Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱོད་པ་དང་ལམ་གྱི་མདོ་ཀློག་པ་པོར་ཕུལ་བའི་འཕྲིན།

Posted on 2022-11-23 By ཁ་བརྡ 3 Comments on སྤྱོད་པ་དང་ལམ་གྱི་མདོ་ཀློག་པ་པོར་ཕུལ་བའི་འཕྲིན།

རྫ་ཚེ་རིང་བཀྲིས།

མཛའ་ཞིང་བརྩེ་བའི་ཀློག་པ་པོ་ལགས།

ཁྱེད་ནི་ངའི་སེམས་གཏིང་གི་ཚོར་འདུ་དང་། དབུགས་ཀྱི་འབྱིན་རྔུབ་ཕྲ་ཤོས་ལ་སེམས་བག་ཕབ་ནས་མཉན་འཇོག་གནང་མཁན་ངོ་མ་དེ་ཡིན། ཁྱེད་ཡོད་པས་ངས་རང་ཉིད་ཀྱི་མི་ཚེ་དང་དུས་ཚོད་མང་པོ་ཞིག་དབྱངས་གསལ་སོ་བཞིར་བཏང་བ་དེར་དགའ་སྣང་གིས་ཁེངས་ཡོད།

ད་ཆ་ང་ཕྱི་རྒྱལ་སྒྲོ་ལོའི་གྱི་ལུང་པ་ན་ཡོད་ཀྱང་ངས་དཔལ་འབྱོར་གྱི་ཆེད་དུ་གཞན་གྱི་བྲན་གཡོག་བྱས་མེད། ང་ལ་རྒྱ་བླ་ཞིག་གི་མིང་ཞིག་ཡོད་མོད། ངས་འཕྲལ་གྱི་ཁེ་ཕན་ཉི་ཚེ་བར་སེམས་གཡེང་ནས་རིག་གཞུང་དང་འབྲེལ་བའི་ལས་ཀའི་དགའ་ཕྱོགས་དོར་མེད། རིག་གཞུང་གི་ལར་ཞེན་འདིའི་དབང་དུ་བྱས་ན། འདི་ནི་ཅིག་བྱས་ན་ངའི་མི་ཚེའི་སྤོབས་པ་ཆུང་ངུ་ཞིག་ཡིན་སྲིད་མོད། གང་ལྟར་རང་ཉིད་དགའ་ཕྱོགས་འདི་ལ་འཇུས་པའི་སེམས་པ་དེ་མུ་མཐུད་བརྟན་པོར་གནས་པ་ནི་ཀློག་པ་པོ་ཁྱེད་ཀྱི་གདེང་འཇོག་དང་རྒྱབ་སྐྱོར་ཁོ་ན་ལས་བྱུང་བ་ཡིན་པ་ངས་གསལ་པོར་ཤེས་ཀྱི་ཡོད།

དེ་ཡང་ང་ལ་རིག་ས་གོ་ས་ནས་བསྟོད་བསྔགས་ངོ་བསྟོད་ཉི་ཚེ་བ་ཞིག་བྱས་པ་དང་། རྩོམ་ཡིག་བྱེ་བྲག་པ་ཞིག་ལ་དོ་སྣང་བྱས་པ་ཙམ་ཞིག་མ་རེད། འདས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་གུས་པས་ཕབ་སྒྲིག་དང་རྩོམ་སྒྱུར་བྱས་པའི་རྩོམ་ཡིག་ཆེ་ཕྲ་ཅི་རིགས་ཤིག་ལ་ཁྱེད་ཀྱིས་རྒྱུན་ཆགས་སུ་དོ་སྣང་བྱས་ཡོད་པ་ངས་ཤེས་ཀྱི་ཡོད་ཅིང་། དེ་ནི་རང་ཉིད་རྩོམ་པ་པོ་ཞིག་དང་ཡིག་སྒྱུར་མཁན་ཞིག་གི་ངོས་ནས་ལས་དོན་འདིའི་ཐོག་མུ་མཐུད་སེམས་ཤུགས་བསླེབ་རྒྱུར་གསོ་རླུང་ལྟ་བུའི་ནུས་པ་ཐོན་ཡོད།

ཁྱད་པར་དུ་ལོ་ངོ་བཞི་ཙམ་གྱི་སྔོན་དུ་གུས་པས་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་《法宝坛经》བོད་ཡིག་ཏུ་བསྒྱུར་ཞིང་། སྐབས་དེར་ཁྱེད་ཀྱིས་གུས་པའི་སྒྱུར་རྩོམ་དེར་རིག་གཞུང་ནང་འདྲེན་གྱི་ལས་དོན་ཞིག་ཏུ་ངོས་འཛིན་གནང་བ་དང་། བསམ་གཏན་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཀྱི་དངོས་གཞི་ངོས་འཛིན་གསལ་རྟོགས་འབྱུང་རྒྱུར་དགོས་ངེས་ཀྱི་རམ་འདེགས་བྱུང་བའི་ངོས་འཛིན་གནང་ཡོད།

ད་ཐེངས་ཉེ་བའི་ལོ་གཉིས་ལྷག་གི་འབད་བརྩོན་བརྒྱུད་བསྒྱུར་རྩོམ་གསར་པ་ཞིག་ཁྱེད་ལ་འབུལ་བཞིན་ཡོད། འདི་ནི་ཕྱོགས་གཅིག་ནས་དུས་ཀྱི་གཟིགས་རྒྱ་ཤིན་ཏུ་ཡངས་པའི་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གུས་པར་ཆེད་དམིགས་ཀྱིས་གཞུང་འདི་ངེས་པར་བསྒྱུར་དགོས་པའི་བཀའ་ནན་ཕེབས་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་དང་མཉམ་དུ་རང་ངོས་ནས་ཀྱང་གཞུང་འདི་བོད་ཡིག་ཏུ་བསྒྱུར་རྒྱུའི་ཕྱོགས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཡོད།
སྤྱི་ལོ་ ༢༠༢༠ ལོའི་ཟླ་༢ ཚེས་༦ ཉིན། ཨོ་གླིང་སིཌ་ནིས་སུ་གུས་པར་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱིས་གཞུང་འདི་བསྒྱུར་དགོས་གསུང་སྐབས་དེང་ཐོག་ངས་ཐད་ཀར་ཁས་ལེན་མ་ཞུས་ན་ཡང་། རིམ་གྱིས་ངས་རིན་པོ་ཆེའི་བཀའ་ནན་མ་ལྡོག་པར་གཞུང་འདི་བོད་བསྒྱུར་ཀྱི་ལས་དོན་དེ་དང་ལེན་ཞུས་པ་ཞིག་ཡིན།

ངས་གཤམ་དུ་འཕྲིན་ཡིག་འདི་བརྒྱུད་ནས་ཁྱེད་ལ་གཞུང་འདི་ལ་དམིགས་བསལ་ཁྱད་ཆོས་གང་འདྲ་ཞིག་ཡོད་པ། གཞུང་འདིས་འཛམ་བུ་གླིང་གི་ལྟ་གྲུབ་དང་བསམ་བློའི་གཞུང་ལུགས། ཁ་སང་དེ་རིང་གི་སྤྱི་ཚོགས་བཅས་ཀྱི་ཁྲོད་དུ་གནས་བབ་གང་འདྲ་ཞིག་ཟིན་ཡོད་པ། འདི་ལ་ཤར་ནུབ་ཀྱི་མཁས་པ་ཚོས་གདེང་འཇོག་གང་འདྲ་ཞིག་ཞུ་བཞིན་ཡོད་པ་བཅས་ཀྱི་ཐད་ལ་གསལ་བཤད་ཉུང་བསྡུས་ཤིག་ཞུ་རྒྱུ་ཡིན། ཅིག་བྱས་ན། གསལ་བཤད་འདིས་ཁྱེད་ཀྱི་ཐུགས་འདོད་སྒྱུར་དེབ་འདིའི་ཕྱོགས་སུ་འཁྲིད་རྒྱུར་སྣེ་ཤན་གྱི་ནུས་པ་ཞིག་ཐོན་སྲིད།

དེ་ཡང་བསྟན་བཅོས་འདི་ལ་ད་བར་བོད་དུ་དངོས་སུ་དོན་བསྒྱུར་བྱས་པའི་ཐ་སྙད་ཅིག་ཡོད་མེད་མ་ཤེས་མོད། གུས་པས་འདིར་《སྤྱོད་པ་དང་ལམ་གྱི་མདོ་》《道德经》ཞེས་བསྒྱུར་བ་ཡིན། 《ལའོ་ཙི་》《老子》ཞེས་སྒྱུར་བ་ནི་རྩོམ་པ་པོའི་མིང་གཞུང་ལ་བཏགས་པའི་སྒྱུར་སྟངས་གཞན་ཞིག་རེད། སྤྱོད་ལམ་གྱི་མདོ་ཞེས་བསྒྱུར་ན་ཀུན་སྤྱོད་རྐྱང་པའི་ཕྱོགས་སུ་གོ་ཉེན་ཆེ་བ་དང་། ཀུན་སྤྱོད་དང་ལམ། ལམ་དང་ཀུན་སྤྱོད་སོགས་སུའང་བསྒྱུར་རུང་མོད། གཞུང་འདི་ནི་ཀུན་སྤྱོད་སྤྱིར་བཏང་བའི་རྣམ་བཤད་ཙམ་མིན་པར་གཏིང་ཟབ་པའི་ལྟ་གྲུབ་དང་དེའི་ཉམས་ལེན་ཟུང་དུ་འཇུག་པའི་གཞུང་ལུགས་ཏེ། ལྟ་སྤྱོད་ཟུང་འཇུག་གི་གཞུང་ལུགས་རྨད་དུ་བྱུང་བ་ཞིག་ཡིན་པས། ངས་འདིར་སྤྱོད་པ་དང་ལམ་ཞེས་བསྒྱུར་པ་ཡིན། སྐབས་འདིར་བསྟན་པའི་ལམ་ནི་བོད་ཡིག་རྙིང་པ་དག་ཏུ་ཏའོ་ཞེས་པའི་སྒྲ་རང་སོར་བཞག་པ་དེ་རེད། ཏའོའམ་ལམ་འདི་ནི་ནང་པའི་བརྡ་ཆད་ཀྱི་འགྲོ་སྟངས་ལྟར་ན་ལྟ་བ་དང་སྒོམ་པ་གཉིས་ཆར་གྱི་གོ་དོན་ཡོད་པ་ལས། ལྟ་བའམ་སྒོམ་པ་གང་རུང་གི་དོན་ཙམ་དུ་གོ་ན་མི་འགྲིགས་པ་སོགས་དཀྱུས་ཀྱི་དོན་ལས་གོ་བར་འགྱུར་བས་དེ་ལྟར་བསྒྱུར་བ་ཡིན། ལར་སྤྱི་ལོ་ ༡༩༧༣ལོར་ ཧོའུ་ནན་ཞིང་ཆེན་(湖南長沙) གྱི་བང་སོ་ཞིག་ལས་ཐོན་པའི་མ་དཔེ་དེ་ལོ་ངོ་ཉིས་སྟོང་ཉིས་བརྒྱ་ཡས་མས་ཏེ་ཧྭན་ནུབ་མའི་དུས་རབས་ཀྱི་ཡིན་པར་གཏན་ཁེལ་བྱས་པ་ཞིག་ཡིན་ཞིང་། དཔེ་དེར་སྤྱོད་པའི་ལེའུ་སྔོན་དུ་བཞག་ཡོད་པ་སོགས་ཏེ། མདོར་ན། མིང་དང་ནང་དོན་གྱི་གོ་རིམ་སོགས་ལའང་ངེས་པར་དུ་འདི་ལྟར་དགོས་ཞེས་གཅིག་ཏུ་ཁ་ཚོན་ཆོད་པ་ཞིག་མེད་པ་འདིའང་མཁྱེན་དགོས།
ཡང་གཞུང་འདིའི་སྙིང་མིག་ལྟ་བུའི་ཐ་སྙད་གལ་ཆེ་ཤོས་ཤིག་ནི། ཏའོ་(道)ཞེས་པ་འདི་ཡིན། འདི་ཐད་ཀར་བསྒྱུར་ན་ལམ་དང་ཆོས་ལ་སོགས་པར་གོ་ཆོག་ཅིང་། སྐབས་སྐབས་སུ་ནི་བདེན་གཉིས་ཀྱི་ཆོས་ཉིད་དང་གནད་གཅིག་པ་ལྟ་བུར་འདུག །ད་དུང་གཞི་དང་གནས་ལུགས། ལམ་དང་ཀུན་སྤྱོད་སོགས་དང་འབྲེལ་བའི་གོ་ཚུལ་དུ་སྐབས་དོན་གྱི་འཇུག་སྟངས་མི་འདྲ་བར་འདུག་པས། སྐབས་དང་བསྟུན་ནས་ལམ་དང་དེ་བཞིན་ཉིད་སོགས་སུ་བསྒྱུར་ཡོད་པའང་ཐུགས་ལ་ངེས་དགོས། གང་ལྟར། གཞུང་འདི་ནི་རྒྱ་ནག་པོའི་རིག་གཞུང་གི་ཁྲོད་ཀྱི་ཆེས་མཐོའི་ལྟ་གྲུབ་དང་། མཚན་ཉིད་རིག་པའི་གཞུང་ལུགས། ཀུན་སྤྱོད་ཀྱི་ལམ་སྟོན་བཅས་སུ་གྲུབ་ཡོད།
གཞུང་འདིའི་མཚན་དོན་དང་ནང་དོན་གང་ཡིན་ཡང་། ཕྱོགས་གཅིག་ཁོ་ནའི་ལྟ་ཚུལ་གྱིས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཁྱོན་ནས་རེད་མི་འདུག་ལ། ཕྱོགས་གང་གིས་ལྟས་ན་ཡང་ངོས་དེ་དང་འཚམས་པའི་གོ་དོན་རེ་འཆར་དུ་ཡོད་པ་ནི་ལོ་ངོ་ཉིས་སྟོང་བརྒལ་བའི་དེ་རིང་ཡང་མི་ཚོས་འགྲེལ་མི་ཚར་བར་ཡོད་པའི་རྒྱུ་མཚན་ཡིན། གཞུང་འདིར་གནའ་ནས་ད་བར་གྱི་ཚིག་དོན་གྱི་འགྲེལ་པ་དང་འགྲེལ་བཤད་ནི་གཅིག་གཅིག་གཉིས་གཉིས་བྱས་ནས་བརྩིས་ན་ཡང་སྟོང་ཕྲག་ལས་བརྒལ་ཡོད་ཅིང་། རྒྱའི་ནང་པའི་སློབ་དཔོན་ཆེན་པོ་གཞོན་ནུ་སྲོག་གིས་མཛད་པའི་འགྲེལ་པའང་ཡོད་འདུག་མོད་ཆེས་སྔ་དུས་ཀྱི་འགྲེལ་པ་དུ་མ་ཞིག་ནུབ་ཟིན་པས་ད་ཆ་མཇལ་དུ་མེད། གཞུང་འདི་ནང་པའི་གཞུང་ཞིག་མིན་ན་ཡང་། གནའ་ནས་ད་བར་རྒྱའི་ནང་པ་དག་གི་ངོས་ནས་འདིའི་གོ་དོན་སངས་རྒྱས་ཀྱི་གསུང་དང་ཆེས་ཆེར་ཉེ་བ་དང་། ཐ་ན་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་ཀྱི་འབྲེལ་བ་ཡོད་སྲིད་པའི་ཚོད་དཔག་ཀྱང་བྱས་འདུག །

དེང་རབས་ཞིབ་འཇུག་པས་ཀྱང་། གཞུང་འདིར་བསྟན་པའི་ལམ་(道)དང་གནམ་(天)་ཉག་གཅིག་(一)སོགས་ཀྱི་ཐ་སྙད་ཀྱང་། རང་བྱུང་གི་ཆོས་ཉིད་ཙམ་གྱི་ཕྱོགས་ནས་ལྟ་བ་ལས་འཇིག་རྟེན་བྱེད་པ་པོ་སོགས་ཀྱི་ལྟ་ཚུལ་དང་འབྲེལ་བ་མེད་པ་ཁ་གསལ་གཏོད་འདུག །

ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པ(联合国教科文组织)ས་སྡོམ་རྩིས་ལྟར་ན་ཡང་། ཡེ་ཤུའི་ཆོས་གཞུང་《ལྷ་ཆེམས་》ཞེས་པ་དེ་ཕར་ཕུད་རྗེས་འཛམ་བུ་གླིང་གི་བསྟན་བཅོས་གཅིག་ལ་སྐད་ཡིག་གཞན་དུ་བསྒྱུར་བ་མང་ཤོས་དེ་གཞུང་འདི་རང་ཡིན་པའི་ངོས་འཛིན་བྱས་འདུག །

ཡང་བསྟན་བཅོས་འདི་བརྩམས་པའི་དུས་ཚོད་ཀྱི་དབང་དུ་བྱས་ན། ཕལ་ཆེར་ཁྲོན་ཆིའུ་(春秋时期)དུས་རབས་ཀྱི་མཇུག་ཙམ་དུ་བརྩམས་པར་ངོས་འཛིན་གྱིན་ཡོད་པས། དེང་སང་ཡོངས་གྲགས་ཀྱི་རྩི་སྟངས་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པའི་དུས་ཚོད་དང་དུས་ཐོག་གཅིག་པ་ཙམ་དུ་ཁེལ་ཡོད་སྲིད་པ་ཞིག་རེད་འདུག །

དེ་ལྟ་བུའི་དུས་ཚོད་རིང་མོ་ཞིག་གི་སྔོན་ནས་བརྩམས་པའི་བསྟན་བཅོས་ཤིག་ད་ལྟའི་བར་དུ་འཇིག་རྟེན་འདིར་མ་ནུབ་པར་གནས་ཤིང་། ཞལ་ནས་ཞལ་དང་སྙན་ནས་སྙན། ངག་ནས་ངག་དང་དཔེ་ནས་དཔེ་རུ་བརྒྱུད་དེ་ཡོང་ཡོད་པས་ཆེས་ཐོག་མའི་སློབ་དཔོན་གྱི་དགོངས་པ་དང་། གཞུང་ལུགས་ཀྱི་རྣམ་པ་སོགས་ཅི་བཞིན་དུ་རྟོགས་པ་ཞིག་འབྱུང་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་གྱུར།

དེ་ཡང་སྤྱི་ལོ་༡༠༧༣ གྱི་ས་འོག་ནས་ཐོན་པའི་དཔེ་རྙིང་དང་། ཁྱད་པར་དུ། སྤྱི་ལོ་ ༡༩༩༣ ལོའི་ཟླ་བ་༡༠ པར་ལང་ཏེན་ཁྲོས་(郭店楚墓竹簡)བང་སོ་ནས་ཐོན་པའི་ཁྲམ་བྱང་གི་ཡི་གེར་བཀོད་པའི་ཆེའི་གནའ་བོའི་དུས་ཀྱི་ཡིན་ངེས་ཀྱི་མ་དཔེ་ཞིག་རྙེད་སོན་བྱུང་བ་དེས་གཞུང་འདི་བྱུང་བའི་དུས་ཚོད་ཤིན་ཏུ་སྔ་མོ་ཡིན་པར་འཇིག་རྟེན་ཡོངས་གྲགས་སུ་ཁས་ལེན་པ་ཞིག་ཆགས་ཡོད།

ད་དུང་ཁས་ལེན་དགོས་པ་ཞིག་ལ། ལའོ་ཙི་ནི་འཇིག་རྟེན་ན་ཤིན་ཏུ་གྲགས་ཆེ་མོད། ཧུའི་ནིང་སོགས་དང་མི་འདྲ་བར་དུས་རབས་ཀྱི་ཆ་ནས་དང་། ལོ་རྒྱུས་ཀྱི་རྒྱུ་ཆའི་ཆ་ནས་ཧ་ཅང་གསལ་པོ་མེད་མོད། གང་ལྟར་རྟོགས་པ་ཤིན་ཏུ་མཐོན་པོར་སོན་པའི་དྲང་སྲོང་ཆེན་པོ་ཞིག་ཡིན་ངེས་འདུག་སྟེ། ཁོང་གི་སྐོར་ཅུང་ཟད་རེ་ནི་ཐུའུ་བཀྭན་གྲུབ་མཐའ་དང་། གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་སོགས་སུའང་འབྱུང་ལ། ད་ལྟའི་ཆར་འཛམ་བུ་གླིང་གི་གནའ་བོའི་མཚན་ཉིད་རིག་པའི་ལྟ་གྲུབ་སྨྲ་བ་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་ནག་པ་རང་གིས་ཀྱང་ཤར་ཕྱོགས་ཀྱི་འཕགས་མི་གསུམ་(东方三圣)གྱི་ཡ་གྱལ་དུ་འདྲེན་ཞིང་། ཏའོ་ལུགས་པ་རྣམས་ཀྱིས་ནི་རང་གི་ཆོས་ལུགས་ཀྱི་སྟོན་པར་བཀུར། འོན་ཀྱང་། ད་ལྟའི་ཏའོ་ལུགས་འདི་ནི་ལའོ་ཙི་རང་གི་དུས་ནས་བྱུང་བ་ཞིག་མིན། འདི་ཚོ་གོ་སྐབས་བྱུང་ན་རྗེས་ནས་གླེང་ཆོག །

ནང་དོན་གྱི་ངོས་བཤད་ན། ད་ལྟའི་གོ་རིམ་སྒྲིག་སྟངས་ལྟར་ན་རབ་བྱེད་དང་པོ་ནས་སོ་བདུན་པའི་བར་གྱིས་ལམ་གྱི་སྐོར་འཆད་པ་དང་། རབ་བྱེད་སོ་བརྒྱད་ནས་རབ་བྱེད་གྱ་གཅིག་པའི་བར་གྱིས་སྤྱོད་ལམ་འཆད་ཅིང་། ནང་རྟོགས་ལྡན་དང་ཕྱི་རྒྱལ་པོ་གཉིས་ཟུང་དུ་སྦྲེལ་ཐབས་སྟོན་པའི་གཞུང་ལུགས་ཤིག་ཡིན་པས་གཞུང་ལུགས་ཀྱི་རྒྱལ་པོ་ཞེས་པའི་མཚན་སྙན་ཡོད།

ད་དུང་གནའ་དེང་གི་མི་སྣ་ཧ་ཅང་མང་པོས་ལྷག་ཏུ་གདེང་འཇོག་བྱས་ཡོད།

དེ་དག་གི་ཁྲོད་ནས་དཔེ་མཚོན་ཙམ་ཞུས་ན། འཇར་མན་གྱི་སྲིད་བློན་ཇར་ཧཱར་ཌི ཤིརོ་ཌིར་(Gerhard Schröder)  གྱིས་ཀྱང་། འཇར་མན་གྱི་ཁྱིམ་ཚང་རེ་རེ་བཞིན་གྱིས་སྤྱོད་པ་དང་ལམ་གྱི་མདོ་འདི་ཚར་རེ་བླུས་ན། མི་མང་གི་ནང་བསམ་བློའི་ཐོག་གི་དཀའ་ངལ་སེལ་རྒྱུར་རམ་འདེགས་བསྐྲུན་གྱི་རེད། ཅེས་དང་། འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མཚན་ཉིད་རིག་པ་བ་ལྔ་བརྒྱའི་གྲས་སུ་བགྲང་བའི་དབྱིན་ཇིའི་མཚན་ཉིད་རིག་པ་སྨྲ་བ་安迪·克拉克(Andy Clarkཞེས་པས་ཀྱང་། དེང་རབས་ཀྱི་དཔལ་འབྱོར་རང་དབང་གི་ཁྲོམ་རའི་ལྟ་གྲུབ་ནི་ལའོ་ཙི་ཡི་མ་བཅོས་རང་བབ་ཀྱི་སྐྱོང་སྟངས་ཀྱི་བསམ་བློ་ཡིན། ཞེས་བཤད་པ་དང་། འཇར་པན་གྱི་དངོས་ལུགས་རིག་པ་བ་ནོའོ་བྷེར་གྱི་གཟེངས་རྟགས་བཞེས་མཁན་ཡུའུ་ཁ་བ་ཧི་དྷེ་ཁིས(湯川秀樹/ゆかわひでき)ཀྱིས་ཀྱང་། ལའོ་ཙིས་ལོ་ཉིས་སྟོང་ལྷག་གི་སྔོན་ནས་ད་ལྟའི་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གྱི་ཞན་ཆ་མང་པོ་ཞིག་སྔོན་དཔག་ཐུབ་འདུག་ལ། ལའོ་ཙི་ནི་ཕལ་ཆེར་བསམ་ཡུལ་ལས་འདས་པའི་མངོན་ཤེས་ཅན་ཞིག་དང་འདྲ་བར་མི་སྒེར་དང་། འགྲོ་བ་མིའི་རིགས་ཧྲིལ་པོའི་ཆེས་མཐའ་མཇུག་གི་ལས་དབང་དེ་སྒྲིབ་མེད་དུ་ཤེས་འདུག །ཅེས་དང་།

ཨ་རིའི་མཚན་ཉིད་རིག་པ་པ་(William James “Will” Durant)

ལགས་ཀྱིས་ཀྱང་། ཅིག་བྱས་ན་སྤྱོད་པ་དང་ལམ་གྱི་མདོ་འདི་ལས་གཞན་པའི་དཔེ་དེབ་ཡོངས་རྫོགས་མེར་བསྲེགས་ནས་མདོ་འདི་ཁོ་ནའི་ནང་ནས་ཤེས་རབ་ཀྱི་སྙིང་པོ་འཚོལ་དགོས་པ་འདྲ། ཞེས་བཤད་ཡོད།

རྒྱ་ནག་རང་གི་མཁས་པའི་ལྟ་ཚུལ་གྱི་ངོས་ནས་ཀྱང་། ལུའུ་ཞུན་(鲁迅)གྱིས་ཀྱང་། སྤྱོད་པ་དང་ལམ་གྱི་མདོ་མ་བཀླགས་ན་རྒྱ་ནག་གི་རིག་གཞུང་མི་ཤེས་ལ། དེ་མ་ཤེས་ན་མི་ཚེའི་བདེན་དོན་ཡང་མི་ཤེས། ཞེས་བྲིས་ཡོད།

ཡིན་ན་ཡང་། རྒྱ་ནག་དང་ཁད་ཉེ་ཤོས་སུ་ཡོད་པའི་རང་རེ་བོད་པ་དག་གིས་གཞུང་འདིར་དོ་སྣང་གང་ཡང་མ་བྱས་པ་ལྟར་འདུག །


རྙོག་འཛིངས་ཆེ་ཞིང་མ་དཔེ་མི་འདྲ་བ་དང་། ལྟ་གྲུབ་ཀྱང་ནང་པ་རང་གི་འགྲོས་ལྟར་མིན་པར་ཐུན་མིན་གྱི་ས་མཚམས་ཆུ་མཚམས་གསལ་པོ་ཡོད་པའི་གཞུང་འདི་འདྲ་ཞིག་བསྒྱུར་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཅན་ཞིག་རེད་ལ། སྟེགས་མདོ་བསྒྱུར་བ་ལས་ཀྱང་དཀའ་ཚེགས་ཧ་ཅང་ཆེ་བ་བྱུང་། ཡིན་ན་ཡང་། གང་ལྟར་གུས་པ་རང་ངོས་ནས་ནི་ཚིག་དང་དོན་ལ་ནོར་འཁྲུལ་ཤོར་ཡོད་མེད་ལ་མ་ལྟོས་པར་མཁས་དབང་སྐུ་ཞབས་ཁྲིན་ཀུའུ་དབྱིན་陈鼓应དང་། སྐུ་ཞབས་ལིའུ་ཞའོ་ཀན་ 刘笑敢རྣམ་པ་གཉིས་ཀྱིས་བརྩམས་པའི་འགྲེལ་པ་གྲགས་ཅན་གཉིས་ལ་གཙོ་བོའི་གཞི་འཛིན་ས་བྱས་ནས་རང་གི་ཡིད་ལ་གང་བདེ་བའི་ལུགས་སུ་བསྒྱུར་བ་ཡིན། ཚིག་ཤིན་ཏུ་ཁྲོལ་དཀའ་བ་དང་། ཚིག་ཇི་བཞིན་བསྒྱུར་ན་བོད་ཡིག་གི་ཐོག་ནས་གོ་དཀའ་བ་དག་འགྲེལ་པར་བསྟུན་ནས་བཀྲལ་ཏེ་བསྒྱུར་བའང་ཡོད།

ཡིན་ན་ཡང་། སྒྱུར་ཚུལ་གྱི་ཐད་ལ་མ་རྟོགས་དང་ལོག་རྟོག་གི་ནོར་འཁྲུལ་ཡང་ཅི་རིགས་རེ་ནི་ངེས་པར་ཤོར་ཡོད་ངེས་སྙམ་སྟེ། དེ་ནི་མཁྱེན་སྤྱན་ཡངས་པའི་ཀློག་པ་པོ་ལགས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་དང་། བསླབ་བྱ་གཞི་རྩར་བཟུང་ནས་མ་འོངས་པར་བསྐྱར་དུ་ཇེ་ལེགས་སུ་གཏོང་རྒྱུའི་འདུན་པ་བཅོས་མིན་ཡོད།
མ་ཟད། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་སྐུ་དངོས་ཀྱིས་འཕགས་ཡུལ་རྫོང་སར་བཤད་གྲྭའི་གཙུག་ལག་ཁང་དུ་བཀའ་ཆོས་ཀྱི་བར་གསེང་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱབ་ཁབ་བཞི་བཅུ་ལྷག་ནས་ཕེབས་པའི་འདུ་ཚོགས་སྟོང་ཕྲག་དུ་མའི་དབུས་སུ་དེབ་འདི་ཐོག་མར་ཞལ་ཕྱེ་མཛད་པ་དང་། དུས་མཚུངས་འཕགས་ཡུལ་དང་ཁ་བ་གངས་ཅན་ལྗོངས་གཉིས་སུ་དུས་གཅིག་འགྲེམ་སྤེལ་ཞུ་ཐུབ་པ་བྱུང་བའང་ཁྱེད་དང་ཁྱེད་ལྟ་བུའི་ཀློག་པ་པོ་རྣམ་པས་བསྩལ་བའི་སྟོབས་ཤུགས་ཅིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།

སླར་སྨྲས་པ།

མ་ཧཱ་ཙི་ནའི་གཙུག་ལག་ཀུན་གྱི་གཞི། །

འཛམ་གླིང་མཁས་པའི་ཞལ་སྒོ་འགྲིམ་པའི་གཞུང་། །

ཤིན་ཏུ་རྟོགས་དཀའ་གནའ་བོའི་བསྟན་བཅོས་ཤིག །

རིགས་པའི་གྲོགས་ལ་ཕན་པའི་སྐྱེས་སུ་བསྒྱུར། །

སྤྱི་ལོ་༢༠༢༢ ཟླ་ ༡༡ ཚེས་༢༣ ཉིན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྲིངས་སོ།།

ངོ་སྤྲོད།

Post navigation

Previous Post: བཀའ་དྲིན་རྗེས་དྲན་སྙིང་ནས་ཞུ།
Next Post: མེ་ཕུང་དུ་འཐིམ་པས་བསོད་ནམས་ལྷ་མོ།

Comments (3) on “སྤྱོད་པ་དང་ལམ་གྱི་མདོ་ཀློག་པ་པོར་ཕུལ་བའི་འཕྲིན།”

  1. ཀླུ་སྨྱོན། ཧེ་རུ་ཀ says:
    2022-11-28 at 12:22 pm

    རྒྱ་བོད་ཡིག་རིགས་ཉི་ཟླའི་གཟི་འོད་ཀྱིས།།
    གནའ་དེང་རིག་གཞུང་པད་ཚལ་རྒྱས་པའི་དཔྱིད།།
    མཁས་དབང་རྫ་པ་ཚེ་རིང་བཀྲ་ཤིས་ཞེས།།
    རྫོགས་ལྡན་དབྱར་གྱི་དཔལ་མོའི་སྙིང་སྡུག་ཅིག།
    འདི་ན་རྒྱ་ནག་ཆེན་པོའི་གནའ་རབས་ཀྱི།།
    རིག་གཞུང་ཀུན་གྱི་སྙིང་པོ་བསྡུས་པ་ཡི།།
    བསྟན་བཅོས་ཆེན་པོ་སྤྱོད་པ་ལམ་གྱི་མདོ།།
    གངས་ཅན་བོད་ཀྱི་སྐད་དུ་བསྒྱུར་པར་བསྔགས།།

  2. Gangjong says:
    2022-11-28 at 12:38 pm

    ནག་པོ་རྒྱ་ཡི་རིག་གནས་བདུད་ཀྱི་བྱད།།
    དཀར་པོ་གངས་ཀྱི་ཡི་གེར་བསྒྱུར་བ་འདི།།
    ཐན་ལྟས་ངན་པ་དགུ་འཛོམས་འབོད་པ་སྟེ།།
    བསྐལ་པའི་མཐར་ཡང་འདི་འདྲ་མ་དར་ཤོག།

  3. Gangjong says:
    2022-11-28 at 12:44 pm

    ལའོ་ཙི་ཁུང་ཙི་ཤ་འགོག་ལས་འགུལ་སོགས།།
    རྒྱ་མོ་སྦྱིན་བདག་ངོ་སོ་སྲུང་བ་སྟེ།།
    རྒྱ་གཤིས་ངན་པ་ནག་པོ་བརྩེགས་པའི་མདངས།།
    གངས་དཀར་སེམས་ཀྱི་ཕྱི་ནང་མ་བརྫད་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme