Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག

Posted on 2017-06-202017-06-20 By ཁ་བརྡ་ 30 Comments on སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག

ཟླ་བ་གཞོན་ནུ།

 
འདི་ནི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛས[1]རྒྱ་གར་གྱི་ནུབ་བྱང་སྟེ་མུཾབྷཻ་ཕྱོགས་ཀྱི་ཉེ་རབས་ཀྱི་ལེགས་སྦྱར་མཁས་པའི་དབང་བོ་གསུམ་གྱིས་ནག་མོ་ཁོལ་དང་འབྲེལ་ཏེ་བཀའ་མོལ་གནང་བ་ཞིག་ཇི་ལྟར་ཐོས་པ་བཞིན་བྲིས་པ་ཞིག་སྟེ། མཁས་པ་དེ་དག་ནི་ཤྲཱི་ཀེབལ་རཱམ་ལཱི་ལ་དྷཱར་ཤཱསྟྲཱི[2]་དང་། ཤྲཱི་ཛི་བན་རཱམ་ཤཱསྟྲཱི་མཆོག[3] ཤྲཱི་ཤངྐར་ལཱལ་ཤཱསྟྲཱི[4]་གསུམ་མོ།། ཚན་པ་འདི་ཨཱཙཱརྱ་ཤྲཱི་ཙརཎ་ཏཱིརྠ་མ་ཧཱ་རཱ་ཛ་མཆོག་གི་སྤྲིན་གྱི་ཕོ་ཉའི་འགྲེལ་བའི་གླེང་བརྗོད་ལས་དྲངས་ཏེ་བསྒྱུར།

སྙན་ངག་དམ་པ་སྤྲིན་གྱི་ཕོ་ཉའི་ནང་གི་གནོད་སྦྱིན་རྒྱལ་བོ་སྟེ་ཀུ་བེ་ར་ལུས་ངན་བྱ་བ་ནི་རྒྱལ་བོ་རྣམ་གནོན་རང་ཡིན་པ་དང་། ཆུང་མ་དང་བྲལ་བའི་གནོད་སྦྱིན་སྙན་ངག་མཁན་ནག་མོ་ཁོལ། དེ་བཞིན་དུ་ཁོང་གི་ཆུང་མ་གསར་བ་དེ་གནོད་སྦྱིན་མོ། རྣམ་གནོན་གྱི་རྒྱལ་ས་འཕགས་རྒྱལ་ནི་ལྕང་ལོ་ཅན་མ་དང་། སྤྲིན་གྱི་ཕོ་ཉ་ནི་སྙན་ངག་མཁན་གྱི་གྲོགས་སྤྲིན་གྱི་ང་རོ་ཡིན་པར་བཤད།

ཁོང་ཚོའི་དགོངས་པ་ལྟར་ན། ནག་མོ་ཁོལ་ནི་རྒྱལ་བོ་རྣམ་གནོན་གྱི་རིན་ཆེན་དགུའི་གྲས་ཀྱི་གཅིག་ཡིན་པ་དང་། རྒྱལ་བོ་དེས་རྣམ་གནོན་གྱི་ལོ[5]་ཟེར་བའི་རང་ཉིད་ཀྱི་དུས་རབས་ཤིག་གསར་དུ་བཏོད། རྒྱལ་བོ་ཁོ་རང་ཉིད་ཀྱང་ལེགས་སྦྱར་མཁས་པ་ཞིག་ཡིན་པས། ཁོས་མཁས་པ་རྣམས་ལ་རྒྱལ་བོ་དང་རྒྱལ་བོ་ཆེན་པོ་གཞན་ལས་ཀྱང་བཀུར་བསྟི་ཆེ་བར་མཛད། མཁས་པ་དག་ལ་གཞིས་ཀ་ལ་སོགས་པའི་ལེགས་སྐྱེས་གནང་བས་ན་དེ་དག་སྐུ་དྲག་ལྟ་བུའི་འཚོ་བ་རོལ་ཐུབ་ཀྱི་ཡོད། ཕོ་བྲང་གཞན་གྱི་ལེགས་སྦྱར་མཁས་པ་དག་ལའང་གཅིག་མཚུངས་ཀྱིས་བཀུར་བསྟི་གནང་། དུས་སྐབས་དེར། རྒྱལ་བོ་ཞིག་གི་སྟོབས་འབྱོར་དེ་ཁོང་གིས་སྦྱིན་བདག་བྱེད་སའི་པཎྜི་ཏ་རྣམས་ཀྱི་གོ་ཐོབ་དང་རྒྱུ་འབྱོར། མཚན་མཐོང་སོགས་ཀྱིས་འབྱེད་པ་ཡིན། དམངས་རྣམས་ཀྱིས་ཀྱང་རྒྱལ་བོ་ལེགས་སྦྱར་མཁས་པ་དང་ཡང་ན་ལེགས་སྦྱར་གྱི་པཎྜི་ཏ་རྣམས་ལ་འོས་འཚམས་ཀྱི་བཀུར་བསྟི་བྱེད་མཁན་ཞིག་ལ་དགའ་མོས་ཆེན་པོ་བྱེད་པ་ཡིན།

གྲོང་ཁྱེར་འཕགས་རྒྱལ[6]་ནི་རྒྱ་གར་གྱི་རྒྱལ་བོ་རྣམ་གནོན་གྱི་རྒྱལ་ས་ཡིན་པ་དང་། ཁོའི་འོག་ཏུ་ཚོ་དཔོན་༨༠༠ཙམ་ཡོད་ཅིང་། དེ་དག་སོ་སོར་སོ་སོའི་ཕོ་བྲང་ཡང་གྲོང་ཁྱེར་དེ་རང་དུ་ཡོད། དུས་ནས་དུས་སུ། རྒྱལ་སྲས་རྣམས་རྒྱལ་སར་འཛོམས་དགོས་ཤིང་། རྒྱལ་བོའི་དུས་སྟོན་དང་དགའ་སྟོན་སོགས་ལ་ཞུགས་དགོས་པ་ཡིན། དེ་དག་གིས་རྒྱལ་བོར་བློ་འདོན་ཞིང་། བརྒྱ་ལ་ཕྱིའི་རྒྱལ་ཁབ་ཁག་གིས་དཔུང་འཇུག་བྱས་ཚེ། རྒྱལ་བོ་ལ་དམག་རོགས་བྱེད་པས། དེ་དག་རྒྱལ་བོ་ལ་ཕན་ཐོགས་ཧ་ཅང་ཆེ་བ་ཡིན། དེ་བཞིན་རྒྱལ་བོས་ཀྱང་དེ་དག་སྒེར་སོ་སོའི་འཇོན་ནུས་ལ་ལྟོས་ཏེ་གཟིགས་སྐྱོང་མཛད།

སློབ་དཔོན་ནག་མོ་ཁོལ་དགུང་ལོ་༣༢ཟིན་པ་ན། ཁོང་གི་ཆུང་མ་གྲོངས་ཤིང་། དེ་ལ་ཤིན་ཏུ་བརྩེ་བས། ཁོས་གཉེན་བསྐྱར་དུ་མ་བསྒྲིགས། དུས་ཤིག་ལ། བིན་དྷ་ཡའི་རྒྱལ་བོའི་སྲས་མོས་ཁོང་ལ་གཉེན་སྒྲིག་འདོད་ཀྱི་བསམ་པ་བསྟན། སྲས་མོ་དེ་ནི་ལེགས་སྦྱར་ལ་ཤིན་ཏུ་མཁས་ཤིང་། ནག་མོ་ཁོལ་ནི་མོའི་སློབ་དཔོན་ཡིན་པས། མོ་སྙན་ངག་མཁན་གྱི་རང་བཞིན་དང་འཇོན་ནུས། མཁས་ཚུལ་སོགས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། ཡིན་ནའང་། གཉེན་སྒྲིག་དེ་སྲས་མོའི་ཡབ་ལ་མཚོན་ན་ཁས་ལེན་བྱེད་ཐབས་བྲལ་བ་སྟེ། ཁོ་ནི་རྒྱལ་བོ་རྣམ་གནོན་གྱི་མག་པ་ཡིན་པས་སོ།། དེ་བས་ཁོས་རང་གི་ཉེ་དུའི་སེམས་པ་དཀྲུགས་འདོད་མེད་པར་མ་ཟད། རང་གི་སྲས་མོ་རྒྱལ་བོ་ཞིག་ལ་སྟེར་འདོད་ཀྱི་བྲམ་ཟེ་སྙན་ངག་མཁན་ཞིག་སྤྲད་འདོད་མེད། དེ་བས་ཁོས་ནག་མོ་ཁོལ་ལ་དེ་ཁས་ལེན་མི་ཉན་ཚུལ་གྱི་ཞལ་ཏ་གནང་། ཡིན་ནའང་། སྲས་མོའི་བློ་ཐག་རྦད་དེ་ཆོད་ཡོད་པས། སྲས་མོའི་ཡུམ་ནི་གཉེན་སྒྲིག་དེ་དོན་ཐོག་ཏུ་མ་འཁྱོལ་ན་དོན་རྐྱེན་ངན་པ་འདྲ་འབྱུང་དོགས་དང་། རང་ཉིད་ཀྱི་བུ་མོ་ལ་བརྩེ་བའི་དབང་གིས་རྒྱལ་བོ་ལ་གོ་སྐོན་བྱས་ཏེ་སྲས་མོ་དང་ནག་མོ་ཁོལ་གཉིས་གཉེན་སྒྲིག་ཏུ་བཅུག

ནག་མོ་ཁོལ་ནི་རྒྱས་སྤྲོས་ཀྱི་འཚོ་བར་རོལ་མྱོང་བ་སྟེ། སྙན་ངག་མཁན་འཇིག་རྟེན་མགོན་པོ་ལ་ཐུག་པའི་བར་དུ་ལེགས་སྦྱར་གྱི་སྙན་ངག་མཁན་རྣམས་ནི་དེ་དག་གི་རྒྱལ་བོ་རྣམས་ཀྱིས་ཡོན་སྦྱར་ཏེ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཡོད་པ་ང་ཚོས་ཤེས་ཐུབ། སྙན་ངག་མཁན་འཇིག་རྟེན་མགོན་པོ[7]་ནི་ཁ་ཆེའི་རྒྱལ་བོའི་སྲས་མོ་ཞིག་དང་གཉེན་བསྒྲིགས། ཁོང་གིས་རོལ་མྱོང་བའི་འཚོ་བ་རྒྱས་སྤྲོས་ཅན་དེས་དམངས་ཀྱི་གཏམ་དཔེ་འདི་གྲུབ་པར་བྱས། (དིལླིཤྭརོ བཱ ཛགདཱིཤྭརོ བཱ མནོརཐཱན྄ པཱུརཡིཏུཾ སམརྠཿ[8]) འཇིག་རྟེན་མགོན་པོའི་ཡིད་ཀྱི་ཤིང་རྟ་ནི།། ལྷའམ་དིལླིའི་དབང་བོས་ཚིམས་པར་ནུས།། ཞེས་པའོ།། བཤད་སྲོལ་ཞིག་ལ། སྙན་ངག་མཁན་འཇིག་རྟེན་མགོན་པོ་ལན་ཅིག་རྒྱལ་བའི་གྲོང[9]་གི་རྒྱལ་བོ་ཆེན་པོས་གདན་དྲངས་ཤིང་། ལྷན་ཅིག་ནགས་སུ་རི་དྭགས་བཤོར་དུ་ཕྱིན། ངལ་གསོ་བའི་དུས་སུ། ནུབ་འཚལ་འཐུང་ཟིན་ནའང་། བཏུང་བ་མཆོད་པའི་དུས་ཟིན་པའི་ཚེ། ཞབས་ཞུ་བས་བྲེལ་འཚུབ་ཀྱི་དབང་གིས་རྡོ་ཐལ་འཁྱེར་མི་འདུག་པ་རྟོགས་པས། རྒྱལ་བོ་ཆེན་པོས་མྱུར་བ་མྱུར་དུ་ཞབས་ཞུ་བ་འགའ་དེ་ལེན་དུ་བརྫངས་ནའང་། སྙན་ངག་མཁན་གྱིས་སྒུག་མ་བཟོད་པར། ཁོས་ཁོང་གི་སོར་གདུབ་རིན་ཐང་ཅན་དེ་རྡོ་ལ་བརྡར་ཏེ་དེའི་ཚབ་ཏུ་བྱས་ཏེ་བཏུང་བར་རོལ། སྙན་ངག་མཁན་འཇིག་རྟེན་མགོན་པོའི་སོར་གདུབ་བརྡར་ཟིན་པ་དེ་དུས་དེང་སང་ཡང་རྒྱལ་བའི་གྲོང་གི་དཀོར་མཛོད་དུ་བདག་ཉར་བྱས་ནས་ཡོད།

གཏམ་རྒྱུད་འདིས་ཁ་ཆེ་རྒྱལ་བོ་ཞིག་གི་མངའ་ཞབས་ཀྱི་ལེགས་སྦྱར་མཁས་པ་ཞིག་གི་རྒྱས་སྤྲོས་དང་བདེ་སྐྱིད་མཚོན་ཐུབ་པ་དང་། དེ་ཡང་དུས་རབས་འགའི་གོང་གི་ཡིན་པས། ང་ཚོས་ལོ་ངོ་ཉིས་སྟོང་སྔོན་ཏེ། ལེགས་སྦྱར་གྱི་སྐད་དེ་སྤྱི་སྐད་ཡིན་དུས་ཀྱི་ལེགས་སྦྱར་མཁས་པ་དག་ལ་མཚན་མཐོང་དང་འབྱོར་བ་ཅི་ཙམ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་གོ།།

བྲམ་ཟེ་དང་རྒྱལ་རིགས་གཉིས་གཉེན་སྒྲིག་པའི་སྲོལ་དེ་སྔོན་གྱི་བྱུང་རབས་དང་མ་ཧཱ་བྷཱ་ར་ཏ་སོགས་ལས་ཀྱང་འབྱུང་། ལུགས་སྲོལ་དེ་རྒྱལ་བོ་རྣམ་གནོན་གྱི་རྗེས་ཀྱི་ལོ་ཆིག་སྟོང་ཙམ་གྱི་རིང་ལ་ཡང་རྒྱུན་བསྐྱངས་འདུག དེ་ལྟ་བུའི་དཔེ་མཚོན་གནའ་སྔ་མོ་དང་དེའི་རྗེས་སུ་ཡང་ཇི་སྙེད་ཅིག་འབྱུང་། རིམ་གྱིས་རིམ་གྱིས། རིགས་བཞི་བོ་དེ་དག་ཀྱང་ནང་གསེས་ནང་གསེས་བྱས་ཏེ་ཇེ་མང་དུ་གྱུར།

ནག་མོ་ཁོལ་རྣམ་གནོན་ལོ་བརྒྱད་པར་སྲས་མོ་དེ་དང་གཉེན་བསྒྲིགས་ཤིང་། དེའི་རྗེས་སུ། ཁོང་དགའ་མགུའི་ལོངས་སྤྱོད་ལ་ཆེས་ཆགས་ཏེ་ཕོ་བྲང་ལ་ཡང་དུས་ཐོག་བཅར་མ་ཐུབ། མཁས་པ་དང་བློན་པོ་རྣམས་གདན་འཛོམས་དུས་ཀྱང་ནག་མོ་ཁོལ་མ་ཕེབས་པས་རྒྱལ་བོ་ཅུང་ཙམ་ཐུགས་ཁྲོས་པར་གྱུར་ཞིང་། གཉེན་བསྒྲིགས་ནས་ཅང་འགོར་མེད་པ་དེ་དེའི་རྒྱུ་མཚན་ཡིན་པའང་ཁོང་གིས་རྟོགས།

ནག་མོ་ཁོལ་ནི་ཕོ་བྲང་ནང་གི་ལེགས་སྦྱར་གྱི་སྙན་ངག་མཁན་གྲགས་ཅན་ཙམ་དུ་མ་ཟད། ཁོང་ནི་བློན་ཆེན་བརྒྱད་ཀྱི་གྲས་ཀྱང་ཡིན་ཏེ། ཕྱི་འབྲེལ་དང་ཆོས་ལུགས་ཚན་པའི་མདུན་ན་འདོན་ཡིན་པས་ཁོང་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཆ་ཚང་ལ་ཞུགས་དགོས་ཤིང་། ཕྱི་དང་ནང་གི་མཁས་པ་དག་ལ་སྣེ་ལེན་དང་བཀུར་བསྟི་བྱེད་རྒྱུའང་ཁོའི་གཞུང་ཕྱོགས་ཀྱི་ལས་འགན་རིགས་ཤིག་ཡིན་པ་རེད། སྲས་མོ་དང་གཉེན་བསྒྲིགས་རྗེས། ནག་མོ་ཁོལ་སྒྱིད་ལུག་པར་གྱུར་བ་དང་ལས་འགན་ཡང་དུས་ཐོག་ཏུ་ཁུར་མ་ཐུབ་པ་ལན་མང་བྱུང་།

སྙན་ངག་མཁན་ཁོང་ཕོ་བྲང་དུ་བཅར་མ་ཐུབ་པ་ལ་བརྟེན་ནས། གཞུང་གི་ལས་དོན་མང་དག་ཅིག་འཐུས་ཤོར་དུ་ཕྱིན། ཁོང་གི་ཚན་ཁོངས་སུ་གླེང་རྙོག་ཀྱང་ལན་འགར་བྱུང་། དེ་ལ་ཐུགས་རབ་ཏུ་ཁྲོས་པས། རྒྱལ་བོ་ཆེན་པོས་ནག་མོ་ཁོལ་ལས་གནས་ནས་བསྐྲད་འདོད་ཀྱང་། སྙན་ངག་མཁན་གྱི་མཁས་ཚུལ་དང་སྒེར་གྱི་ཉེ་དུའི་འབྲེལ་བ་སོགས་ལ་བརྟེན་ནས་དེ་ལྟར་གནང་མ་ཐུབ། གང་ལྟར་ཡང་། རྒྱལ་བོ་ཁོང་ལ་མི་དགའ་བ་ཇེ་ཐུར་ཕྱིན། ལན་ཅིག་མ་ག་དྷཱ་དང་ཨངྒའི་ཕྱོགས་ནས་ངོ་ལོག་བྱུང་ཞིང་། ནག་མོ་ཁོལ་ནི་ཕྱི་བློན་ཡིན་པས་འགན་དེ་ཁོང་ལ་འཁྲི་ནའང་། དེ་ལ་ཐུགས་སྣང་མ་གནང་བས། རྒྱལ་བོ་རང་ཉིད་ཀྱིས་འོ་བརྒྱལ་མྱངས་ཏེ་ཟིང་འཁྲུག་ཞོད་འཇགས་ཐུབ་ཙམ་བྱུང་། དུས་སྐབས་དེར། རྒྱལ་བོའི་སྲས་ཆེ་བའང་གློ་བར་དུ་གྲོངས་པར་གྱུར། ནག་མོ་ཁོལ་སྙན་ངག་མཁན་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཙམ་དུ་མ་ཟད། ཕྱི་བློན་ཡིན་པ་དང་། སྐར་རྩིས་ལ་མཁས་པ། དེར་མ་ཟད་ད་དུང་སྨན་པའང་ལེགས་གྲས་ཤིག་ཡིན་ནའང་། ཁོང་གིས་དུས་སྐབས་དེ་དག་ཏུ་རྒྱལ་བོ་ལ་སེམས་ཁུར་མི་བྱེད་པ་དང་། དམིགས་བསལ་གྱིས་རྒྱལ་སྲས་ལ་སྙུང་གཞི་ཕོག་དུས་ཁ་ཡ་མ་བྱས་པ་སོགས་ཀྱི་གནས་ཚུལ་བཀྲ་མ་ཤིས་པ་མཐའ་དག་གཅིག་ཏུ་འཛོམས་པས། རྒྱལ་བོ་ཁོང་ནས་ཁྲོ་བར་གྱུར་ཏེ་རྣམ་གནོན་ལོ་༡༠བའི་སྨིན་དྲུག་ཟླ་བའི་ཉིན་བཅུ་བར་ནག་མོ་ཁོལ་ལོ་གཅིག་ལ་རྒྱང་ཕུད་ལ་གཏོང་བའི་བཀའ་ཕབ།

སྙན་ངག་མཁན་གྱིས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་པར་གྱུར་ནའང་། རང་ཉིད་ཀྱི་ཆེ་བ་བསམ་ནས་རྒྱལ་བོར་ཞུ་བ་ཕུལ་བར་མ་བཅར་བར་ཉེས་ཆད་གུས་པ་དང་བཅས་ཏེ་དང་དུ་བླངས། དེ་ནས་ཅང་མ་འགོར་བར་ཁོང་འཕགས་རྒྱལ་གྱི་ཡུལ་ནས་རང་གི་གྲོགས་པོ་སྤྲིན་གྱི་ང་རོ་དང་ལྷན་དུ་གནས་གཞན་དུ་བསྙེགས། དོན་རྐྱེན་དེ་རྒྱལ་བོའི་ཕོ་བྲང་ཕྱི་ནང་ཀུན་གྱི་གླེང་གཞིར་གྱུར་བར་མ་ཟད། ནག་མོ་ཁོལ་རྒྱལ་བོའི་ཉེ་དུ་ཡིན་པའི་རྐྱེན་གྱིས། དེས་རྒྱལ་བོའི་སྣག་གི་གཉེན་མཚམས་དག་ཀྱང་མ་སྐྱིད་པ་ཞིག་བྱུང་། ག་ལེ་ག་ལེར་དོན་དེ་ས་ཕྱོགས་ཀུན་ཏུ་གྲགས་པར་གྱུར། རྒྱལ་བོ་ནི་ནག་མོ་ཁོལ་གྱིས་ཁོང་གི་བཀའ་གང་ཕབ་པ་གུས་པ་དང་བཅས་བརྩིས་པ་དེར་ཤིན་ཏུ་ཡ་མཚན་པར་གྱུར། ཁོང་གིས་བཀའ་ཕབ་དུས་ཐུགས་ཧ་ཅང་ཁྲོས་ཡོད་ནའང་། ནག་མོ་ཁོལ་གྱིས་རྒྱལ་བོའི་ཁབ་དང་རང་གི་ཁྱིམ། ད་དུང་རང་གི་ཆུང་མ་ཐམས་ཅད་སྤངས་ཏེ་གཤེགས་པར་གྱུར་བ་རྟོགས་པའི་ཚེ། ཡ་མཚན་པ་དང་སྡུག་བསྔལ་བ་གཉིས་འགྲན་པ་བཞིན་དུ་བྱུང་། ཟླ་བ་འགར། རྒྱལ་བོས་རང་གི་དགོངས་པ་འདི་གཞན་སུ་ལའང་ཤེས་སུ་མ་བཅུག དེ་ནས་དམངས་ཀྱིས་རྒྱལ་བོས་ཆད་པ་བཅད་པ་ཧ་ཅང་གདུག་རྩུབ་ཆེ་དྲགས་ཚུལ་གྱི་ལབ་གླེང་ཐོས་པ་ན། ཁོང་གི་འགྱོད་པ་ནོན་མི་ཐུབ་པར་གྱུར། སྤྱིར་ནག་མོ་ཁོལ་གྱིས་ཐུགས་བརྩེ་བར་མཛོད་ཅེས་ཞུ་བ་ཕུལ་བ་ཙམ་གྱིས་ཆག་ཡངས་བཏང་ཆོག་ཅིང་དོན་དག་དེ་ནས་མཇུག་རྫོགས་འགྲོ་ནའང་། སྙན་ངག་མཁན་གྱིས་དེ་ལྡོག་སྟེ་གུས་པ་དང་བཅས་ཏེ་ཁོང་གི་བཀའ་ཕབ་པ་དང་དུ་བླངས་ཏེ། འཕགས་རྒྱལ་སྤངས་པས། རྒྱལ་བོ་དང་མི་དམངས་ཐམས་ཅད་ནག་མོ་ཁོལ་གྱིས་རང་གི་ཆུང་མ་གསར་བ་སྤངས་ཐུབ་པར་ཡ་མཚན་ཞིང་། རིམ་གྱིས་རིམ་གྱིས་ཁོའི་བྱ་སྤྱོད་ལ་བསྔགས་བརྗོད་མཛད། རྒྱལ་སྲས་གཞན་པ་དག་གིས་ནག་མོ་ཁོལ་རྒྱལ་བོ་རྣམ་གནོན་གྱིས་རྒྱང་ཕུད་དུ་བཏང་བ་རྟོགས་མ་ཐག་སོ་སོའི་སར་ལོ་གཅིག་ལ་ཉར་བར་འདོད་ནའང་། སྙན་ངག་མཁན་ཁོང་གིས་རྗེ་བོ་གཅིག་རང་ལ་བློ་གཏོད་འདོད་ཀྱིས་ཁས་མ་བླངས་པར་ད་དུང་ན་རེ། ཉེས་ཆད་གཅོད་པ་ནི་རྒྱལ་བོའི་འགན་འཁྲི་ཡིན་པ་བཞིན་དུ་དེའི་ཉེས་པ་ཁུར་རྒྱུ་ཁོའི་འོས་འགན་ཡིན་ཚུལ་ཞུས་ཏེ། བློ་ཐག་རྦད་ཆོད་ཀྱིས་རྒྱལ་བོ་གཞན་གང་གིའང་ཡོན་ལེན་འདོད་མ་བྱུང་བར་ལོ་འཁོར་མོ་གཅིག་ལྗོངས་རྒྱུ་དང་གནས་མཇལ་གྱིས་སྐྱེལ་བར་དགོངས། གྲོང་ཁྱེར་འཕགས་རྒྱལ་ནས་ཐོན་ཏེ། ཆས་རྫུས་ཤིང་མཚན་བརྗེས་ཏེ་གནོད་སྦྱིན་ཞེས་བཏགས་ཤིང་གྲོགས་སྤྲིན་གྱི་ང་རོ་དང་ལྷན་དུ་ཡུལ་གྲུ་ཀུན་ཏུ་མྱུལ་ཞིང་། གནས་རྩ་ཆེན་གང་མང་མཇལ། འཕགས་རྒྱལ་ནས་ཁ་ཆེའི[10]་ཕྱོགས་སུ་བཞུད་པ་དང་། དེ་ནས་རི་བོ་གངས་ཅན་རྒྱུད་ཀྱི་འཆི་མེད་མགོན[11]། གངས་ཏི་སེ[12]། མ་ཕམ་གཡུ་མཚོ[13]་སོགས་སུ་ཕྱིན། དེའི་རྗེས་སུ་ན་སིཀ[14]་དང་ལྔ་ཅན་མའི[15]་ཕྱོགས་སུ་གཤེགས། དེ་དུས་སུ་ཟླ་བ་བརྒྱད་ཙམ་རྫོགས་པར་གྱུར་ཞིང་། དབྱར་ཡང་རྫོགས་ལ་ཉེ་བ་དང་། ཆུ་སྟོད་ཟླ་བའི་ཆར་དུས་མགོ་འཛུགས་ལ་ཁད་དུ་གྱུར་ཙ་ན། རང་གི་ཆུང་མ་དང་ཐེངས་དང་བོར་བྲལ་བ་ཡིན་པས་ཧ་ཅང་གདུང་བར་གྱུར། སྙན་ངག་མཁན་ཁོང་གིས་རྒྱལ་བོའི་རང་གཤིས་ལེགས་པར་མཁྱེན་ལ། རྒྱལ་བོའི་བཀའ་དེ་ཡང་ཐུགས་རབ་ཏུ་ཁྲོས་པའི་དབང་གིས་ཕབ་པ་རྟོགས་པར་གྱུར་བ་དང་། ཁོང་མེད་པས་རྒྱལ་བོ་ལགས་ཀྱང་ཧ་ཅང་ཐུགས་མི་བདེ་བར་ཡོད་ངེས་སྙམ། གང་ལྟར་ཡང་། ཁོང་གིས་རྒྱལ་བོ་མཆོག་ལ་ཞུ་བ་ཕུལ་རྩིས་མེད་པ་དང་། རྒྱལ་བོས་ཀྱང་སྙན་ངག་མཁན་གྱིས་ཞུ་བ་མ་ཕུལ་བར་གུ་ཡངས་གནང་ན་ཁོས་ཁས་མི་ལེན་པ་མཁྱེན་ཡོད་པས་དེ་མུར་ལུས།

ནག་མོ་ཁོལ་མཆོག་གིས་ཆུང་མ་དང་བྲལ་བའི་ཆར་དུས་དེ་གཅིག་པུར་སྐྱེལ་ཤིན་ཏུ་དཀའ་བར་གྱུར་བས། སྡུག་བསྔལ་བའི་སེམས་ཁམས་ཤིག་དང་བཅས་ཏེ་ཆུ་སྟོད་ཟླ་བའི་ཉིན་ཞིག་ལ་ཁོང་གིས་སྤྲིན་གྱི་ཕོ་ཉ་བརྩམས། དེ་ཡང་སྙན་ངག་མཁན་ཁོང་གིས་གཞན་བརྗོད[16]་ཀྱི་རྒྱན་འཚམས་ཤོས་སུ་གཟིགས་ཏེ། སྒྱུ་རྩལ་གྱི་བཅུད་ཀྱིས་གཏམས་པའི་རྩོམ་པ་དེ་ཡོངས་སུ་རྫོགས་པར་བྱས་ཏེ། གྲོགས་སྤྲིན་གྱི་ང་རོ་ལ་བཅོལ་ཏེ་ཡུལ་ལྔ་ཅན་མ་ནས་འཕགས་རྒྱལ་གྱི་ཕྱོགས་སུ་ཕོ་ཉར་བརྫངས། སྙན་ངག་དེ་དང་ལྷན་དུ་འཕྲིན་ཡིག་དང་བཅས་པ་ཆུང་མར་འཕྲོད་པ་ན། མོས་བཀླགས་ཚར་མ་ཐག་རྒྱལ་བོ་ལ་བསྐུར་བས། རྒྱལ་བོས་དེ་བཀླགས་ཏེ་ཤིན་ཏུ་མཉེས་པར་གྱུར་ནས། ཁོང་ལ་སྙན་ངག་མཁན་གྱི་ཕྱོགས་ནས་ཞུ་བ་ཞིག་ཕུལ་དགོས་ཡོད་པ་དེ། ‘ཡཱཉྩཱ མོགྷཱ བརམདྷིགུཎེ ནཱདྷམེ ལབྡྷཀཱམཱ[17]’(ལས་ཀྱི་དབང་གིས་ཆུང་མ་བསྐལ་གྱུར་བདག་ནི་ཁྱོད་ཀྱི་དོན་གཉེར་ཉིད།།) ཞེས་པ་དེ་ཤུགས་ཀྱིས་ཞུ་བ་ཕུལ་བར་གོ་བ་བླངས་ཏེ། རྒྱལ་བོས་མྱུར་བ་མྱུར་དུ་སྙན་ངག་མཁན་གྱི་ཉེས་པར་གུ་ཡངས་གནངས་ཏེ། རྟའི་ཁྱུ་དང་། གླང་བོའི་ཚོགས། དམག་སྡེ། ཤིང་རྟ་ལ་སོགས་པ་བརྫངས་ཏེ་སྙན་ངག་མཁན་ཕྱིར་རྒྱལ་བོའི་ཁབ་འཕགས་རྒྱལ་དུ་བསྟི་སྟང་དང་གུས་པ་རྒྱ་ཆེན་དང་བཅས་ཏེ་གདན་དྲངས།

གཞན་བརྗོད་ཅེས་པའི་རྒྱན་གྱིས་བཅིངས་པའི་སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ཆུང་མ་དང་བྲལ་བ་ལ་བརྟེན་ནས་མཛད་ཅིང་། འདིས་སྙན་ངག་མཁན་ཁོང་གི་སྒེག་པ་དང་སྙིང་རྗེའི་ཉམས་མཚོན་པའི་ཐབས་ལེགས་པར་བསྟན་ཡོད། སྙན་ངག་དེར་རྒྱང་ཕུད་ལ་གཏོང་མཁན་གྱི་རྒྱལ་བོར་རྒོལ་བའི་ཚིག་ཅང་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སྙན་ངག་མཁན་གྱིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་གནང་ཡོད། ཁོང་གིས་རྒྱལ་བོ་ནི་གནོད་སྦྱིན་རྒྱལ་བོ་ལུས་ངན་བཞིན་དུ་དང་རྒྱལ་བོའི་ཁབ་འཕགས་རྒྱལ་ནི་ལྕང་ལོ་ཅན་བཞིན་དུ་བསྔགས་པ་མཛད། འདི་ལྟ་བུའི་སྐྱེས་བུ་ཆེན་པོའི་མཛད་སྤྱོད་ནི་ཤིན་ཏུ་ནས་བསྔགས་པར་འོས་པ་སྟེ། སྤྱིར་བཏང་མི་ཕལ་མོ་ཆེས་རང་ཉིད་ཀྱི་ནོར་འཁྲུལ་དང་ནོངས་པ་ངོས་མི་ཟིན་པ་དང་། རང་ཉིད་ཀྱི་ཉེས་པ་ཁས་མི་ལེན་པར་མ་ཟད། ད་དུང་རང་ཉིད་ལ་མ་ཉེས་ཁག་གཡོགས་བྱས་སོང་ཚུལ་བཤད་པ་འདི་མིའི་རང་བཞིན་ཤིག་གོ། འདི་ལྟ་བུའི་བསམ་བློ་ཡོད་མཁན་ཕལ་མོ་ཆེ་ནི་ལེགས་སྦྱར་དོན་དུ་གཉེར་མ་མྱོང་མཁན་དང་འཕགས་པའི་བསྟན་བཅོས་དག་ལ་ཐོས་བསམ་བྱས་མ་མྱོང་མཁན་དག་སྟེ། ལེགས་སྦྱར་མཁས་པ་དག་ནི་དགེ་བ་གཙུགས་སུ་འཛིན་མཁན་དང་། དེ་དག་ནི་དུས་གཏན་དུ་རང་ཉིད་ཀྱི་སྐྱོན་ཆ་དང་དེ་འབྲེལ་གྱི་མཇུག་འབྲས་དང་དུ་ལེན་པར་རྟག་ཏུ་ཉེར་བསྡོགས་ཡོད་མཁན་དག་ཡིན། ཁོང་ཅག་གིས་རང་ཉིད་ཀྱི་ལས་དབང་ལ་འཁང་ར་གནང་བ་ཡིན།

མཁས་དབང་ཁོང་གསུམ་པོ་བཀའ་མཆིད་མཛད་པ་འདི་ནི་སྤྲིན་གྱི་ཕོ་ཉ་དང་འབྲེལ་ཏེ་གསུངས་པ་ཞིག་རེད། འདི་ནི་ལོ་ངོ་༦༠སྔོན[18]་ལ་ཐོས་པ་ཞིག་ཡིན། ཤྲཱི ཛིབནརཱམ ཤཱསྟྲཱི[19]་མཆོག་གིས་ལོ་རྒྱུས་འདིའི་ལག་བྲིས་མ་ཚིགས་བཅད་དུ་བྲིས་པ་ཞིག་ཁོང་ལ་ཡོད་གསུངས་མྱོང་ནའང་། དེ་དུང་ང་རང་ཉིད་བྱིས་པ་ཞིག་ཡིན་པས་སྤྲིན་གྱི་ཕོ་ཉའི་སྐོར་དེ་ནག་མོ་ཁོལ་གྱིས་མཛད་པ་ཙམ་མ་གཏོགས་གཞན་ཅང་མི་ཤེས། རྗེས་སུ། ལོ་ངོ་སུམ་ཅུ་ཙམ་གྱི་རྗེས་ལ་ངས་སྤྲིན་གྱི་ཕོ་ཉ་བཀླགས་དུས་མཁས་པ་ཁོང་རྣམས་ཀྱི་བཀའ་མཆིད་དེ་སྤྲོ་བ་དང་བཅས་ཏེ་དྲན་པར་གྱུར་ཞིང་། དུས་ལ་བསླེབས་པ་དང་ངས་ད་པར་དུ་བསྐྲུན་པའོ།།

 
ཞབས་མཆན།

[1] Acharya Sri Charanatirtha Maharaja, Meghadutam of Kalidasa,Chowkhamba Sanskrit Series Office, Varanasi, 1973. Pp. 57-64.

[2] Kevalram Liladhar Shastri.

[3] Shri Jivanram Shastri.

[4] Shri Shankarlal Shastri.

[5] Vikrama Sabvat

[6] Ujjayini (उज्जयिनी) Ujain, Ujjayini, Avanti, Avantika, Avantikapur, འདི་ཚང་མ་ས་ཆ་གཅིག་གི་མིང་དུ་འདོད། སྤྲིན་གྱི་ཕོ་ཉར་འབྱུང་བའི་ཨུ་ཛྫ་ཡི་ནི་ཞེས་པའང་འདི་ཡིན། བོད་སྐད་དུ་འཕགས་རྒྱལ་བྱ་བའོ།། དེང་གི་མངའ་སྡེ་དབུས་མའི་(Madhya Pradesh)ཁོངས་གཏོགས་སུ་ཡོད།

[7] Jagannatha Panditaraja (1590 – 1670)

[8] दिल्लीश्वरो वा जगदीश्वरो वा मनोरथान् पूरयितं समर्थः।

[9] Jaipur

[10] Kashmir

[11] Amarnath

[12] Kailas

[13] Mansarovar

[14] Nasik

[15] Panchavati བོད་སྐད་དུ་ལྔ་ཅན་མ་ཟེར་བ་སྟེ། སྐྱེད་མོས་ཚལ་ནྱ་གྲོ་དྷ་ལྔ་ཅན་ཞིག་ཡིན་པས་ནའོ།། དགའ་བྱེད་རཱ་མ་ལོ་བཅུ་བཞིར་ནགས་སུ་སྡོད་སའི་གནས།

[16] अन्योक्ति

[17] སྤྲིན་གྱི་ཕོ་ཉའི་ཤོ་ལོ་ཀ་དྲུག་པའི་”ལས་ཀྱི་དབང་གིས་ཆུང་མ་བསྐལ་གྱུར་བདག་ནི་ཁྱོད་ཀྱི་དོན་གཉེར་ཉིད།།” ཅེས་པའོ།། (འགྱུར་གསར་མ།)

[18] དེབ་འདི་སྤྱི་ལོ༡༩༧༣ལོར་པར་སྐྲུན་གནང་འདུག་པས་མཁས་དབང་གསུམ་པོའི་བཀའ་མཆིད་འདི་སྤྱི་ལོ་༡༩༠༠ཡར་མར་ཙམ་ལ་ཡིན་དགོས་པ་འདྲ།

ལོ་རྒྱུས།

Post navigation

Previous Post: རྟ་ལ་དགའ་བའི་བུ་མོ།
Next Post: ཤེས་རིག་ལས་ཁུངས་ཀྱི་འགུལ་བརྙན། ཨ་ཁུ་ཕག་པས་ཅ་ལག་ཉོས་པ།

Comments (30) on “སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་ཤིག”

  1. ལ་དྭགས་འཇམ་དཔལ།། says:
    2017-06-20 at 9:40 am

    ཚེ་དང་ལྡན་པ་ཟླ་བ་གཞོན་ནུས་ཁ་སྐད་བཙན་པོས བོད་མཁས་པ་རྣམས་ཀྱིས་བྲིས་པའི་རྒྱབ་འགལ་། རྒྱལ་པོ་ལ་རྒྱལ་བོ་སོགས་བྲིས་པས། ཀློག་བདེ་བ་ཞིག་མ་བྱུང་།

  2. དགེ་པཀྵི says:
    2017-06-20 at 12:53 pm

    སྤྲིན་གྱི་ཕོ་ཉ་དང་ནག་མོ་ཁོལ་གྱི་སྐོར་ལ་སྔར་མ་ཐོས་པ་མང་པོ་ཞིག་གོ་བས། ཧ་ཅང་དགའ་བོ་བྱུང་། ངས་སྤྲིན་གྱི་ཕོ་ཉ་ཐེངས་མང་བཀླགས་ནས་བར་སྐབས་ཤིག་བློ་ལ་འགྲོ་བ་ཞིག་བྱུང་ནའང་། ཚིག་བཅད་ཀྱི་སྤྱི་ཁོག་ཙམ་ལས་ཚིག་ཕྲེང་རེ་རེའི་དོན་ཞིབ་རྟོགས་མ་ཐུབ། ཨ་ལགས་དོར་ཞིའི་འགྲེལ་བ་དེས་ཤོ་ལོ་ཀ་རེ་རེའི་སྤྱི་དོན་རྟོགས་པར་ཕན་ནའང་། ཚིག་ཕྲེང་རེ་རེ་དེད་ནས་འགྲེལ་བ་བསྐྱོན་མི་འདུག་པས། དེ་འདྲའི་ཡིད་ཚིམ་པ་ཞིག་མ་བྱུང་། རག་རའི་འགྲེལ་བ་ཞིག་ཡོད་པར་གོ་བ་ལས་ཀློག་རྒྱུའི་སྐལ་བ་མ་བྱུང་པས་ཧ་ཅང་ཕངས། ཁོང་གིས་ལེགས་སྦྱར་མཁྱེན་པས་སྤྲིན་འགྲེལ་ཅུང་ལེགས་པོ་བྱུང་ཡོད་རྒྱུ་རེད་སྙམ། གང་ལྟར་སྤྲིན་འགྲེལ་ལེགས་པོ་ཞིག་ཡོང་བར་རྒྱ་གར་ལ་རྒྱུས་མངའ་ཅུང་ཡོད་དགོས་པ་དང་། རྒྱ་གར་གྱི་ལོ་རྒྱུས་ཏོག་ཙམ་ཤེས་དགོས་པ། དེ་བཞིན་རྒྱ་གར་གྱི་རིག་གནས་དང་ཡུལ་གོམས་གཤིས་ལུགས་སོགས་ལ་ཆ་རྒྱུས་རགས་ཙམ་ཞིག་བཅས་ངེས་པརཡོད་དགོས་སྙམ་པས། ཧིན་ངྷིའི་སྐད་དང་ཡི་གེ་མཁྱེན་པ་པ་དག་གིས་སྤྲིན་འགྲེལ་ཞིབ་ཙམ་རྒྱས་ཙམ་ཞིག་རྩོམ་འབྲི་གནང་ཐུབ་ན། ང་ལྟ་བུ་སྤྲིན་གྱི་ཕོ་ཉ་ཀློག་པར་དགའ་བ་དག་ལ་ཧ་ཅང་ཕན་པར་སེམས་སོ།།

  3. ཀརྡོ་རབ་འབྱམས་པ་ says:
    2017-06-20 at 2:31 pm

    ནག་མ་ཁོལ་གྱི་ལོ་རྒྱུས་འདི་ནི། གསར་དུ་ཐོས་ལ་སྙན་ཞིང་ཁུངས་བཙན་པ་ཞིག་འདུག་སྙམ་པས་མུ་མཐུད་ནས་ད་དུང་གསར་འཚོལ་ཐུབ་ན། ཀུན་ལ་ཕན་ངེས་ཆེའོ།།

  4. ཀརྡོ་རབ་འབྱམས་པ་ says:
    2017-06-20 at 2:55 pm

    སྔ་འགྱུར་ཞིག
    རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་། །
    གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤངས་ལ་ལོ་ཡི་བར། །
    ཡིད་འོང་སྐྱེད་བྱེད་བུ་མོ་ཁྲུས་བྱས་བསོད་ནམས་ཆེ་བ་རྣམས་དང་ཤིན་ཏུ་རབ་མཛེས་ཤིང་། །
    རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རྰ་མི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས། །
    འགྱུར་གཞན།
    ལན་ཅིག་གནོད་སྦྱིན་གང་ཞིག་རང་གི་བགྱི་བ་བག་མེད་དབང་གྱུར་པས། །
    རྗེ་བོ་ཁྲོས་པའི་དམོད་པས་མཛེས་མ་དང་འབྲལ་གཟི་བརྗིད་རྒུད་བཞིན་དུ། །
    སྐྱེད་བྱེད་བུ་མོས་ཁྲུས་བྱས་གཙང་མའི་ཆུ་དང་ལྗོན་ཞིང་གྲིབ་བཟང་ཅན། །
    རྰ་མའི་རི་བོའི་གནས་སུ་ལོ་ཡི་བར་དུ་གདུང་བ་རབ་ལྗིད་མྱོང་། །
    ་
    ངས་འོལ་ཚོད་བྱས་པ་ཞིག་ཀྱང་ཁ་བརྡར་ཡོད་ཀྱང་། ད་ལྟ་འབྲེལ་ཐག་མ་རྙེད།

  5. ཀརྡོ་རབ་འབྱམས་པ་ says:
    2017-06-20 at 6:12 pm

    http://www.khabdha.org/?p=58215#more-58215
    ་
    #10 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
    February 19th, 2014 at 4:19 pm
    ངས་རྒྱ་གཞུང་མཇལ་མ་བྱུང་ཡང་། འདི་ཚིག་སྒྱུར་བྱས་པ་མིན་ནམ་སྙམ།
    ༡
    རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུརད་ཅིང་།།
    གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤང་ལ་ལོ་ཡི་བར།།
    ཡིད་འོང་སྐྱེད་བྱེད་བུ་མོས་ཁྲུས་བྱས་བསོད་ནམས་ཆུ་བོ་རྣམས་དང་ཤིན་ཏུ་རབ་མཛེས་པའི།།
    རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས།།

    ངས་འོལ་ཚོད་ཀྱིས་དོན་སྒྱུར་བྱས་ན།
    ༡༽
    བག་མེད་དབང་གྱུར་གནོད་སྦྱིན་གང་ཞིག་ལ་ནི་རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀས། །
    ལོ་གཅིག་ཡུན་ལ་རང་གི་མཛེས་མ་དང་བྲལ་དེ་ཉིད་གཟི་བརྗིད་ཉམས་པར་བྱ་བའི་ཕྱིར། །
    ཡིད་འོང་སྐྱེད་བྱེད་བུ་མོས་ཁྲུས་བྱས་བསོད་ནམས་ཆེ་བ་རྣམས་དང་ཤིན་ཏུ་རབ་མཛེས་པའི། །
    རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རཱ་མའི་རི་བོར་སོང་ལ་གདུང་བར་གྱིས་ཞེས་དམོད། །
    ཅེས་པ་ལྟ་བུ་ཞིག་དགོས་འདུག་སྙམ་པས། དཔྱད་པར་འཚལ།

  6. དགའ་བྱེད། says:
    2017-06-20 at 11:47 pm

    དངོས་གནས་ལེགས་པོ་འདུག
    ཡུན་རིང་ཞིག་ལ་རྩོམ་འདི་འདྲ་བཀླགས་སྐལ་མ་བྱུང་།
    ཐུགས་རྗེ་ཆེ།

  7. ཟླ་བ་གཞོན་ནུ། says:
    2017-06-21 at 1:32 am

    ལ་དྭགས་པ་འཇམ་དཔལ་བྱ་བར།
    རྒྱལ་བོ་སོགས་ནི་ངེས་དོན་གྱི་བརྡ་སྤྲོད་སྨྲ་བ་དཔའ་རིས་སངས་རྒྱས་དང་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ཐམས་ཅད་ཕྱག་ལེན་འདི་ལྟར་མཛད་པ་ཡིན།
    བདག་ཉིད་ཀྱང་དེ་རང་འཐད་པར་བཟུང་མཁན་ཡིན།
    རང་ལུགས་སུ་རྒྱལ་བོ་ལ་རྒྱལ་པོ་སོགས་ཟེར་ན་ཁ་སྐད་ཀྱི་དབང་བཙན་པ་དང་དམིགས་ཀྱིས་བསལ་བར་ངོས་འཛིན་ཞུ་བ་ཡིན།
    དེ་བཞིན་འགྲེལ་བ་ལ་འགྲེལ་པ་སོགས་ཀྱི་མིང་མཐའ་སྦྱོར་བ་ནི་ཡང་འཇུག་ཡོད་མེད་དང་དེ་བཞིན་གྱི་སྦྱར་ལུགས་ཙམ་ཡིན་ཙ་ན། ཡང་འཇུག་མི་འབྲི་ན་མེད་པའི་ལུགས་སུ་བྱེད་པ་ཡིན་པས། འགྲེལ་བ་ཞེས་འབྲི་ལ། ཡོད་པའི་དབང་དུ་བྱས་ན་འགྲེལད་པ་ཞེས་འབྲི་བ་རང་ལུགས་སོ།།
    དེ་བས་བོད་ལ་ལུགས་འདི་དང་འདི་ལྟ་བུ་ཡང་ཡོད་པ་མཁྱེན་ན་ཕྱོགས་གཅིག་ལས་མ་གཟིགས་པས་གཞན་ལ་དོན་མེད་པར་འདི་ནོར་དང་དེ་ནོར་ཟེར་བ་ཅུང་བསྙུང་བཏུབ་པ་ལགས།

  8. ཟླ་བ་གཞོན་ནུ། says:
    2017-06-21 at 2:18 am

    དགེ་པཀྵི་ལགས།
    སྤྲིན་གྱི་ཕོ་ཉའི་སྙན་ངག་འདི་ལ་དེང་སྐབས་ཚིག་འགྲེལ་འགྲོ་མཁན་ཞིག་ཡོད་ན་དེ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་ཡིན།
    སྤྲིན་གྱི་ཕོ་ཉའི་འགྱུར་གསར་དུ་བསྒྱུར་ཟིན་པས།
    གང་མགྱོགས་སྤྱན་ལམ་དུ་འགྱུར་ངེས་ཡིན།

  9. གཡག་རྒོད། says:
    2017-06-21 at 5:12 am

    སྤྲིན་གྱི་ཕོ་ཉ་འཆད་ཁྲིད་བྱེད་པར་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལས་ལྷག་པ་ཞིག་བོད་རང་གི་མཁས་དག་གི་ཁྲོད་ནས་ད་སྔ་བྱུང་མ་སོང་། སླད་མར་གཞོན་སྐྱེས་བློ་ལྡན་པ་དག་གིས་འཇིག་རྟེན་ན་གྲགས་པ་འབར་བའི་སྙན་ངག་འདི་སྔར་ལས་ལྷག་པར་དོ་སྣང་དང་འཆད་སྤེལ་བྱེད་པའི་རེ་བ་ཤིན་ཏུ་ཆེ།

  10. ཀརྡོ་རབ་འབྱམས་པ་ says:
    2017-06-21 at 5:15 am

    ག་ང་ད་ན་བ་མ་འ་ར་ལ་ས་བཅུ་གར་ཐོབ་ཚུལ་ཡོད་པ།
    གཡག་པ།
    བྱང་པ།
    བོད་པ།
    བསྟན་པ། ཐན་པ།
    ལབ་པ།
    སྐམ་པ།
    མཐའ་པ།
    ཤར་པ། ཐར་པ། ཆར་པ།
    བསྐལ་པ། ཐོལ་པ།
    མཁས་པ།
    ཀ་པ། ཁ་པ། ག་པ། ང་པ་སོགས་འདི་ནང་མང་པོ་ཞིག་ནོར་བ་ཡིན་ནམ། བཀའ་བཅོས་ལས་ལྷག་པ། དཔའ་རིས་སངས་རྒྱས་དང་ཨ་ལགས་ཚེ་ཏན་ཞབས་དྲུང་ལ་ཁུངས་གཏུགས་དགོས་དོན་གང་ཡིན་ནམ་ལགས། ཟླ་བ་གཞོན་ནུ་ལགས།

  11. ཀརྡོ་རབ་འབྱམས་པ་ says:
    2017-06-21 at 5:16 am

    ག་ང་ད་ན་བ་མ་འ་ར་ལ་ས་བཅུ་གར་ཐོབ་ཚུལ་ཡོད་པ།
    འདི།
    ག་ང་ད་ན་བ་མ་འ་ར་ལ་ས་བཅུ་གར་པ་ཐོབ་ཚུལ་ཡོད་པ།

  12. དགེ་པཀྵི says:
    2017-06-21 at 5:41 am

    སྤྲེལ་ནག་པ་ངས་ངོ་ཤེས་ཤིང་། ངེད་གཉིས་དགོན་པ་གཅིག་པ་རེད། སྤྲིན་གྱི་ཕོ་ཉའི་འགྱུར་གསར་བ་ཞིག་ཐོན་གི་ཡོད་ན་དགའ་བསུ་ངེས་པར་ཞུ་རྒྱུ་ཡིན་ཞིང་། འགྱུར་ཁོ་ན་མ་ཡིན་པར་འགྱུར་དང་མཉམ་དུ་འགྲེལ་བ་གསལ་ཙམ་ཞིག་ཡོད་ན་ཧ་ཅང་བཟང་པར་སེམས། དེ་ཡང་”རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་།།”ལྟ་བུར་མཚོན་ན་གོང་དུ་ཉིད་ཀྱིས་བཀོད་པའི་ལོ་རྒྱུས་འདི་དང་སྦྱར་ནས་འགྲེལ་ན། ད་བཟོད་རྗེ་བོ་ཁྲོ་དགོས་པ་དང་ནག་མོ་ཁོལ་ཡུལ་སྤྱུགས་བྱེད་དགོས་པའི་རྒྱུ་མཚན་སོགས་ནམ་ལངས་ཉི་ཤར་ལྟར་གྱུར་འདུག་པས། རྗེ་བོ་ཁྲོས་ནས་རཱ་མའི་རི་བོར་ཡུལ་སྤྱུགས་བྱས་པ་རེད་ལྟ་བུ་དོན་དག་རྡོག་འགྲེལ་ལམ་བསྡུས་འགྲེལ་བྱས་པ་ཙམ་གྱིས་ཡིད་ཚིམ་རྒྱུ་ཅུང་དཀའ་བར་སྣང་། དེ་བས་ཧིན་ཡིག་དང་ཧིན་སྐད་མཁྱེན་ཞིང་། ཧིན་ངྷུ་སི་ཋན་ལ་རྒྱུས་མངའ་ཅུང་ཟད་ཡོད་མཁན་ཉིད་ལྟ་བུ་དག་ལ་གོང་དུ་བཀོད་པ་ལྟར་གྱི་སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་ལོ་རྒྱུས་དང་། ས་ཆ། ༼དཔེར་ན་རཱ་མའི་རི་བོ་ལྟ་བུ་ད་ལྟ་གང་དུ་ཡོད་པ་དང་མིང་ལ་ཅི་ཟེར་བ༽ དེ་བཞིན་ཆོས་ལུགས་དང་རིག་བྱེད་གཏམ་རྒྱུད་སོགས་དང་འབྲེལ་བའི་རིགས་ལ། དེ་མཚུངས་ཀྱི་གཏམ་རྒྱུད་དང་སྦྱར་ནས་འགྲེལ་བ་གསལ་ཙམ་ཞིག་ཀྱང་འགྱུར་གསར་བ་དང་ལྷན་སྦྱར་དུ་འགོད་ཐུབ་ན། ངེས་པར་དུ་ཐུགས་ཕན་གསོས་པར་སྣང་ངོ་།།

  13. ཀརྡོ་རབ་འབྱམས་པ་ says:
    2017-06-21 at 6:40 am

    मेघदूत
    कालिदास

    पूर्वमेघ

    कश्चित्‍कान्‍ताविरहगुरुणा स्‍वाधिकारात्‍प्रमत:
    शापेनास्‍तग्‍ड:मितमहिमा वर्षभोग्‍येण भर्तु:।
    यक्षश्‍चक्रे जनकतनयास्‍नानपुण्‍योदकेषु
    स्निग्‍धच्‍छायातरुषु वसतिं रामगिर्याश्रमेषु।।

    कोई यक्ष था। वह अपने काम में असावधान
    हुआ तो यक्षपति ने उसे शाप दिया कि
    वर्ष-भर पत्‍नी का भारी विरह सहो। इससे
    उसकी महिमा ढल गई। उसने रामगिरि के
    आश्रमों में बस्‍ती बनाई जहाँ घने छायादार
    पेड़ थे और जहाँ सीता जी के स्‍नानों द्वारा
    पवित्र हुए जल-कुंड भरे थे।
    ་
    རྒྱལ་པོ་ལུས་སྲུལ་པོ་རྣམ་ཐོས་ཀྱི་བུ་དང་གཅིག གནོད་སྦྱིན་གྱི་ཁོལ་པོ་དང་གཉིས། ནོར་བདག་གི་དམོད་པ་བཏང་བ་དང་གསུམ། མཐའ་མ་འཇུག་རྫོགས་དུས་གནོད་སྦྱིན་མོ་སྟེ། གནོད་སྦྱིན་ཁྱོ་ཤུག་གི་ཚིག་གིས་གསུང་སྟངས་ལ་བལྟས་ན། ནག་མོ་ཁོལ་རང་གི་ལོ་རྒྱུས་ལ་སྦྱར་བ་མིན་པར། སྔར་གྱི་རིག་འབྱེད་རྙིང་པའི་གཏམ་བརྒྱུད་ལ་སྦྱར་བའམ། ཡང་ན་བཅོས་སྒྲུང་ཞིག་ལས་མ་འདས་སོ་སྙམ་མོ།།

  14. BONPO says:
    2017-06-21 at 10:54 am

    ཁ་སྐད་དང་ཡུལ་སྐད་ཀྱི་མིང་བརྡ་གང་མངས་མང་འབྲི་རོགས་གནོངས། དེས་དྭངས་ཤིང་གཙང་བའི་གངས་ཅན་པ་ཕ་མེས་ཡང་མེས་ནས་བརྒྱུད་པའི་རང་སྐད་དངོས་གནས་དེའི་ཚེ་རྒྱུན་དང་བླ་སྲོག་སྲུང་སྐྱོབ་ལ་ཕན་ངེས་སོ། །

  15. ལྷག་པ། says:
    2017-06-22 at 12:32 am

    ཟླ་བ་གཞོན་ནུ།
    སྤྲིན་གྱི་ཕོ་ཉའི་སྐོར་སྔར་མ་ཐོས་པའི་ལེགས་བཤད་ཐོས་བྱུང་བ་སེམས་ཁོངས་ནས་ཐུགས་རྗེ་ཆེ།
    འོན་ཀྱང་། པ་བ་དང་། བ་བོའི་སྦྱོར་ཚུལ་དེར་རྒྱུ་མཚན་ཕྱོགས་གཉིས་ཀས་འཆད་རྒྱུ་ཡོད།
    འོན་ཀྱང་བོད་མི་མང་ཆེ་བའི་ཁས་ལེན་ཡོད་པ་ཞིག་སྣང་མེད་ཀྱིས་རང་ལུགས་ཡིན་ཁུལ་ཨུ་ཚུགས་བྱེད་པར་དགོས་པ་ཅང་མ་མཐོང་། ངག་ནས་བོད་ཀྱི་རིག་གཞུང་དང་མཐུན་སྒྲིལ་སོགས་གྲངས་མེད་ཤོད་ཀྱིན་དོན་དེ་ལྟ་བུར་སྡིག་པ་མིག་བཙུམ་བྱ་ན་གང་ཞིག་ལ་ཕན་བསམ་བློ་ཐོངས། པ་བའི་སྐོར་དེ་སྔོན་ལམ་རིམ་ཆེན་མོ་སོགས་ལ་ཡང་སྒྱུར་བཅོས་བཏང་བ་དང་། དེ་བཞིན་བབ་ཚུགས་ལ། བབ་ཚིགས་དང་། ལོ་གསར་ལ་སོ་སར། འགོ་ཁྲིད་ལ་མགོ་ཁྲིད་སོགས་སྔར་གྲགས་པའི་བརྡ་དག་ལ་སྐྱོན་འདིའོ་ཞེས་ཚད་དང་ལྡན་པ་ཞིག་སྨྲ་རྒྱུ་མེད་པར་ཟུར་དུ་མཁས་ཁྱད་འདོན་ཁུལ་མ་མཛད་ན་ལེགས་པར་མཐོང་།

  16. ཟླ་བ་གཞོན་ནུ། says:
    2017-06-22 at 1:45 am

    ཾལན་དཀྱུས་གཅིག་ཏུ་བཏབ་ན།

    གཡག་པ།
    བྱང་པ།
    བོད་པ།
    བསྟན་པ། ཐན་པ།
    ལབ་པ།
    སྐམ་པ།
    མཐའ་བ།
    ཤར་བ། ཤརད་པ། ཐར་བ། ཐརད་པ། ཆར་བ། ཆརད་པ།
    བསྐལ་བ། བསྐལད་པ། ཐོལ་བ། ཐོལད་པ། འདི་དག་ལ་རྟག་ཏུ་དོན་མེད་པར་ཡང་འཇུག་གི་ཤུགས་རྐྱེན་ཐེབ་མེད་དམ་བསམ་མོ།།
    ཁ་ཅིག་གིས་པ་མ་སྦྱར་ན་བདག་སྒྲ་ཡིན་པ་མི་གོ་ཟེར་བ་འདི་སྒྲ་གཞན་སེལ་ཡིན་པར་དགག་པ་ལྟ་བུ་ཞིག་མི་འདུག་གམ? ཧེ་ཧེ།

    འདི་ཚང་མ་ཡང་འཇུག་ཡོད་པའི་དབང་དུ་བྱས་ཏེ་པ་རྐྱང་སྦྱར་ནའང་། ཡང་འཇུག་མི་འབྲི་ན་མིང་མཐའ་ཡང་མེད་པའི་དབང་གིས་སྦྱོར་དགོས་པ་རང་ལུགས་སོ།།
    མཁས་པ།
    ཀ་པ། ཁ་པ། ག་པ། ང་པ། འདི་ཚང་ཀ་བ། ཁ་བ། ག་བ། ང་བ་རང་ཡིན།
    འདི་ཚང་མ་བཀའ་བཅོས་མ་རེད། རྗེས་ཀྱི་མཁས་པ་འགས་བཟོས་པ་རེད།

    ངེས་དོན་གྱི་བརྡ་སྤྲོད་སྨྲ་བ་དཔའ་རིས་སངས་རྒྱས་དང་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ནི་བོད་རང་གི་སྐད་དང་རིག་གཞུང་ལ་གཞན་གྱི་དྲིང་མི་འཇོག་པར་མ་ཟད། བརྡ་སྤྲོད་པ་ཟེར་བ་དང་སྐད་བརྡ་རིག་པ། དེ་བཞིན་དུ་ཆེས་ཐུན་མོང་མིན་པ་ཞིག་ནི་བོད་རང་གི་སྐད་ཀྱི་གཤིས་ལུགས་ལ་ཧ་ཅང་རྒྱུས་མངའ་དམིགས་བསལ་བ་ཡོད་པ་མཐོང་བས་ཡིན།
    ༢༠་ལ་གཉིས་བཅུ་མི་ཟེར་བ་ཉི་ཤུ་ཟེར་བ་དང་། ༡༠༠༠ལ་གཅིག་སྟོང་མི་ཟེར་བར་ཆིག་སྟོང་ཟེར་བ། དཀོན་མཆོག་ལ་དཀོན་ཅོག་ཟེར་བ་སོགས་སི་ཏུ་པཎ་ཆེན་ཡང་ཞལ་བཞེས་པ་ལྟར། འདི་དག་ནི་བོད་རང་གི་སྐད་ཀྱི་གཤིས་ལ་འབྱར་ཡོད་པས་ཡིན།
    སྐད་ཟེར་བ་འདི་བརྗོད་པ་མིའི་ལྕེ་རྐན་དང་ཐུག་ཅིང་། ཡི་གེའི་སྐྱེ་གནས་དང་འབྲེལ་བས། དེའི་རང་བཞིན་དང་དེའི་རྩོལ་བ་སོགས་ལ་ཞིབ་འཇུག་དང་ཐུགས་བསམ་རྣལ་དུ་སོང་བ་ཞིག་མེད་པར་མཁས་པ་སྔ་མ་དག་གིས་འདི་འབྲི་གནང་བ་ཡིན་ཟེར་བ་ཙམ་གྱིས་རྔོ་མི་ཐོགས་པར་འདོད་དོ།།

    ལྷག་པ་མཆོག་ལ་ལན་གོང་དུ་བཏབ་ཟིན། གོང་གི་འདི་དག་ལ་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྱུར་བ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གང་དང་འགལ་ཚུལ་རེ་རེ་བཞིན་གཏན་ཚིགས་དང་བཅས་ཏེ་སྟོན་དང་ཁས་ལེན་ཆོག འདི་གླེན་པའི་ཨུ་ཚུགས་ལྟ་བུ་མིན་པས་དེ་ལུགས་ཀྱི་བསྙད་པ་སྤང་བར་མཛོད།
    ད་དུང་ཞུ་བྱ་འདི་ཡོད་དེ། རང་ལུགས་ལ་འབབ་ཚིགས། ལོ་སར། མགོ་ཁྲིད་སོགས་དག་པར་འདོད་ཅིང་། གཞན་གྱིས་ལོ་གསར་དང་འགོ་ཁྲིད་སོགས་བྲིས་ནའང་། སྙིང་ཁམས་ཤིན་ཏུ་ཆེ་བ་དག་བཞིན་དུ་དེ་ནོར་རོ་ཞེས་ནམ་ཡང་རང་ལུགས་ལ་མི་བཤད་པ་ཡིན། དེ་འདྲ་འབྲི་མཁན་ཡང་ཡོད་པ་རེད་དང་ཡང་ན། འབྲི་ཚུལ་དེ་འདྲ་ཡང་ཡོད་པ་རེད་ཟེར་བ་ཡིན། སྤྱིར་འདི་ཙམ་གྱིས་སྐད་ཡིག་བརླག་འགྲོ་བ་དང་ཐོར་འགྲོ་བ་ཞིག་ནམ་ཡང་མི་འོང་བས་དེ་ལ་དོན་མེད་པར་སེམས་ཁྲལ་མི་གནང་བར་ཞུ།

    མཐུན་སྒྲིལ་ཟེར་བ་དེ་མི་གཅིག་པ་དག་གིས་ཕན་ཚུན་གྱི་ལྟ་བར་གུས་བརྩི་དང་བཅས་ཏེ་རུབ་རུབ་ཀྱིས་ནུས་ཤུགས་མཉམ་དུ་སྤུངས་ཟེར་བ་ལས། མཐུན་པོ་ཡོང་ཕྱིར་དང་ཆིག་ཏུ་སྒྲིལ་བའི་ཕྱིར་རང་ཉིད་ཀྱི་ལྟ་བ་དང་ཆ་ལུགས་ཚང་མ་སྤོངས་ཟེར་བ་ནི་གཏན་ནས་མིན་པས། མཐུན་སྒྲིལ་ཟེར་བ་དེའི་དོན་སྙིང་མཁྱེན་དགོས་པའང་ཧ་ཅང་འགངས་ཆེ་བར་སེམས་སོ།།

    དགེ་པཀྵི་ལགས། དེས་ན་ཡག་བྱུང་། སྤྲེལ་ནག་པས་འགྲེལ་བ་ཞིག་འབྲི་གཏན་ཁེལ་བས། རབ་འབྲིང་མཐའ་གསུམ་ཀུན་ལ་ཐུགས་ཕན་སོས་པ་ཞིག་འོང་གི་རེད་འདོད་དོ།།
    འོ་ཡ། ཕེབས་པ་ཐུགས་རྗེ་ཆེ།
    དེ་ཙམ་ཞུ།

  17. ཀླུ་སྨྱོན། says:
    2017-06-22 at 1:53 am

    སྤྲིན་གྱི་ཕོ་ཉའི་འགྲེལ་པ་ཨ་ལགས་དོར་ཞིས་བྲིས་པ་དེ་ཡག་པོ་འདུག དེ་ལས་ལྷག་ཟིག་མི་དགོས་པ་ལྟ་བུར་འདུག་ཀྱང་། མཁས་པའི་རྣམ་དཔྱོད་ལ་མཐའ་མེད་པས་སོ།།

  18. ཀརྡོ་རབ་འབྱམས་པ་ says:
    2017-06-22 at 5:58 am

    དཔའ་རིས་སངས་རྒྱས་དང་ཨ་ལགས་ཚེ་ཏན་ཞབས་དྲུང་དང་། ཟླ་བ་གཞོན་ནུ་རྣམས་ནི། མདོ་ཁམས་པ་ཡིན་པ་འདྲ། དུས་གཙང་ནས་བོད་ཡིག་བཟོས་ཀྱང་། མདོ་ཁམས་ནས་བོད་ཡིག་གི་ལུགས་རྣམས་རྩ་གཏོར་གཏོང་བཞིན་འདུག་གོ།

  19. ཀརྡོ་རབ་འབྱམས་པ་ says:
    2017-06-22 at 6:11 am

    བོད་སྐད་ནང་ལ། གསར་པ། གསར་བ། གསར་ཤོས་གསུམ་གྱི་དག་ཆ་ཙམ་ཡང་་མི་ཤེས་མཁན་ཚོས། བོད་ཀྱི་བརྡ་སྤྲོད་ལ་བཅོས་བསྒྱུར་བྱས་པ་ནི་ངོ་ཚ་དང་ཧམ་པའི་གནས་སུ་གྱུར་པ་མ་ཡིན་ནམ། ལགས།།

  20. ཀརྡོ་རབ་འབྱམས་པ་ says:
    2017-06-22 at 6:25 am

    བོད་པ་ལ། ཝོད་པ་ཟེར་མཁན་ཚོས། ད་བོད་པ་དེ་ཡང་། ཝོད་བ་ལ་བཅོས་བསྒྱུར་བྱ་རྒྱུ་ལས་ལྷམ་མི་འདུག

  21. ཀརྡོ་རབ་འབྱམས་པ་ says:
    2017-06-22 at 6:26 am

    ད་ནས་མགོ་འཁྲེགས་དེ་ཚོ་དང་མི་རྩོད་དོ།།

  22. ལ་དྭགས་འཇམ་དཔལ།། says:
    2017-06-22 at 9:48 am

    བེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།
    སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།
    རིན་ཆེན་བཟང་པོ་མཐོ་རངས་སྐར་ཆེན་འདྲ།
    ཁོ་བོ་ཅག་ནི་སྲིན་བུ་མེ་འཁྱེར་བཞིན།།
    ་
    ཞེས་བོད་ཀྱི་སྒྲ་སྒྱུར་པ་བློ་ལྡན་ཤེས་རབ་ཀྱིས། ཡེ་ཤེས་སྡེས་བསྒྱུར་པའི་བཀའ་བསྟན་གཞུང་རྣམས་གཟིགས་ནས། གོང་གསལ་ཚིགས་བཅད་དེ་གསུངས་པར་གྲགས། ད་ལྟར་བཀའ་བསྟན་དང་། བཀའ་བརྟེན། བོད་ཀྱི་མཁས་པ་དག་གིས་བཀོལ་པོའི་མིང་ཚིག་རྣམས་བཀོལ་སྤྱོད་དགོས། མདོ་སྨད་ཀྱི་མཁས་གྲུབ་འཇམ་དབྱངས་བཞད་པ། གུང་ཐང་བསྟན་པའི་སྒྲོན་མ། ཐུ་ཀྭན་ཆོས་ཀྱི་ཉི་མ། དགེ་བཤེས་རབ་རྒྱ་མཚོ། དགེ་འདུན་ཆོས་འཕེལ་སོགས་ཀྱིས་བཀའ་བསྟན་ན་ཡོད་པའི་ཡི་གེའི་དག་ཆ་ལ་ཆ་འཇོག་མཛད་པར་མངོན་གསལ་ཡིན།
    འོན་ཀྱང་ཕྱིས་སུ། རྒྱ་ནག་གུང་ཕྲང་ཏང་གིས་རྒྱ་ནག་གི་མིང་ཚིག་ཡི་གེ་ལ་བསྒྱུར་བཅོས་བཏང་། དེ་ཡིས་ཤན་ཞུགས་ཀྱིས་བོད་ཀྱི་མཁས་པ་རྣམས་ཀྱང་། སྔར་ལུགས་ཡི་གེའི་དག་ཆ་རྣམས་ལ་བརྩིས་མེད་་དུ་གྱུར།

  23. ཁ་ཞེ་གཉིས་མེད་ says:
    2017-06-22 at 10:22 am

    རྒྱལ་བ་རིན་པོ་ཆེས་མདོ་དབུས་ཁམས་གསུམ་གང་དུ་སོང་ཡང་བཀའ་བསྟན་སོགས་གསུང་འབུམ་རྣམས་ཀྱི་ནང་དོན་རྟོགས་ཐུབ་ཀྱི་ཡོད་པ་དེ་ཡང་ཡིག་སྐད་གཅིག་གྱུར་སྤྱད་པས་ཡིན་པར་གསུངས། གཞན་ཁ་སྐད་དང་ཡུལ་སྐད་སོགས་ལུང་ཚན་འདྲ་མིན་གྱི་སྐད་ཀྱི་ནང་བརྩམས་ཆོས་སྤེལ་ན། བོད་མི་ནང་ཁུལ་ལ་ཡང་སྐད་བསྒྱུར་དགོས་པའི་དུས་གཅིག་ཤར་ངེས་མ་ཟད། སུམ་རྟགས་ཀྱི་འགྲོས་ཀྱང་ནུབ་ལུགས་དང་བསྟུན་གང་ཐུབ་གནང་ན་ད་ལྟ་ཆ་ཚང་མི་ཤེས་པའི་དཀའ་ངལ་ཡོད་པ་དེ། ནམ་ཞིག་ཅི་ཡང་མི་ཤེས་པ་ཆགས་པའི་ཉེན་ཁ་ཡོད་པ་ཡིན། ང་ནི་རྒན་ལ་དྭགས་པའི་གསུང་དེ་འཐད་པར་མཐོང་།

  24. དགའ་བྱེད། says:
    2017-06-22 at 11:35 am

    དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་བཀའ་བསྟན་འགྱུར་ལ་ཞུ་དག་བཏང་བའི་ལོ་རྒྱུས་དེ་དྲན་ན་སྙིང་ན་བ་ཞིག་ཡོད།
    ཁ་ཅིག་གིས་དབང་ཆ་མཁྲེགས་འཛིན་མ་གཏོགས་གནས་ལུགས་བཤད་མི་ཤེས་པ་བདེན་པར་སྣང་།

    བོད་སྐད་ཀྱི་བདག་པོ་མདོ་ཁམས་པ་རེད་འདུག་ག
    དེང་སང་།
    མ་གཞི་ནས་བོད་བཙན་པོའི་གདུང་རྒྱུད་མདོ་ཁམས་ལ་ཡོད་པ་དེས་ཡིན་པ་འདྲ།

  25. ལ་དྭགས་འཇམ་དཔལ།། says:
    2017-06-22 at 12:49 pm

    དགེ་བཤེས་རབ་རྒྱ་མཚོ་བོད་དབུས་ལྷ་སར་བཞུགས་མ་ནུས་པར་རྒྱ་ནག་ཏུ་ཕེབས། དེར་བརྩི་བཀུར་བྱེད་པར་གཟིགས་ནས། གཤམ་གསལ་ཚིགས་བཅད་པ་དེ་བརྩམས་སོ་སྙམ།
    ་
    དང་པོར་གོ་མིན་ཏང་གིས་བཀུར།
    ད་ལྟར་གོ་ཕྲན་ཏང་གིས་བཀུར།
    སྟོན་པས་རྒྱུ་འབྲས་བདེན་ནོ་ཞེས།
    གསུངས་པས་སྙིང་ག་གང་བར་གྱུར།།
    ་
    ཤུས་དག་དགོས་ན། ཞུས་དག་ལ་དགའ་བསུ།

  26. དགེ་བསྟན། says:
    2017-06-23 at 11:30 am

    རྒྱལ་བོ་དང་རྒྱལ་པོ་གཉིས་ལ་དག་མི་དག་གི་ཁྱད་པར་གཏན་ནས་མེད་ཀྱང་། ཁྱོད་ཀྱིས་རྣ་བས་གང་མང་དུ་གོ་མྱོང་ཡོད་པ་དང་། མིག་གིས་གང་མང་དུ་མཐོང་མྱོང་ཡོད་པ་དེ་དག་དག་སེམས་པ་ཙམ་མོ།།

  27. དགེ་བསྟན། says:
    2017-06-23 at 11:31 am

    དག་པར་སེམས་པ་་་

  28. དགའ་བྱེད། says:
    2017-06-24 at 10:44 am

    ལ་དྭགས་པ་ཟེར་བ།
    རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་མཚན་ཙམ་དག་པར་འབྲི་ཤེས་མི་འདུག
    ད་དུང་གོ་ཕྲན་ཏང་ཟེར་བ་གོ་མྱོང་མེད་ལ་མཐོང་མྱོང་མེད།
    ཞུ་དག་གཏོང་རྒྱུ་བཞག་སྟེ་རང་གི་མིག་རྒྱ་བསྐྱེད་དགོས་པར་འདུག
    རིགས་པ་སྨྲ་མཁན་ཤིན་ཏུ་ཉུང་བ་འདི་སྤྱི་ཚོགས་ཡར་རྒྱས་མི་འགྲོ་བའི་བཀག་རྡོ་རེད། ཕྱོགས་ཞེན་ཆེ་དྲག་གི

    ཐམས་ཅད་ཀྱིས་བདག་ནི་བདེན་ཏེ། གཞན་ནི་གཏི་མུག་གོ་ཞེས་པའི་བསམ་ཚུལ་བཟུང་ན་བགྲོ་གླེང་ཡོང་གི་མ་རེད་ལ། ཡར་རྒྱས་དང་ཆིག་སྒྲིལ་ནི་ག་བ་ག་བ།

  29. ལ་དྭགས་འཇམ་དཔལ།། says:
    2017-06-24 at 10:54 am

    དུས་བརྒྱ་རབས་གཉིས་པའི་སློབ་དཔོན་རྟ་དབྱངས་དང་། དུས་བརྒྱ་རབས་བཞི་པའི་སློབ་དཔོན་ནག་མོ་འཁོལ་གཉིས་བར་སྙན་དངགས་བརྗོད་སྟངས་ལ་ཤན་ཞུགས་པར་མཁས་པ་དག་གིས་བཤད།
    རྟ་དབྱངས་ཀྱིས་མཛད་པའི། ༡ སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་དང་། ༢ མཛེས་དགའ་བོའི་སྙན་དངགས་ཆེན་པོ་དང་། ༣ ཤཱ་རི་བུའི་རབ་བྱེད་འཐོར་འཐོར་རྣམས་ཡོངས་གྲགས་ཆེ། ༣་པ་འདི་ཉིད་གང་དུ་ཡོད་པ་ད་བར་ངེས་རྟོགས་མ་བྱུང་།
    ༡་པོ་དུས་བརྒྱ་རབས་༡༣་པ་དང་། ༢་པ་དེའི་སྔར་བསྒྱུར་ཚིགས་བཅད་གཅིག་མཛོད་རང་འགྲེལ་དང་། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ན་ཚིགས་བཅད་གཅིག་མཇལ། གཞུང་ཡོངས་རྫོགས་བསྒྱུར་བ་ཁོག་བོར་བབས་པ་འདི་ཡང་སྐལ་བ་བཟང་སྙམ་བགྱིད་དོ། དེ་ཡང་མགོ་ན་ལེའུ་༥་ལོ་རབས་༦༠་པའི་དཀྱིལ་ཙམ་དུ་བསྒྱུར། འཕྲོས་ཨ་རིར་ལོ་ངོ་༢༠་ཙམ་རྗེས་སུ་བསྒྱུར་ཐུབ་པ་ཡིན། བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོས་སྤར་བསྐྲུན།

    བསྒྱུར་འདི་དག་ལ་བོད་པ་འགའ་ཞིག་གིས་འདི་ལྟར་སྐུར་འདེབས་བྱེད་པར་སྣང་སྟེ། སེ་ར་དགེ་བཤེས་གསོང་པོར་སྨྲ་བ་ཞིག་གིས། སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་དངགས་ཆེན་པོ་ལ། འདི་ལ་སྙན་དངགས་སུས་ཟེར། ཞེས་སློབ་མ་དག་ལ་བཤད་པ་དང་། ༢་པ་ཁོ་བོས་བསྒྱུར་པའི་མཛེས་དགའ་བའི་སྙན་དངགས་ཆེན་མོའི་སྐོར། འདི་སྒྱུར་བ་པོ་ལ་དྭགས་པ་ཡིན། བོད་པ་ཞིག་གིས་བསྒྱུར་ཐུབ་ན། ལེགས་ཞེས་བཤད་པ་ཁ་བརྡ་ན་བྲིས་པ་མཐོང་ཡང་། མིང་སོགས་ཇི་ལྟ་བཞིན་མི་དྲན། མཛེས་དགའ་བོའི་སྙན་དངགས་ཆེན་པོ་འདི་ཉིད་ཀྱི་སྒྱུར་གཉིས་པ་ཞིག་བོད་སྐད་སླར་མཛད་པར་ཁོ་བོས་དད་གུས་ཞུ་འོས་པ་ཞིག་ཏུ་མཆིས་སོ།

  30. ལ་དྭགས་འཇམ་དཔལ།། says:
    2017-06-24 at 7:59 pm

    ལ་དྭགས་པའི་འབེལ་གཏམ་དུ། ཆག་པོས་གས་པོ་ལ་ཁྲེལ་ཟེར་སྲོལ་ཞིག་ཡོད། ཤེས་རབ་ལ་ཤེས་འབྲི་བ་ཆད་པ་ནི། སྙན་དངགས་མེ་ལོང་མ་ན།
    ་
    དེའི་ཕྱིར་སྙན་དངགས་དག་ལ་སྐྱོན།
    ཆུང་བར་གྱུར་ཀྱང་ཇི་ཞིག་ལྟར།
    བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་།
    སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །

    ཞུ་དག་ཅེས་པ་སྐལ་ངན་དང་། ཞུས་དག་ཅེས་པ་སྐལ་བཟང་དུ། ཁོ་བོས་འདོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme