Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲང་པོའི་གླུ་སྐད།

Posted on 2015-01-132015-01-13 By ཁ་བརྡ 30 Comments on སྤྲང་པོའི་གླུ་སྐད།

འཇམ་གཅེས་ནས།

རྐང་གཉིས་འགྲོ་བ་མི་ཡི་གྲལ་མཐའ་ནས།།
དེ་རིང་མི་འཁྱམས་ལྷ་རྒོད་མིང་ཅན་ངས།།
སེམས་ཀྱི་ཚོར་འདུར་དྲག་པོའི་ཀློང་རོལ་ནས།།
གནས་ལུགས་རེ་འགའ་ཁྱེད་ཚོའི་རྣ་བར་བླུག །

ཁེར་རྐྱང་ཡིན་བསམ་བདག་ལ་སྡུག་བསྔལ་མེད།།
མཆོག་གསུམ་རིན་ཆེན་རྟག་ཏུ་འབྲལ་མེད་ཡིན།།
འབྱོར་མེད་དབུལ་ཕོངས་ཡིན་བསམ་དེ་ལས་མེད།།
ཆོག་ཤེས་ནོར་གྱི་བང་མཛོད་སེམས་སུ་ལྡན།།

གཞན་གྱིས་སྡང་ཟུག་ནམ་ཡང་འཁོན་འཛིན་མེད།།
ཉོན་མོངས་ཉེས་སྐྱོན་ཞེན་པ་ལོག་མཁན་ཡིན།།
རང་གི་ལྟ་སྤྱོད་ནམ་ཡང་དུང་ཞེན་མེད།།
ཚི་འདིར་འཁོར་བར་འཁྱམས་པའི་རྒྱུ་མཚན་ཤེས།།

རྟག་ཏུ་གཞན་སྐྱོན་ཁོ་ནར་གླེང་མི་འདོད།།
རང་ཉིད་དུག་གསུམ་རྐྱལ་པ་ཡིན་པར་ཤེས།།
གཞན་གྱི་དཔལ་ལ་མི་བཟོད་འགྲན་སེམས་མེད།།
བདག་ལ་གནོད་པའི་བྱ་བ་མིན་པས་སོ།།

རྒྱལ་ཁམས་ཁྱི་ལྟར་མྱུལ་མཁན་མི་རྐྱང་ལ།།
རེ་དོགས་རྣམ་རྟོག་གཉིས་ཀྱིས་བསུན་བཙེར་མེད།།
དུག་གསུམ་དགྲ་བོའི་གནས་ལུགས་ཤེས་པའི་བུར།།
སེམས་ཀྱི་ཞི་བདེ་འབད་མེད་ལྷུན་གྱིས་གྲུབ།།

འདི་ལྟར་བརྗོད་སྐབས་སྐྱེ་བོ་རེ་འགའ་ཡིས།།
ང་ལ་ཚུལ་འཆོས་མཁན་པོ་འབོད་སྲིད་མོད།།
སྤྲང་རྒན་ང་ལ་སྐྱིད་སྡུག་ཁྱད་མེད་པས།།
ཁྱེད་ཚོས་སྨྲ་བརྗོད་རང་དབང་ལངས་སྤྱོད་མཛོད།།

སྙན་ངག

Post navigation

Previous Post: རྡོ་བ། རྡོ་བ། རྡོ་བ།
Next Post: གངས་ཅན་ཨ་མའི་རྒྱལ་གླུ་དཔྱིད་ཀྱི་དཔལ་མོ་ཞེས་བྱ་བ།།

Comments (30) on “སྤྲང་པོའི་གླུ་སྐད།”

  1. བདེན་པའི་ཕོ་ཉ་ says:
    2015-01-13 at 5:56 am

    ཁྱེད་ཚོས་སྨ་བརྗོད་རང་དབང་(ལངས)སྤྱོད་མཛོད་

  2. བདེན་པའི་ཕོ་ཉ་ says:
    2015-01-13 at 5:58 am

    ཁྱེད་ཚོས་སྨ་བརྗོད་རང་དབང་(ལངས)སྤྱོད་མཛོད་ཟེར་

  3. ཇུས་ཏོག says:
    2015-01-13 at 7:25 am

    སྨྲ་བརྗོད་རང་དབང་དང་ལངས་ཤོར་རང་དབང་མ་ནོར་བ་གནང་དགོས་།

  4. འཇམ་གཅེས། says:
    2015-01-13 at 8:40 am

    ན་རོ་ཆད་པ་འདྲ། དོན་གོ་ན་དེ་གའི་འགྲིག ཆད་ལྷག་ནི་བཀའ་འགྱུར་བསྟན་འགྱུར་སོགས་ལའང་ཧ་ཅང་མངས། མདོར་ན་ཆད་ལྷག་ནོར་གསུམ་ནི་མཁས་པ་ཡིན་ཟེར་མཁན་དག་ལའང་ཡོད་ན་ང་ལྟ་བུར་ལ་ཡོད་མི་ཆོག་པའི་རྒྱུ་མཚན་དབང་ཆེན་ཚངས་པ་ཡིན་རུང་བསྒྲུབ་མི་ནུས་སོ།།

  5. བདེན་པའི་ཕོ་ཉ་ says:
    2015-01-13 at 9:31 am

    རང་སྐྱོན་ཕྲན་བུའི་ལའང་ཞེ་གནོང་བ་ཞིག་འདུག་པས་ སེམས་ཀྱི་ཞི་བདེ་ཟེར་བ་གད་མོ་མཆོར་བའི་རྒྱུ་རེད

  6. སྙེ་ལྷའི་ཐུགས་སྲས། says:
    2015-01-13 at 9:55 am

    ནོར་བ་ལ་མཁས་ལེན་གནང་བའི་སྤོབས་པ་མེད་པ་འདི་གོང་རྩོམ་དེ་ཁ་སྤོབས་ཅན་གྱི་ཀླད་གོར་ཞིག་ཡིན་བཟོ་འདུག

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-13 at 10:06 am

    འབྲི་བ་པོ་འགའ་ཞིག་གིས་གོ་ལྡོག་ནས་བཤད་པ་མང་། དོན་ལ་ནོར་འཁྲུལ་མེད་པ་ངའོ་སྙམ་པའི་ང་རྒྱལ་ཡོད་པ། གཞན་སེམས་ཤེས་མཁན་མ་གཏོགས། ཐ་མལ་པ་་སུས་ཤེས།

    ཁེར་རྐྱང་ཡིན་བསམ་བདག་ལ་སྡུག་བསྔལ་མེད།། མཁས་པ་ཡིན་ན། བོད་པ་ཡོངས་ལ་གོ་བའི་མིང་ཚིག་གམ་མཁས་པས་བཀོལ་བ་ཞིག་ཡིན་དགོས་པ་ལས་དེ་ལྟར་མ་ཡིན་པའི་སྐྱོན།

    ཚི་འདིར་འཁོར་བར་འཁྱམས་པའི་རྒྱུ་མཚན་ཤེས།། ཚི་ཞེས་པ་ཚེ་ཞེས་ཡིན་ནམ་སྙམ། བྲིས་ཟིན་པའི་རྗེས་སུ་ཞུས་དག་བྱས་མེད་པའི་སྐྱོན།

    དོན་གོ་ན་དེ་གའི་འགྲིག ཅེས་པར་རྗེས་འཇུག་ས་དང་འི་སྒྲ་གདངས་གཅིག་པར་ཀློག་པའམ་འདོན་པ་ལ་སྐྱོན་ཆེན་པོ་ཡོད་པ་བདག་གིས་ལོ་ངོ་༦༠རེ་གྲངས་སྔོན་དུ་གཙང་དུ་མཐོང་བ་ནི། དཔལ་ལྡན་བླ་མའི་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ་ལས་དེ་ལྟར་མ་ཡིན་པར་དཔལ་ལྡན་བླ་མས་བཀའ་དྲིན་དྲན་ཅིང་གསོལ་བ་འདེབས་པ། སྤར་བརྐོས་ཡོད་པར་མཐོང་མྱང་བ་བདེན་པ་ཡིན། དེས་ན། དོན་གོ་ན་དེ་གས་འགྲིག ཅེས་དགོས་པར་སེམས་སོ།
    ང་ལྟ་བུར་ལ་ཡོད་མི་ཆོག་པ། འདིར་ལ་དོན་གཉིས་གཅིག་མ་གཏོགས་མི་དགོས་པ་ལས་ལ་དོན་གཉིས་ཡོད་པའི་སྐྱོན།
    ཁྱེད་རྣམས་སྨྲ་བརྗོད་རང་དབང་ལོངས་སྤྱོད་མཛོད།། ཅེས་སྐུ་རྩེད་ཆུལ་དུ་བྲིས་པ་ལ་དགོངས་འགལ་མི་བཞེས་སྙམ་མོ།
    ཡི་གེ་མ་དག་པ་ཁ་ཤས་ཡོད་ངེས་ལ་ཞུས་དག་མཛོད།

  8. འཇམ་གཅེས། says:
    2015-01-13 at 10:20 am

    རྒན་ལ་དྭགས་པས་ནོར་བཅོས་མང་ཙམ་གནང་བ་ལས་གཉིས་མ་གཏོགས་ངོས་ལེན་ཞུ་ཐབས་བྲལ། དང་པོ་ལ་ཚེ་འདིར། གཉིས་པར་ལ་དོན་ལྷག་སྐྱོན། དེ་མིན་ནི་བདག་པོ་དང་འབྲེལ་བའི་སྒྲ་ལ་འབྲེལ་དང་བྱེད་སྒྲ་གཉིས་ལས་དང་པོ་ལེགས་པར་མཁས་པ་ལ་ལའི་བཞེད་སྲོལ་འདུག་པས་ངས་ཀྱང་དེ་ལྟར་བྲིས། རྒན་ཉིད་ནས་ཀྱང་འདས་པའི་ཚིག་ལ་མྱང་དང་། ད་དུང་སྐུ་རྩེད་ཚུལ་ལ་ཆུལ་སོགས་བྲིས་བཞག་འདུག་གོ་་ཧི་ཧི་་

  9. ཀརྡོ་གཉེར་ཕྱག་པ་ says:
    2015-01-13 at 2:59 pm

    སྤྲང་རྒན་ང་ཡི་མགུར་གླུ་ཉོན། །
    ཤར་གླིང་ནུབ་གླིང་ཀུན་འཁྱམས་ཀྱང་། །
    འཁོར་བར་ངེས་འབྱུང་སྐྱོ་ཤེས་ཀྱང་། །
    ཁ་བརྡའི་འཁོར་བར་འདྲ་འབུར་སྐྱེས། །

  10. ཀརྡོ་གཉེར་ཕྱག་པ་ says:
    2015-01-13 at 3:02 pm

    སྤྲང་པོའི་གླུ་ཡི་སྐད་ཡིག་ལས། །
    ནང་དོན་ཕུན་སུམ་ཚོགས་པར་འདུག །
    འཇམ་གཅེས་ཁྱོད་ཀྱི་ལ་རྒྱ་ལ། །
    ང་ཡི་ཡིད་ཆུང་ཅུང་ཟད་ཤོར། །

  11. བདེན་པའི་ཕོ་ཉ་ says:
    2015-01-13 at 11:59 pm

    སྤྲང་པོས་རང་བསྟོད་གླུ་རུ་ལེན་
    ནང་དོན་ངར་རྒྱལ་མཁོ་ན་ཡིན་
    འཇམ་གཅེས་ཟེར་བའི་དྲ་འབུ་ལ་
    ང་ནི་གཞན་པ་གཏིང་ནས་ལོག་

  12. འཇམ་གཅེས། says:
    2015-01-14 at 1:32 am

    ང་དང་འདྲ་བའི་མི་བུ་ནི།།
    རང་སྣང་གདོན་གྱིས་ཟིན་པ་མངས།།
    གཞན་སྐྱོན་གླེང་དུས་རང་མཚང་མངོན།།
    ངང་ཚུལ་འདི་ཀོ་མྱེ་མ་ཧུད།།

  13. པདྨ says:
    2015-01-14 at 1:45 am

    སྤྲང་པོ་གླུ་ཆུང་རྣ་བ་སྙན།།
    ཕྱུག་པོས་ཁྲབ་སྟོན་སེམས་ལ་གཟན།།
    དབུལ་ཕྱུག་མི་མཉམ་དོ་ར་འདིར།།
    ཁོ་བོ་འཇམ་གཅེས་ཕྱོགས་སུ་གནས།།

  14. བདེན་པའི་ཕོ་ཉ་ says:
    2015-01-14 at 1:57 am

    ངང་ཚུལ་འདི་ཀོ་(མྱེ་)མ་ཧུ་

  15. བདེན་པའི་ཕོ་ཉ་ says:
    2015-01-14 at 2:12 am

    སྤྲང་པོའི་གླུ་ཆུང་སྤྲང་པོར་སྙན་
    ཕྱུག་པོའི་ཁྲབ་སྟོན་ཕྱུག་པོར་བཟང་
    དབུལ་ཕྱུག་མི་མཉམ་འཇིག་རྟེན་འདིར་
    བླུན་པོས་བླུན་པོར་བསྟོད་པར་བྱེད་།།

  16. འཇམ་གཅེས། says:
    2015-01-14 at 3:17 am

    དྲང་བདེན་གཞུ་མོ་དཔུང་པས་བཀུག །
    གནས་ལུགས་མདའ་མོས་སྐྱོང་མཚང་གཏོར།།
    གཞན་དུ་གོ་བའི་བླུན་པོ་དག །
    རྟག་ཏུ་ངུ་འབོད་བྱེད་འདིར་མཚར།།

  17. བདེན་པའི་ཕོ་ཉ་ says:
    2015-01-14 at 3:39 am

    དྲང་པོའི་མདའ་མོ་འཕེན་པས་
    བླུན་པོའི་འབེན་ལ་ཕོག་སོང་
    ད་ནི་མདའ་མོ་མི་འཕེན་
    བླུན་པོ་ཅི་གར་གཅོད་ཅིག་།།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-14 at 4:01 am

    འཇམ་གཅེས་ལེགས།
    ཚུལ་ལ་ཆུལ་བྲིས་པ་ཧ་ཅང་གི་སྐྱོན་ཆེ། ཁྱེད་བདེན། མྱོང་ མྱངས་ མྱང་ མྱོངས། འདི་ལ་ཡང་སྐྱོན་བརྗོད་འོས་པར་འདུག
    “རྒན་ལ་དྭགས་པས་ནོར་བཅོས་མང་ཙམ་གནང་བ་ལས་གཉིས་མ་གཏོགས་ངོས་ལེན་ཞུ་ཐབས་བྲལ།” ཅེས་པར་ཅིག་མ་གཏོགས་ཚང་མ་ཁས་བླངས་པ་མཐོང་། གཅིག་ནི། དོན་གོ་ན་དེ་གའི་འགྲིག ཅེས་པ་འདིཡིན།
    འདིའི་སྐོར་ལ་ཕྱོགས་སྔས་འདི་ལྟར་བྲིས་ཏེ། “བདག་པོ་དང་འབྲེལ་བའི་སྒྲ་ལ་འབྲེལ་དང་བྱེད་སྒྲ་གཉིས་ལས་དང་པོ་ལེགས་པར་མཁས་པ་ལ་ལའི་བཞེད་སྲོལ་འདུག་པས་ངས་ཀྱང་དེ་ལྟར་བྲིས།”
    འདི་ལ་རྩོད་དགོས་པར་མཐོང་། དོན་གོ་ན་དེ་གའི་འགྲིག འདིར་འགྲིག་ཅེས་པ་བྱ་ཚིག་ལ་འབྲེལ་སྒྲ་བཀོད་པ་འདི་མཁས་པ་སུའི་བཞེད་སྲོལ་ཡིན་ནམ། མིང་ཚིག་གཉིས་འབྲེལ་བར་བྱེད་པའི་སྒྲ་ལ་འབྲེལ་སྒྲ་མ་གཏོགས བྱ་ཚིག་གི་སྔོན་དུ་འབྲེལ་སྒྲ་ཡོད་པ་ཞིག་བོད་མཁས་པའི་བཞེད་སྲོལ་དུ་མེད་། དེ་ཡང་འགྲིག་དང་ཆོག་དང་ཚད་ཅེས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། ཡོད་པས་ཆོག་དང་། ཡོད་པས་འགྲིག ཡོད་པས་ཚད་ལྟ་བུ་སྟེ། ལ་དྭགས་བོད་རིགས་ཡུལ་དུ་འགྲིག་ཟེར་བའི་ཚབ་ལ་ཚད་ཟེར།
    འགྲིག་ཅེས་པའི་བྱ་ཚིག་དེ་ཡུལ་ཡོད་བྱ་ཚིག་གམ། ཡུལ་མེད་བྱ་ཚིག་གང་ཡིན་ཡང་དཔྱད་དགོས་སྙམ། ཁོ་བོས་དཔྱད་པ་ལྟར་ན། འགྲིག་ཅེས་པ་ཡུལ་མེད་དང་། སྒྲིག་ཅེས་པ་ཡུལ་ཡོད་བྱ་ཚིག་ཏུ་སྣང་ངོ་།
    དེ་ཡང་། “བདག་པོ་དང་འབྲེལ་བའི་སྒྲ།” ཞེ་ས་པར་འགྲེལ་བཤད་གསལ་པོ་ཞིག་མེད་ན། བདག་པོ་ཞེས་པ་གང་ཡིན་པ་གོ་དཀའ་བ་ཐུགས་ལ་འཇོག་དགོས་སོ།

  19. འཇམ་གཅེས། says:
    2015-01-14 at 5:44 am

    འགྲིག་དང་ཆོག་གི་གྲལ་དུ་ཚད་ཞེས་པ།།
    བརྡ་སྤྲོད་གཞུང་དུ་ཡོངས་སུ་མ་གྲགས་པས།།
    རྡོ་ཆག་བཙན་སྒྲིག་མ་གནང་ལ་དྭགས་པ།།
    ཨ་ནུ་ཐོན་མིའི་སྤྱན་ཆབ་ཤོར་ཉེན་ཡོད།།

  20. གནམ says:
    2015-01-14 at 6:27 am

    ཤོ་ལོ་ཀ་དང་པོར།
    སེམས་ཀྱི་ཚོར་(འདུར)་དྲག་པོའི་ཀློང་རོལ་ནས།། བཅོས་ཤིག།

    ཤོ་ལོ་ཀ་གཉིས་བར།
    འབྱོར་མེད་དབུལ་(ཕོངས)་ཡིན་བསམ་དེ་ལས་མེད།། བཅོས་ཤིག།

    ཤོ་ལོ་ཀ་གསུམ་པར།
    གཞན་(གྱིས)་སྡང་ཟུག་ནམ་ཡང་འཁོན་འཛིན་མེད།། བཅོས་ཤིག།
    (ཚི་)འདིར་འཁོར་བར་འཁྱམས་པའི་རྒྱུ་མཚན་ཤེས།། བཅོས་ཤིག།

    ཤོ་ལོ་ཀ་བཞི་བར།
    རྟག་ཏུ་གཞན་སྐྱོན་ཁོ་(ནར)་གླེང་མི་འདོད།། བཅོས་སྒྱུར་གཏོང་ཞིག།
    རང་ཉིད་དུག་གསུམ་རྐྱལ་པ་ཡིན་(པར)་ཤེས།། བཅོས་སྒྱུར་གཏོང་ཞིག།

    ཤོ་ལོ་ཀ་ལྔ་བར།
    རེ་དོགས་རྣམ་རྟོག་གཉིས་ཀྱིས་བསུན་(བཙེར)་མེད།། བཅོས་ཤིག།

    ཤོ་ལོ་ཀ་དྲུག་པར།
    ཁྱེད་ཚོས་སྨྲ་བརྗོད་རང་དབང་(ལངས)་སྤྱོད་མཛོད།། བཅོས་ཤིག་གི། ཧ་ཧ་ཧ།

    མ་དག་ཐབས་ན་མེད་པའི་བོད་ཡིག་འདི།
    རྐང་ཞ་ལག་སྐྱོན་ཅན་གྱི་ཤོ་ལོ་ཀ།
    སྟོད་སྨད་ཅི་ཆེད་མེད་པའི་མཁས་ཆེན་གྱི།
    ངོ་ཚ་རེ་རེ་སྒུམ་ཡོད་ཅི་འདྲ་འདུག། ཧ་ཧ་ཧ།

  21. འཇམ་གཅེས། says:
    2015-01-14 at 10:06 am

    ནོར་བ་ཤེས་ནས་བཅོས་མཁན་ཀུན་ལ་བཀུར།།
    དག་པར་མ་དག་བསྒྱུར་མཁན་དྲྭ་བའི་འབུ།།
    གནམ་མིང་ཅན་གྱིས་མཁས་མདོག་སྟོན་པ་འདིས།།
    བློ་མིག་ཞར་ཀོ་ཡིན་ཡིན་པའི་རང་རྟགས་གསལ།།
    ཧི་ཧི་ཧི་ཧི་་་་་་

  22. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-14 at 10:13 am

    རང་གིས་ཁས་བླངས་པ་ལ་རྩོད་པ་ན།
    དེ་ལ་ལན་མ་འབྱོར་བའི་ཕྱོགས་སྔ་པ།
    ཅི་བྱ་གཏོལ་མེད་གྱུར་ནས་ཅི་སྨྲ་བསམས།
    འབྲེལ་མེད་སྨྲེ་སྔགས་འདོན་པས་ཅི་ལ་ཕན།།

  23. འཇམ་གཅེས། says:
    2015-01-14 at 1:05 pm

    ཀླད་པ་ལྗང་མདོག་ཅན་གྱི་ལ་དྭགས་པ།།
    དང་པོར་བརྡ་སྤྲོད་རིག་པའི་ཁྲིམས་ལུགས་དག།
    སྣང་ཆུང་མ་གནང་ཚུལ་དང་མཐུན་ཐབས་བྱོས།།
    དེའི་རྗེས་སྨྱུག་གུའི་རྩེ་མོ་ཅི་འདོད་སྤྱོད།།
    ཧི་ཧི་ཧི་ཧི་་་་་མ

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-15 at 2:25 am

    བདག་ལ་བཤད་པ་དེ་ནི་ཁྱོད་ཉིད་ལ།
    འོས་ཀྱི་བདག་ལ་འོས་པ་གཏན་ནས་མིན།
    བྱ་བའི་ཚིག་གི་གོང་དུ་འབྲེལ་སྒྲ་བཀོད།
    བོད་སྐད་མཁས་པ་དག་གི་ལུགས་ལ་མེད།།
    ་
    དེ་འདྲ་ཡོད་པ་ཉིད་ཡིན་ན།
    སྟོན་པར་འོས་པའི་དུས་ལ་འབབས།
    གལ་ཏེ་སྟོན་པར་མ་ནུས་ན།
    སོར་མོར་་སྒྲོག་བུ་རྒྱབ་པ་ལེགས།།
    ་
    ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས།
    ་
    ཆོ་ག་ཉམས་པར་བྱེད་པ་རྣམས།
    ཆོ་ག་ཚང་བར་བྱེད་ལ་བརྙས།
    ཙུ་ཏའི་ཡུལ་དུ་ཕྱིན་པ་ན།
    རྐང་གཉིས་པ་ལ་མིར་མི་བརྩི།། ༢༠ །།
    ་
    ཆོ་ག་ལོག་པར་སྦྱངས་པ་འགའ།
    ཡང་དག་ཆོ་ག་བྱེད་ལ་གཤེ།
    སྐྱེས་བུ་ཁྱི་ཡི་མགོ་ཅན་རྣམས།
    བཞིན་བཟང་བུད་མེད་ཡིན་ཞེས་བརྙས།། ༢༡ །། རབ་ཡེད་༣པ།

  25. ཀརྡོ་གཉེར་ཕྱག་པ་ says:
    2015-01-15 at 2:32 am

    ་་་་་་་་་་་་་་་་་་་་
    ་་་་་་་ བདག་ལ་བཤད་པ་དེ་ནི་ཁྱོད་ཉིད་ལ།
    འོས་ཀྱི་བདག་ལ་འོས་པ་གཏན་ནས་མིན།
    བྱ་བའི་ཚིག་གི་གོང་དུ་འབྲེལ་སྒྲ་བཀོད།
    བོད་སྐད་མཁས་པ་དག་གི་ལུགས་ལ་མེད།། ་་་་་་་་་་
    ་་་་་་་་་་་་་

  26. འཇམ་གཅེས། says:
    2015-01-15 at 4:19 am

    ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་བ་དང་།།
    བོང་རྒན་མ་ཕྱིན་ལམ་ཆེན་མང་བས་ན།།
    རེ་རེ་བཞིན་དུ་མཛུབ་སྟོན་གལ་ཆེ་རུང་།།
    ལྗང་མདོག་ཅན་གྱི་སྣོད་དེར་ཡིད་ཀ་མེད།།
    ཧི་ཧི་ཧི་་

  27. འཇམ་གཅེས། says:
    2015-01-15 at 4:19 am

    ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་བ་དང་།།
    བོང་རྒན་མ་ཕྱིན་ལམ་ཆེན་མང་བས་ན།།
    རེ་རེ་བཞིན་དུ་མཛུབ་སྟོན་གལ་ཆེ་རུང་།།
    ལྗང་མདོག་ཅན་གྱི་སྣོད་དེར་ཡིད་ཀ་མེད།།
    ཧི་ཧི་ཧི་་

  28. གནམ says:
    2015-01-15 at 9:04 am

    ང་ལ་དྲ་འབུ་མ་འབུ་མ་འབོད་ཅིག།
    ནོར་བ་བཀར་བས་དགེ་རྒན་དྲིན་ཆེན་ཡིན།
    བློ་མིག་དོག་པར་འདོད་པས་མ་སྨད་ཅིག།
    ཉིད་ལ་ངོ་ཚ་འབྱིན་ཐུབ་བརྡ་སྦྱོར་ཡོད། ཧ་ཧ་ཧ།

    འཇམ་གཅེས་ལྷ་རྒོད་མིང་གི་བཏགས་པ་ཅན།
    བྱིས་བ་སྣབས་བླུག་ཡིན་ན་སྙིང་རེ་རྗེ།།
    རྒད་པོ་མགོ་དཀར་ཡིན་ན་ཡིད་རེ་སྐྱོ།
    ཡར་རྒྱས་གཏོང་འདོན་མེད་ན་གཡུག་བཞག་ལོ། ཧ་ཧ་ཧ།

  29. ཀརྡོ་གཉེར་ཕྱག་པ་ says:
    2015-01-16 at 12:40 am

    རང་རིགས་ལ་ཞེན་ཞེན་པ་དཀར་པོ། །
    ལ་དྭགས་རྒན་དང་གནམ་སྔོན་པོ། །
    ལ་རྒྱ་ཅན་གྱི་འཇམ་གཅེས་སོགས། །
    ཁ་བརྡར་འཆད་རྩོད་ཀུན་ལ་ཕན་ངེས། །

  30. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-16 at 2:23 am

    མཁས་པ་བློ་གྲོས་ཅན་ཡིན་ན།
    གཟུ་བོར་གནས་པ་དང་པོ་དགོས།
    བོད་རིགས་ཞབས་ཏོག་གཉིས་པ་ཡིན
    ཀླད་ལྗང་ལ་དྭགས་པ་ཡི་ལུགས།།
    ་
    གནམ་མཆོག་བརྩེ་བ་ཆེན་པོ་ཡིས།
    ཡིག་ནོར་ཁྱི་ལུད་གཙང་མ་བྱོས།
    བསྐུལ་བར་བཀའ་དྲིན་ལོག་པར་འཇལ།
    ད་དུང་ང་འོ་ང་རྒྱལ་བྱེད།

    ་
    བྱ་མོས་ཆགས་པས་ཁྱིམ་ས་སློང་།
    སྦྲུལ་གྱིས་ཞེ་སྡང་སོ་རྒྱབ་བྱེད།
    ཕག་པ་རྨོངས་པའི་འདམ་དུ་ཉལ།
    ཐ་ཤལ་བྱ་བ་གསུམ་ལས་མེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme