བཏང་སྔོན་ལ་ཞལ་ཆེམས་སྒྲ་འཇུག་གནང་བའི་སྒྲ་ཐག་ཅིག་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་འབྱོར་བ་དེར་གསན་རོགས་ཞུ༎

    སྤྲུལ་སྐུ་བསོད་བྷ་ལགས་ཀྱི་ཞལ་ཆེམས་འཁོར་ཐག་ཡིག་ཐོག་ཕབ་པ་གཤམ་གསལ།
    སྤྲུལ་སྐུ་བསོད་པའི་ཞལ་ཆེམས་ཕྱོགས་སྒྲིག་ཞུས་པར་གསན་རོགས།

    ཉེ་ཆར་སྐུ་ལུས་མེར་བསྲེག་བཏང་བའི་མགོ་ལོག་གི་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་ཞལ་ཆེམས་འཁོར་ཐག་ད་ལྟ་ཕྱི་ལོག་ལ་འབྱོར་འདུག

    དེ་རིང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་སྤྲུལ་སྐུ་བསོད་བྷ་དམ་པ་དེས་སྐུ་ལུས་མེར་བསྲེག་མ་བཏང་སྔོན་ཞལ་ཆེམས་སྒྲ་བཅུག་པའི་འཁོར་ཐག་ཅིག་མཁོ་སྤྲོད་བྱས་ཡོད་པ་དང་། ཁོང་གིས་འཁོར་ཐག་དེ་ཆོས་གོས་ནང་བཏུམས་ནས་སྟེང་དུ་༼འདི་ན་དོན་དག་ཅིག་ཡོད་༽ཅེས་ཡེ་གེ་བྲིས་ནས་གསལ་འདེབས་བྱས་ཡོད་འདུག སྐར་མ་དགུ་ཡོད་པའི་འཁོར་ཐག་དེའི་ནང་སྤྲུལ་སྐུ་བསོད་བྷ་ལགས་ཀྱིས་ཐོག་མར་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེག་བཏང་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙོས་བོད་མི་རྣམས་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས་ཏེ། ཁོང་རང་ཉིད་ཀྱིས་ཀྱང་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་ལུས་དང་སྲོག་གི་མཆོད་པ་ཕུལ་བ་ཡིན་པ་དང་། ལྷག་པར་དུ་༧གོང་ས་རྣམ་འདྲེན་ཆེན་པོ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཀྱི་བླ་སྤྲུལ་ཡོངས་རྫོགས་ཀྱི་སྐུ་ཚེ་ཞབས་པར་བརྟན་ཆེད་ཕུལ་བ་ཡིན། ཡང་སྤྲུལ་སྐུ་བསོད་བྷས་གསུང་དོན་། མ་འོངས་པ་ན་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་རྒྱལ་ཞེན་གྱི་བླ་སྤྲུལ་ཐས་ཅད་སྐུ་ཚེ་ཞབས་པད་བརྟན་པ་་།ཁྱད་པར་དུ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་རྡོ་རིང་ཚུལ་མངའ་གསོལ་ཏེ་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་ཡུན་རིང་བརྟན་པའི་སྨོན་འདུན་ ། ཡང་ཁོང་གིས་མུ་མཐུད་དུ་གསུང་དོན། དད་ལྡན་མང་ཚོགས་ལ་ཞུ་རྒྱུར་། བོད་མི་རིགས་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་རྒྱུ་དེ་དཔའ་བོ་དཔའ་མོ་ཚང་མས་མཛད་རྗེས་ལས་ཡོང་དགོས་ན་ཁྱེད་ཚང་མས་ཁ་མཐུན་གྲོས་མཐུན་བྱེད་དགོས་པ་ལས་ས་རྩོད་དང་ཆུ་རྩོད་སོགས་པ་མི་དགེ་བའི་བྱ་བ་ངན་པ་མི་བྱེད་པར་མཐུན་པའི་ལམ་ནས་བཅུ་ཕྲག་རིག་གནས་ལ་ལོ་ཆུང་ཚོས་སྦྱོང་བ་དང་།ལོ་ལོན་ཚོས་རང་རང་གི་ངག་རྒྱུན་སོགས་སྲོལ་དང་ཡི་གེ་སྐད་རིགས་ཉམས་རྒུད་དུ་འགྲོ་རུ་མ་འཇུག་པར་གང་ནུས་ཅི་ཐུབ་བྱེད་དགོས་།བོད་མིའི་བདེ་དོན་དང་འགྲོ་བ་མི་རིགས་ཆེད་ཆོས་ཡང་དག་པ་ཞིག་སྒྲུབ་རྒྱུ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས་། མཇུག་ཏུ་ཁོང་གིས་གསུང་རྒྱུར་ང་རང་གི་འཁོར་དང་ཉེ་རིང་ནང་མིར་ཞུ་རྒྱུར་།རྒྱུ་ཁབ་སྐུད་ཙམ་མ་ལས་པར་ཚང་མ་ཆོས་ཕྱོགས་དང་དགེ་བའི་ལས་l སྔོན་མ་ནས་རྒྱབ་ཡོད་པ་ལྟར་དེ་ལྟར་བྱེད་རྒྱུ་གཉེན་ཉེ་དང་ལྷ་སྡེ་ཡུལ་མི་ཚང་མས་ཡིད་ལ་འཇགས་པར་ཞུ། ཡུལ་སྡེ་ལྷ་སྡེ་ཆོས་དད་མང་ཚོགས་ཚང་མར་ཞུ་རྒྱུར་ཁྱེད་ཚོས་ཡིད་ཕམ་པ་མ་བྱེད་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་།སངས་རྒྱས་དང་བླ་མ་དཀོན་མཆོག་མ་གཏོགས་སྐྱབས་རེ་ས་མེད་པ་མ་བརྗེད་པར་གྱིས་ཤིག བཀྲ་ཤིས་བདེ་ལེགས།ཞེས་གསུང་ཡོད།

    ཟླ་བ་འདིའི་ཚེས་བརྒྱད་ཉིན་མདོ་སྨད་མགོ་ལོག་ཏུ་དགུང་ལོ་༤༢ཡིན་པའི་སྤྲུལ་སྐུ་བསོད་བྷ་ལགས་ཀྱིས་དར་ལག་རྫོང་ཐོག་ཏུ་སྐུ་ལུས་མེར་བསྲེག་གིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་སྐུ་གྲོངས་ཡོད་པ་དང་། འདི་ནི་ད་ལྟའི་བར་བོད་ཀྱི་བླ་སྤྲུལ་མཐོ་ཤོས་ཤིག་དང་སྤྱི་ཚོགས་ཞབས་ཞུ་བ་ཞིག་གིས་སྐུ་ལུས་མེར་བསྲེག་བཏང་བ་ཐོག་མ་དེ་དང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ནས་དོན་རྐྱེན་འདི་རིགས་བྱུང་བའང་ཐོག་མ་དེ་ཡིན་འདུག།

  5. མིག་བརྒྱད་པ། says:
    2012-01-21 at 7:08 am

    སྤྲུལ་སྐུ་བསོད་བྷའི་དོན་སྙིང་ལྡན་པའི་ཁ་ཆེམས།
    དེས་ན་ཁྱེད་རྣམས་ཀྱིས་ཁ་མཐུན་གྲོས་ཀྱི་སྒོ་ནས་ནང་ཁུལ་ནས་ས་རྩོད་དང་ཆུ་རྩོད་ལ་སོགས་པ་མི་དགོས་པའི་བྱ་བ་ངན་རིགས་མི་བྱེད་པར་མཐུན་པའི་ལམ་ནས། ལོ་ཆུང་རྣམས་ཀྱིས་བཅུ་ཕྲག་རིག་གཞུང་ལ་སྦྱང་བརྩོན་དང་གཅེས་སྤྲས་བྱོས། ལོ་ལོན་རྣམས་ཀྱིས་རང་རང་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཏེ། བོད་མིའི་ཡུལ་སྲོལ་དང་གོམས་གཤིས་དང་། སྐད་ཡིག་སོགས་ཉམ་དུ་མི་འཇུག་པར་བོད་མིའི་ངོ་བོ་རྒྱུན་འཛིན་ཐུབ་པ་དགོས།
    ཐུགས་སྟོབས་འགྲན་མེད་སེམས་དཔའ་མཆོག།
    བདེན་པའི་དོན་དུ་སྲོག་བཏང་བའི།།
    འཆི་བ་གཟི་བརྗིད་ཁ་ཆེམས་འདི།།
    བོད་པ་རྣམས་ཀྱིས་སེམས་ལ་བཟུང་།།

    བདག་འཛིན་་ནས་གུས་འདུད་ལྷུར་ལེན་

  6. པོ་ཊ་ལ། says:
    2012-01-21 at 7:24 am

    དེ་འདྲ་བླ་མ་སྙིང་སྟོབས་ཅན། ཞལ་ཆེམས་དེ་དཔེ་མི་འདྲ་བ་ཞིག་རེད་འདུག་ ངེས་པར་དུ་དྲ་ཐག་ནང་དུ་གཏོང་དགོས་རེད། འདི་ནས་ང་ཚོས་ཁྱབ་སྤེལ་བྱས་ཆོག་གིས་རེད། ཡང་ཞུ་མེ་མཆོད་སྒྲོན་མཁན་སོ་སོའི་ན་བཟའ་མགོ་རྔ་ཆ་ཚང་ཉར་ཚགས་ཡག་པོ་གནང་དགོད་འདུག་ང་ཚོས་བཙན་བྱོལ་བག་དུ་འགྲེམ་སྟོན་འཇོག་དགོས་འདུག། འདས་པོ་ཁོ་མེ་མཆོད་ཕུལ་སྐབས་ན་བཟའ་ཉར་རྒཉཡུ་མེད་རུང། རྒྱུན་པར་རང་བེད་སྤྱོད་གནང་མྱོང་བ་། ངོ་མ་རང་ན་བཟའ་དེ་ཉིད་ཉར་ཚག་དགོས་འདུག་ཡར་ལེན་ཐུབ་ཐབས་དོས་འདུག ངས་བསམ་ཚུལ་ལ་མོས་མཐུན་ཡོད་མེད་ལན གནང་རོག

  7. པོ་ཊ་ལ། says:
    2012-01-21 at 7:28 am

    འདས་པོ་དེ་རྣམས་མེ་མཆོད་ཕུལ་སྐབས་ཀྱི་ན་བཟའ་མེད་ནའང་། རྒྱུན་དུ་རང་ཉིད་ལོངས་སུ་སྤྱོད་མྱོང་བ་ཅན་་ན་བཟའ་ངོ་མ་གསར་རྙིང་གང་ཡིན་རུང་ཁྱད་ཡོད་མ་རེད། ངེད་པར་དུ་ཉར་ཚག་དགོས

  8. བྲག་ཞོལ་སྤེན་པ། says:
    2012-01-21 at 11:46 am

    ཀརྨ་ཡེ་ཤེས་ལགས།ཨེ་ཤེ་ཡ་རླུང་འཕྲིན་གྱི་སྤྱི་ཚེས་༢༡ཉིན་གྱི་ལས་རིམ་ཁག་ལ་གསོན་དང་སྤྲུལ་བསོད་བྷ་མཆོག་གི་གསུང་སྐད་དྲོན་པོ་དེ་གཏོང་གི་འདུག།གོང་དུ་མཁན་ངག་རྡོར་ནས་ཡིག་ཐོག་ཏུ་ཕབ་པ་ཁུངས་འཕེར་རེད་འདུག

  9. བོད། ལྷ་ཀླུ་གཉན་གསུམ། says:
    2012-01-21 at 1:12 pm

    http://www.rfa.org/tibetan/chediklaytsen/amdolaytsen/amdo-stringer/%20%20statement-recorded-by-sopa-rinpoche-before-his-self-immolation-01202012115218.html/t012012sp.mp3/inline.html

    ཁོང་གི་ཁ་ཆེམས་ལ་དངོས་སུ་གསན་འདོད་མཁན་གྱི་དྲ་གྲོགས་སྤུན་ཟླ་ཚོས། འབྲེལ་ཐག་འདི་རྒྱུད་དེ་གསན་ན་འགྲིག་གི་འདུག

  10. རིག་པའི་བུ says:
    2012-01-21 at 1:17 pm

    རླབས་ཆེན་རེད་

  11. ལྗང་སྨྱུག says:
    2012-01-21 at 2:57 pm

    ཀརྡོ་གཉེར་ཕྱག་པས། ག་དུས་ཡིན་ནའང་གཞན་གྱི་མཆན་ནས་དུམ་ཚན་རེ་འོག་ཏུ་བསྐྱར་བཀོད་བྱེད་སྲོལ་ཞིག་འདུག་པས་དེའི་རྒྱུ་མཚན་གང་ཡིན་ནམ། དགེ་མཚན་ཁྱོན་ནས་མཐོང་གི་མི་འདུག་པས་རྗེས་སུ་དེ་འདྲ་མ་གནང་རོགས།

  12. ཅོ་རི་ཉི་མ། says:
    2012-01-21 at 5:37 pm

    ༼བོད་མི་རིགས་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་རྒྱུ་དེ་དཔའ་བོ་དཔའ་མོ་ཚང་མས་མཛད་རྗེས་ལས་ཡོང་དགོས་ན་ཁྱེད་ཚང་མས་ཁ་མཐུན་གྲོས་མཐུན་བྱེད་དགོས་པ་ལས་ས་རྩོད་དང་ཆུ་རྩོད་སོགས་པ་མི་དགེ་བའི་བྱ་བ་ངན་པ་མི་བྱེད་པར་མཐུན་པའི་ལམ་ནས་བཅུ་ཕྲག་རིག་གནས་ལ་ལོ་ཆུང་ཚོས་སྦྱོང་བ་དང་།ལོ་ལོན་ཚོས་རང་རང་གི་ངག་རྒྱུན་སོགས་སྲོལ་དང་ཡི་གེ་སྐད་རིགས་ཉམས་རྒུད་དུ་འགྲོ་རུ་མ་འཇུག་པར་གང་ནུས་ཅི་ཐུབ་བྱེད་དགོས༽་།ཞེས་ཁ་ཆེམས་བཞག་པ་རེད།

    རང་སྐྱོང་བ་ཚོས་་ཉོན།
    ཁྱོད་ཚོ་ལ་་་་་་ལས་རྒྱུ་འབྲས་ཟེར་བ་འདི་ཡོད་ན་་་རྒྱལ་གཅེས་པའི་སྙིང་ཤ་མེ་ཡིས་བསྲེགས་པའི་སྙིང་ཁུང་གི་འབོད་སྒྲ་འདི་ལ་རིན་ཐང་ཞིག་བརྩི་རོགས་བྱོས།
    ཁྱོད་ཚོ་ལ་་་་་་དྲང་བདེན་ཟེར་བ་ཞིག་ཡོད་ན་རྒྱལ་གཅེས་པའི་ཟུངས་ཁྲག་མེ་ཡིས་བསྲེགས་པའི་དུ་བ་ལས་བྱུང་ཁྲག་རྒྱུད་ཀྱི་འབོད་སྒྲ་འདིར་གུས་ཞབས་བྱེད་རོགས་བྱོས།
    ཁྱོད་ཚོ་ལ་་་་་་་ལ་རྒྱ་ཟེར་བ་ཞིག་ཡོད་ན་རྒྱལ་གཅེས་པའི་སྐུ་ལུས་མེ་ཡིས་བསྲེགས་པའི་རུས་རྐང་ནས་ཐོན་པའི་འབོད་སྒྲ་འདིའི་དཔང་རྟགས་འགྲིག་རོགས་བྱོས།

    བོད་མི་རིགས་འདི་ལ། རྒྱལ་ཁབ་དགོས། རང་བཙན་དགོས། དམངས་གཙོ་དགོས། ཤི་བའི་རྣམ་ཤེས་ཀྱི་རེ་འདུན་ཡིན་ལ་གསོན་པོའི་སྙིང་ཁུང་གི་རེ་འབོད་ཡིན་ནོ།།

  13. པོ་ཊ་ལ། says:
    2012-01-21 at 5:48 pm

    ཅོ་རི་ཉི་མ་ལགས ། ཡག་པོ་བྲིད་གནང་འདུག་ཐུགས་རྗེ་ཆེ། ཡིད་དབང་ཤོཏ་སོང་། འདས་པོ་ཁ་ཆེམས་དེ་ཉན་ནད་མོག་ཆུ་དབང་མེང་ཤོར་སོང་། བཟང་པོ་སྤྱོད་པའི་མདོ་དང་། བདེན་ཚིག་གྲུབ་པའི་སྨོན་ལམ་གཅིག་འདོན་ཡིན། ཨཨཨ།

  14. རིག་པའི་རྡོ་རྗེ། says:
    2012-01-21 at 6:00 pm

    དྲ་གྲོགས་ལྷན་རྒྱས་སུ་ཞུ་བ།

    གོང་གི་སྤྲུལ་སྐུ་བསོད་བྷའི་ཞལ་ཆེམས་དེ་དང་པོར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་འབྱོར་བ་རེད། དེ་ནས་འབྲེལ་ཡོད་ཀྱིས་ཡིག་ཐོག་ཏུ་ཕབ་རོགས་གསུང་བས། ངས་སྒྲ་ཐག་ལ་ཉན་ཏེ་ཕབ་ཁུལ་བྱས་པ་ཡིན། ཕབ་ཚར་རྗེས་ཐད་ཀར་རླུང་འཕྲིན་ཁང་ལ་ཕྱིར་བསྐུར་བ་ཡིན།
    དེའི་བདག་དབང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལ་ཡོད་པ་རེད། ཁ་བརྡའི་ཐོག་ལ་འཇོག་མཁན་སུ་རེད། ངས་ང་རང་གི་ངོ་དེབ་ཐོག་མ་གཏོགས་གང་ལ་ཡང་བཞག་མེད། ངོ་དེབ་ཐོག་ཡོང་ཁུངས་ཀྱང་གསལ་བོར་བཀོད་ཡོད། ཁ་བརྡ་ཚང་ལ་ཡང་དྲ་ཐོག་ཏུ་འཇོག་རོགས་ཞེས་ཞུ་མ་མྱོང་།

    དེ་ལུགས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཁ་བརྡ་དྲ་བ་གཉིས་ཀྱིས་ཐུགས་འཇགས་གནང་རོགས་ཞུ་བ་ཡིན། ཐུགས་རྗེ་ཆེ།

  15. སྦྲ་ནག་གཡག་སྙིང་། says:
    2012-01-21 at 6:16 pm

    ཨ་ལ་ལ། དངོས་གནས་སྐྱབས་སུ་མཆི། བྱང་ཆུབ་སེམས་དཔའ་ཞེས་པའི་ཐ་སྙད་དེ་ལ་ཆོས་དང་ཆབ་སྲིད་མཉམ་འདྲེས་ཀྱི་གོ་བ་གསར་བ་ཞིག་སླེབས་ཡོང་གི་འདུག

    རང་མྱི་དང་ཕྱི་མྱི་མང་པོས་རང་ལུས་མེར་བསྲེགས་ཀྱི་སྐོར་ལ་འདྲ་མིན་སྣ་ཚོགས་ཞིག་བཤད་བཞིན་འབྲི་བཞིན་ཡོད་པ་དེ་ཚོར་ལྟ་ཀློག་བྱེད་དགོས་མི་འདུག སྤྲུལ་སྐུ་བསོད་བྷའི་ཞལ་ཆེམས་སུ་བསྐྱུར་བཞག་པ་ཅི་ཡང་མི་འདུག

    མཁན་པོ་ངག་དབང་རྡོ་རྗེ་ལགས་ཀྱིས་ཞལ་ཆེམས་འདི་ཡིག་ཐོག་ཏུ་ཕབས་པར་ཐུགས་རྗེ་ཆེ་གནང་། གསོལ་འདེབ་ཚང་མ་མར་ཆ་ཚང་ཕབས་ཡོད་ན་ཚང་མར་ཕན་ས་རེད། དཔེར་ན་གཤམ་གྱི་སྒོ་ཁྱིམ་ནང་གི་གསོལ་འདེབ་དེ་ཚོ་ཐེངས་ཅི་ཙམ་སྐྱོར་ཡོད་པ་ཇི་བཞིན་ཕབས་ཡོད་ན་ཁོང་གི་ཞལ་ཆེམས་ཁ་ཚང་ལ་ང་ཚོ་ཆོས་ཚིག་ལ་རྒྱུས་མེད་པ་ཚོར་སྨན། ༼འདི་ལྟར་བགྱིས་པའི་རྣམ་དཀར་སོགས་ཤོ་ལོ་ཀ་གཉིས་དང་། སྨོན་ལམ་རྒྱལ་པོ་འདི་དག་སོགས་ཤོ་ལོ་ཀ་གཅིག འདི་དང་དུས་གསུམ་སོགས་ཤོ་ལོ་ཀ་གཅིག ཏདྱཐ། པཎྩ་ཏྲི་ཡ་ཕྱག་འཚལ་བའི་གཟུངས་ལན་གསུམ་གསུང་འདུག༽

    སྐྱབས་སུ་མཆི།

  16. ཀརྨ་ཡེ་ཤེས། says:
    2012-01-21 at 6:49 pm

    ཚེ་སྲོག་མཆོད་མེར་ཕུལ་བའི་རྗེས་དྲན་མེ་དཔུང་གི་འུར་སྒྲ།

    ཀ་ཡེ་གསོན་དང་ཆོལ་གསུམ་སྤུན་ཟླ་རྣམས།
    ཁ་བའི་ལྗོངས་ཀྱི་ལས་དབང་འདི་བསམ་ནས།
    ག་ཆད་འུ་ཐུག་རང་ལུས་མེ་མཆོད་འདིས།
    ང་ཡི་མིག་ནས་མཆི་མ་དབང་མེད་ཤོར།

    དུས་ཚོད་བྱུང་ན་འཕྲོ་མཐུད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀྱི་ཡིན་དེ་རིང་དུས་ཚོད་རག་མ་སོང་།

  17. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2012-01-21 at 7:03 pm

    མཁན་པོ་ངག་དབང་རྡོ་རྗེ་ལགས།
    གསར་འགྱུར་འདི་ཁ་བརྡའི་སྒང་ལ་འཇོག་མཁན་ང་ཡིན། རྒྱུ་མཚན།

    དང་པོ་།
    གསར་འགྱུར་འདི་ཁ་བརྡའི་མཆན་གྱི་ཁོངས་སུ་མང་པོ་སླེབས་སོང་། དེ་ནས་ངས་གསར་འགྱུར་འདི་གང་ན་ཡོད་མེད་བཙལ་བ་ཡིན། གཡུ་ཞུན་དྲ་བའི་ཐོག་ན་འདུག དེ་ནས་བླངས་ཏེ་ཁ་བརྡར་བཀོད་པ་ཡིན། “གཡུ་ཞུན་དྲ་བ་ནས་བླངས་”ཟེར་བ་དེ་འབྲི་རྒྱུ་ངས་བརྗེད་འདུག དེ་ངས་ནོར་འཁྲུལ་ཤོར་འདུག དེ་ང་ནོར་འདུག དེ་ལ་དགོངས་དག་ཞུ།

    གཉིས།
    ད་། གསར་འགྱུར་འདི་ལ། བདག་དབང་དང་ཁུངས་ཀྱི་རྩོད་པ་ཞིག་ཡོང་གི་ཡོད་པ་འདྲ་། དེ་འདྲ་ཡིན་ན། ཁ་བརྡ་དྲ་བ་རྩོད་པ་དེ་ལ་ཞུགས་འདོད་མེད་། གསར་འགྱུར་འདི་ཡང་ཁ་བརྡ་ནས་ད་ལྟ་རང་མར་བླངས་ཆོག གཙོ་བོ་ཁྱེད་ཚོའི་འདོད་པ་བྱོས། དེ་ཙམ་ཞུ།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།

  18. ཨ་རུ་ར། says:
    2012-01-21 at 7:10 pm

    ཀརྨ་ཡེ་ཤེས་ལགས། རྫུན་སྒྲུང་རེད་མི་འདུག་་་་་་་ཁྱེད་རང་གིས་ཡག་་པོ་ཞིག་སྒྲ་ཐག་དངོས་ལ་ཉན་ན་བཟང་།

  19. རིག་པའི་རྡོ་རྗེ། says:
    2012-01-21 at 7:30 pm

    བཀུར་འོས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།

    ཁྱེད་ཀྱིས་འདི་ལྟར་གསལ་བཤད་གནང་བ་བཀའ་དྲིན་ཆེ། ད་ནས་བཟུང་གསར་འགྱུར་འདི་གསལ་བོར་ཆགས་པ་རེད།
    ཐུགས་རྗེ་ཆེ།

  20. ལྕགས་མོ་འཚོ། says:
    2012-01-21 at 7:51 pm

    བཀུར་འོས་རིག་འབྱུང་དང་མཁན་པོ་ངག་རྡོར་རྣམ་གཉིས་ལ།
    གསར་འགྱུར་འདིའི་ཡོང་ཁུངས་ཐོག་མ་དེ་ཨེ་ཤེ་ཡ་རང་དབང་རླུང་ཁང་ཡིན་ཕྱིར།ལས་ཁུངས་ཀྱི་སྒྲིག་གཞི་དང་མི་འགལ་ཆེད་བརྒྱུད་འདྲེན་བྱེད་ས་གསལ་ཁ་གནང་རྒྱུའི་འབོད་སྐུལ་ཞུས་པ་ལས་དམིགས་ཡུལ་གཞན་མེད།དེ་མིན་ཟ་ཟུར་ནས་ཞལ་ཆེམས་ཡིག་ཐོག་བཀོད་པ་དེ་ངོ་མ་་ཡིན་མིན་གྱི་ཐེ་ཚོམ་ཡོང་གི་ཡོད་པས་ན་མཁན་པོ་ལགས་ཀྱིས་དཀའ་ལས་རྒྱབ་ནས་ཡིག་ཐོག་ཕབ་པ་དེར་དྲིན་ལན་ལོག་འཇལ་མི་ཡོང་བའི་ཆེད་དུའང་ཡིན།རིག་འབྱུང་ལགས་ཀྱིས་འདི་ཁ་བརྡ་དྲ་ཚིགས་ཐོག་བཀོད་པར་བཀའ་དྲིན་ཆེ།

  21. སོག་མདའ་བཅུ་ says:
    2012-01-21 at 7:52 pm

    རླབས་ཆེན་སྐྱེས་བུ་ཁྱེད་ནི་གཞན་དོན་འབའ་ཞིག་སྒྲུབ་པའི་བྱང་སེམས་སེམས་དཔའ་ཆེན་པོ།ངོ་མཚར་ཆེ།སླར་ཡང་མྱུར་བ་མྱུར་ཏུ་འགྲོ་བའི་མགོན་དང་ཡང་སྒོས་གངས་ཅན་ཁ་བའི་ལྗོངས་སུ་་མྱུར་བྱོན་ཤོག།

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-01-21 at 8:53 pm

    སྙིང་སྟོབས་དང་སེམས་དཔའ་ཆེན་པོ་སྤྲུལ་སྐུ་བསོད་བྷ་མཆོག་གི་དགོངས་བཞེད་མྱུར་དུ་གྲུབ་པར་གྱུར་ཅིག ཀློག་པ་པོ་ཕལ་ཆེ་བས། བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ལ་བརྩོན་པར་དམ་བཅའ་འཇོག་པ་ལྟ་བུ་འདུག་ན། ལུང་པ་རེ་ལ་སྐད་ལུགས་རེ། བླ་མ་རེ་ལ་ཆོས་ལུགས་རེ། ཞེས་པའི་དཔེ་ལྟར་རང་རང་སོ་སོའི་ལུང་པ་རེ་ལ་ཁ་སྐད་རེ་ལོས་ཡོད། དེ་དག་ཁ་བརྡ་སོགས་སུ་བཀོད་དེ་གཞན་ལ་ཀློག་ཏུ་འཇུག་པ་ནི་ཆེས་མི་འོས་པ་ཞིག་ཏུ་མཐོང་། དེ་འདྲ་མ་བྱེད་གྲོགས། ཞེས་པར་ཁྱེད་རྣམས་ཀྱིས་དེ་ལ། མ་བྱེད་རོགས། ཞེས་པ་འབྲི་བ་ཁོ་ན་མཐོང་། བདག་གིས་ནི་བོད་རིག་གཞུང་སྐད་བསྲུང་དགོས་པར་མཐོང་ནས། དེའི་རིགས་ལ་གྲོགས་ཞེས་འབྲི་བ་ལ་ཉེ་དུས་རྒྱབ་སྐྱོར་ཁུངས་ཐུབ་པ་ཞིག་རྙེད། དེ་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ན། རང་གི་ཡུམ་གྱིས་བཀྲ་ཤིས་ལྷུན་པོའི་ཕྱི་ལོགས་ན་ལོན་བསྐུར་པ། ༐ཨ་མ་འདི་ན་འདུག་ལྟ་གྲོགས་གྱིས། ཞེས་རྣམ་ཐར་ཤོག་གྲངས་བཅོ་ལྔ་ན་ཡོད། དེས་ན་ཁྱེད་རྣམས་ཀྱིས་བོད་རིགས་དང་རིག་གཞུང་ལ་ཞབས་འདེགས་ཞུ་འདོད་ན། བཀའ་བསྟན་གསུང་འབུམ་བཅས་བཀླགས་ཏེ། བོད་སྤྱི་ཡིའི་སྐད་ཀྱི་ཡི་གེ་དང་། བརྗོད་པ་རྣམས་རང་རང་གི་རྩོམ་ཡིག་དང་། མཆན་སོགས་སུ་བཀོལ་ཐུབ་ན། བོད་རིགས་དང་རིག་གཞུང་སྲུང་སྐྱོབ་ལ་དམིགས་ཏེ། སྤྲུལ་སྐུ་བསོད་བྷ་སོགས་ཀྱི་སྐུ་ལུས་ལོས་བཏང་བ་ཆུད་ཟོས་སུ་མི་འགྱུར་བའི་རྒྱུར་འགྱུར་བ་ཞིག་མཛད་གྲོགས་ཞུ་བ་ལགས་སོ།།

  23. སྐྱུ་རྩི་ནས། says:
    2012-01-22 at 12:56 am

    བསྟན་འགྲོའི་དོན་དུ་སྐུ་སྲོག་ཞུགས་མཆོད་དུ་ཕུལ་བའི།
    རྒྱལ་སྲས་སྙིང་སྟོབས་ཆེན་པོའི་མཛད་འཕྲིན་ལ་བསམ་ན།
    མཚན་དང་རྒྱུ་ནོར་ལྡན་པའི་སྐུ་སྐྱེ་ཡི་ཚོགས་རྣམས།
    སྙིང་ཁོང་རུས་པའི་གཏིང་ནས་ཐུགས་བསམ་ཞིག་བཞེས་རན།

  24. པོ་ཊ་ལ། says:
    2012-01-22 at 3:31 am

    ལ་དྭགས་བླ་མ་བློ་བཟང་ལགས་ཀྱིས་གསུངས་པ་ལ་བསྔགས་བརྗོད་དང་ཡི་རང་ཡོད

  25. བྲག་ཞོལ་སྤེན་པ། says:
    2012-01-22 at 3:47 am

    རྗེ་བཙུན་བྱམས་མགོན་གྱིས།འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་།།ཞེས་ཇི་སྐད་གསུངས་པ་ནང་བཞིན་གྱི་བྱམས་ཆུབ་སེམས་དཔའ་ཆེན་པོ་དང་གཞན་དོན་འཁུར་དུ་བླངས་མཁན་ཅིག་རེད་འདུག

  26. ཐུབ་པ། says:
    2012-01-22 at 4:20 pm

    ལ་དྭགས་པ་འདི་དང་སྣར་སྐྱིད་ཟེར་བ་འདི་གཉིས་རྒྱུད་པ་གཅིག་ཡིན་པ་འདྲ
    འབྲི་རོགས། བཤད་རོགས། འདི་ལ་ནོར་བ་ཅི་ཡང་མེད།
    རོགས་པ་གྱིས་ཟེར་བ་ལས། གྲོགས་པ་གྱིས་མི་ཟེར། དེ་བས་རོགས་པ་ཞེས་འབྲི་རོགས་ཞེས་སྐུལ་ན་ཁྱོད་ལ་ལན་འདྲ་ཡོད་དམ།
    བྱིས་པ་ལུ་དགུ་ཅན་ཞིག་ངུ་བཞིན་པའི་ཚོར་བ་བྱུང་སོང་། ད་དུང་བོད་སྐད་ལ་བློ་ཞིབ་མོས་བརྟག་རོགས།
    ད་དུང་བརྩོན་པ་བསྐྱེད་རོགས། བོད་པའི་སྐད་ལ་དོ་སྣང་བྱེད་རོགས།

  27. ཅོ་རི་ཉི་མ། says:
    2012-01-22 at 5:02 pm

    ལ་དྭགས་ལགས་་་ང་ལ་གྲོགས་རམ་ཞིག་གནང་གྲོགས་ཀྱིས་ཞེས་འབོད་ན་འགྲིག་གི་མེད་པའི་ཟོལ་འདུག སྤྱི་བཏང་ནས་རོགས་དང་གྲོགས་གོ་དོན་ཁ་ཁར་ཡིན་པ་འདོད། གྲོགས་ཞེས་ནི་གྲོགས་པོ་ལ་གོ རོགས་ཞེས་པ་ནི་གྲོགས་པོ་ལ་མི་གོ རོགས་པ་དང་གྲོགས་པོ་གཉིས་སུ་ཁྱད་པ་ཡོད།

    རོགས་རམ་བྱོས་དང་གྲོགས་རམ་བྱོས། གཉིས་ཀྱི་ནང་དུ་ཁྱབ་ཆེ་བ་དང་གོ་སླ་བ་དང་པོ་ཡིན་པ་འདོད། ཕྱི་མར་གོ་མཁན་བོད་མི་སྤྱིའི་ནང་དུ་ཉུང་ཉུང་མིན་འགྲོ་སྙམ། དང་པོར་སྤྱི་སྐད་དང་ཕྱི་མར་ཕལ་སྐད་དུ་འདོད་དོ།

  28. ལྕི་ར། says:
    2012-01-23 at 1:07 am

    དཔའ་བོ་ཁོང་ཉིད་ཀྱི་ཁ་ཆེམས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།

  29. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-01-23 at 4:38 am

    རོགས་པ་གྱིས་ཟེར་བ་ལས། གྲོགས་པ་གྱིས་མི་ཟེར། དེ་སྐད་དུ་ཆག་སྐྱོགས་སྨྲ་བའམ་འབྲི་བ་པོ་དག་གི་ལུགས་ལ་ནོར་བ་མེད་ཀྱང་། བོད་ཀྱི་སྐད་ཡིག་ཟུར་མ་ཆག་པར་འདོན་པ་དང་། འབྲི་བ་པོ་རྣམས་ཀྱི་ལུགས་ལ་སྐད་ཚིག་ཆག་སྐྱོགས་འདོན་པའམ་འབྲི་བའི་སྐྱོན་མངོན་སུམ་དུ་མཐོང་། དེ་ཡང་གྲོགས་ཞེས་པ་མ་ཡིན་པ། རོགས་ཞེས་ཚིག་ཆག་སྐྱོགས་དེ་བཀའ་བསྟན་གསུང་འབུམ་ན་ཡོད་པ་བསྟན་ཐུབ་ན། ཁྱེད་ཀྱི་རྩོད་པ་ཡང་དག་ཏུ་འགྱུར་ངེས། བཀའ་བསྟན་གསུང་འབུམ་དག་ན་བོད་སྤྱིའི་སྐད་ཚིག་རྨ་མེད་པ་རྣམས་མཆིས། དེ་དག་ལ་མ་བལྟས་པར་ཁ་རྒྱགས་པ་བཤད་པ་ནི། ཆོས་རྗེ་ས་པཎ་གྱིས།
    ནོར་མེད་ཟས་གོས་མཆོག་འདོད་དང་།
    གཞན་ལ་སློང་ཞིང་ང་རྒྱལ་ཆེ།
    བསྟན་བཅོས་མ་ཤེས་རྩོད་པར་འདོད།
    འདི་གསུམ་འགྲོ་བའི་བཞད་གད་གནས།། ༣ །། ས་སྐྱ་ལེགས་བཤད་ལེའུ་ ༣པ།
    ཞེས་པའི་ཚིགས་བཅད་འདི་ལྟག་ཆོད་སྨྲ་བ་་པོ་དག་གི་ཐོག་ཏུ་འབབ་བོ།།

  30. ཀརྡོ་གཉེར་ཕྱག་པ་ says:
    2012-01-23 at 5:16 am

    ངས་བྱས་ན། རོགས་དང་གྲོགས་ཀྱི་ཁྱད་པར་ནི།
    ངའི་གྲོགས་པོ་ལམ་དུ་བཞུགས་དུས་ཡུལ་ལྷས་གྲོགས་མཛོད་ཅིག་དང་།
    ངའི་གྲོགས་པོ་དང་གྲོགས་པོ་བྱས་ནས། ཁོ་ལ་རོགས་པ་བྱོས་རོགས་སམ་བྱེད་རོགས།
    མདོར་ན། གྲོགས་པོ་བྱས་པ་དང་རོགས་པ་བྱས་པ་གཉིས་གོ་དོན་སོ་སོར་གསལ།
    གྲོགས་གྱིས་དང་། ཞེས་པ་འདི་བཀའ་བསྟན་དང་དག་ཆ་ཉེ་ཡང་། དུས་རྒྱུན་ཁ་སྐད་དུ་རོགས་གྱིས་དང་། ཞེས་པ་འདི་བརྗོད་བདེ་བ་ཡོད། ད་དུང་རྩོད་ལ་སྤྱི་སྐད་ཅིག་སྤྱི་ཕན་དུ་གྱུར་པ་ལ་སྤྱི་པས་མ་འབུངས་ན་སུས་བྱེད་། གང་ནས་འོང་། དེ་ན་རྒན་ལ་དྭགས་པ་དང་། རྔ་པ། མདའ་མཚན་པ་སོགས་ལྟར་ཀུན་གྱིས་སྤྱི་སྐད་འཐུས་ཚང་དུ་འགྱུར་པ་ལ་རེམས་དགོས་འདུག་ལགས། དགེའོ། དགེའོོ། ། དགེའོོོ། །

  31. ལྗང་སྨྱུག says:
    2012-01-23 at 6:10 am

    ལ་དྭགས་བློ་བཟང་འཇམ་དཔལ་ནས། གོང་དུ་བཀའ་བསྟན་གྱི་ནང་དུ་མེད་པ་མང་པོ་ཞིག་བེད་སྤྱོད་བྱེད་ཀྱིན་འདུག་གསུངས་ཏེ་སྐྱོན་བརྗོད་དང་། ཐེར་འདོན་ཁ་ཤས་གནང་འདུག་པས་སྙིང་ནས་དགའ་བསུ་ཡོད། ཡིན་ནའང་ཁོང་གིས་ཆག་སྐྱོགས་ཟེར་ལན་འགར་བགྲང་འདུག་པས། ཆག་སྐྱོགས་ཟེར་བོད་སྐད་རེད་དམ། ཡིན་ན་བཀའ་བསྟན་ནང་དུ་ཡོད་པ་རེད་དམ།

  32. སྐྱུ་རྩི་ནས། says:
    2012-01-24 at 1:59 am

    མ
    གནའ་དེང་རིག་གཞུང་ཀུན་གསལ་ཁྱོན་ཡངས་པོ།
    གང་གི་མཁྱེན་པའི་ཀློང་དུ་ལེགས་ཆུད་པ།
    སྙིགས་དུས་མཁས་པའི་དབང་པོ་ལ་དྭགས་པ།
    བོད་ཀྱི་སྤྱི་སྐད་བསྲུང་བའི་དཔའ་བོ་ལགས།
    ཆོལ་གསུམ་སྤྱི་སྐད་བཀའ་བསྟན་ལ་གསལ་བ།
    མེས་པོས་ཁ་བའི་སྤྱི་ནོར་དུ་བཀུར་བ།
    དེང་སྐབས་བཀོལ་སྤྱོད་མེད་པར་གྱུར་བ་ན།
    མ་འོངས་བུ་རབས་རྣམས་ལ་ངོ་རེ་མནོངས།
    ལུང་པ་རེ་ལ་ལུང་སྐད་རེ་རེ་ཡོད།
    དེ་དག་ཀུན་གྱིས་གོ་བར་དཀའ་བས་ན།
    ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་རྣམ་དཔྱོད་ལས།
    འཁྲུངས་པའི་སྤྱི་སྐད་མ་སྐྱུར་ཕ་བཟང་བུ།

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-01-24 at 6:14 pm

    ལྗང་སྨྱུག་མཆོག་ནས། ཆག་སྐྱོགས་ཟེར་བོད་སྐད་རེད་དམ། ཡིན་ན་བཀའ་བསྟན་ནང་དུ་ཡོད་པ་རེད་དམ། དྲི་བ་མཛད་པ་ལ། སྤྱིར་སྐྱོགས་ཞེས་པ་དབུས་གཙང་དུ། ཆུ་འཆུ་བྱེད་ལ་ཟེར། མིང་ངམ་ཁྱད་ཆོས་རྗེས་སུ། དོན་མི་འདྲ་བར་སྟོན་པར་སྣང་། དཔེར་ན། དངུལ་སྐྱོགས་ཞེས་པ་དངུལ་གྱི་ཕོར་པ་ལ་གོའོ།
    སྣོད་སྐྱོགས་དང་། ཆག་སྐྱོགས་དང་། སྤོས་སྐྱོགས་སོགས་ཀྱི་མིང་གི་རྗེས་སུ། སྐྱོགས་ཞེས་པས་སྒྲ་གོང་མ་དེ་ཤུགས་ཆེ་བར་སྟོན་པ་ལས་དམིགས་བསལ་དོན་སྟོན་པ་མེད་པར་སྣང་། དེ་ཡང་བསམ་ཡས་ན་མཚེའུ་ཞིག་ཡོད་པ། ༡༩༨༧ ལོར་སྤར་བླངས་ཏེ། ས་སྐྱ་ལེགས་བཤད་སྤར་པའི་དེབ་ཀྱི་མདུན་ཤོག་ཏུ་བཀོད་ཡོད། ༢༠༠༤ སླར་དེར་སླེབས་དུས་མཚེའུ་དེ་ཆུང་བར་ཕྱིན། ཉེ་འགྲམ་དུ་གྲོང་པ་རྣམས་གཞིས་ཆགས། མཚེའུ་གཙང་མ་འཇོག་པར་ཉེ་འགྲམ་གྱི་གྲོང་པ་རྨོ་ཞིག་ལ་དངུལ་ཕྲན་བུ་སྤྲོད་པར་ཕྱིན། རྨོ་དེས བདག་ཙོ་སྤོས་སྐྱོགས་བས། ཞེས་སྨྲས། དེས་ན། སྐྱོགས། ཞེས་པའི་སྒྲ་བོད་ནུབ་ཕྱོགས་དང་། དབུས་གཙང་དུ་ཁྱབ་ཡོད། དེ་བཞིན་བོད་མདོ་སྟོད་མདོ་སྨད་ཀུན་ལ་ཡང་སྒྲ་དེ་ཡོད་པར་སེམས་སོ།།

  34. ཅོ་རི་ཉི་མ། says:
    2012-01-24 at 9:52 pm

    ལ་དྭགས་བ་་་་སྤྱི་སྐད་ཀྱི་གོ་བ་ག་འདྲ་བྱས་ནས་ལེན་གྱི་ཡོད་དམ། བཀའ་བསྟན་འགྱུར་ནང་དུ་མེད་ན་སྤྱི་སྐད་མིན་པའི་ཁྱབ་བམ།

  35. མིག་བརྒྱད་པ། says:
    2012-01-25 at 5:20 am

    བོད་སྤྱི་སྐད་ནི་སུམ་རྟགས་དག་གསུམ་གྱི་ལུགས་སྲོལ་དང་མ་འགལ་ཞིང་བཀའ་བསྟན་ལ་གྲགས་པའི་ཡིག་སྐད་དེ་དག་ནུབ་ལ་དྭགས་དང་ཤར་དར་རྩེའི་མདོ་བར་དུ་ཕྱིན་ཀྱང་ཀུན་གྱིས་ཀློག་ཐུབ་པ་དང་གོ་ཐུབ་པ་ཡིན་སྟབས་བོད་སྤྱི་སྐད་ཟེར།

  36. ཀརྡོ་གཉེར་ཕྱག་པ་ says:
    2012-01-25 at 6:36 am

    ད་ལྟའི་བར་ལ་བོད་ལྗོངས་ཡོངས་རྫོགས་ནང་ལ་སྤྱི་ཚིག་ཅིག་མ་གཏོགས་སྤྱི་སྐད་ཅིག་ཨ་ཡོད་སྙམ་ཡོད་ན་། ཀུན་གྱི་ཁ་ལ་འཇགས་པའི་སྐད་ཅིག་ན་མར་ཤོད་ཐུབ་བམ། མེད་པས་སྤྱི་ཚིག་ལས་སྤྱི་སྐད་ཅིག་ལས་མེད་པས། དེ་ཡོད་པ་ལ་འབད་དགོས་པ་མི་འདུག་གམ།

  37. ཀརྡོ་གཉེར་ཕྱག་པ་ says:
    2012-01-25 at 6:49 am

    ཆུ་སྐྱོགས་ནི། གཟར་བུ་སྟེ་འཆུ་བྱེད་ཀྱི་ཡོ་བྱད་ཡིན་པ་གསལ་སྟོན་གནང་ཟིན་འདུག ཡང་། ཀྱོག་ཀྱོག ཀྱོ་ཐིག ཀྱོག་བཤད་ལྟར། ཆག་གྲུམ། ཆག་སྒོ་དང་ཆག་ཀྱོག་ཅེས། ཡོ་བྱད་སྐྱོན་ཅན་ལ་གོ་བི་ཚིག་གཅིག་སྤྱི་སྐད་ལ་འདུག་གོ །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme