Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཚོགས་གཙོས་རང་ཚོད་མ་ཟིན་པར། རྡོ་བ་བཅག་ནས་རང་གི་རྐང་པར་བརྒྱབས།

Posted on 2019-04-152019-04-15 By ཁ་བརྡ་ 9 Comments on སྤྱི་འཐུས་ཚོགས་གཙོས་རང་ཚོད་མ་ཟིན་པར། རྡོ་བ་བཅག་ནས་རང་གི་རྐང་པར་བརྒྱབས།

བསྟན་འཛིན་རབ་དགའ། ༼རྡ་ས༽

༡། རྙོག་དྲ་ཐུག་ས་ཚོགས་གཙོས་འོས་ཤོག་མ་བླུགས་པ་དེ་རེད་འདུག

སྤྱི་འཐུས་ཚོགས་གཙོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དོན་ཚན་ཞེ་བརྒྱད་པ། “སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ། བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་བའི་དོན་གནད་རྣམས་ཕུད། དེ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ། འོས་ཤོག་འདྲ་མཉམ་བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕྱོགས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱེད་འཐུས” ཞེས་པ་ལུང་དྲངས་ཏེ།

གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཙོས་འོས་ཤོག་འཕེན་གྱི་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་སྤྱི་འཐུས་གཅིག་གིས་ལས་རིམ་རྣམ་གཞག་ཞུས་ཏེ། ཚོགས་གཞོན་གྱིས་འོས་ཤོག་འཕེན་གྱི་རེད་དང་མ་རེད་དྲིས་པར། དེ་ཁོ་རང་གིས་གཟིགས་ཀྱི་རེད་ཅེས་གསུངས་པས། གྲོས་ཚོགས་ནང་གད་མོ་འུར་དིར་སེ་བྱུང་ཡོད།

འོས་ཤོག་འདྲ་མཉམ་བྱུང་ན་ཚོགས་གཙོས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱེད་པ་འདི་གསང་བའི་འོས་ཤོག་འཕེན་སྐབས་སུ་མ་རེད།

གསང་བའི་འོས་ཤོག་འཕེན་པའི་སྐབས་སུ། འོས་འཕེན་པ་ནི་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཡིན་པ་ལས། ཚོགས་གཙོས་འོས་ཤོག་མ་བླུགས་པར་ཟུར་དུ་ཉར་ཆོག་གི་མེད་ལ། སྤྱི་འཐུས་ཚང་མས་གསང་བའི་འོས་ཤོག་འཕངས་ཏེ་འོས་ཤོག་འདྲ་མཉམ་བྱུང་ན། ཚོགས་གཙོས་འོས་ཤོག་གཉིས་པ་ཞིག་འཕངས་ཏེ་ཐག་གཅོད་ཆོག་པའང་མིན། རྒྱུ་མཚན་ནི། ཚོགས་གཙོར་འོས་ཤོག་ཐེངས་གཉིས་འཕེན་པའི་ཐོབ་ཐང་མེད།

ཚོགས་གཙོས་གྲོས་ཚོགས་ནང་གསང་བའི་འོས་ཤོག་བསྡུ་སྐབས་སུ་འོས་ཤོག་མ་འཕངས་པ་དེས་ག་རེ་ཆགས་ཀྱི་རེད་ཟེར་ན། སྤྱི་འཐུས་རྩ་འབོར་ ༤༥ རྩིས་སྐོར་བྱེད་པའི་གནས་སྐབས་སུ། བརྒྱ་ཆ་ ༢་༢༢ ཙམ་ཞིག་དང་། ངོ་ཡོད་ ༤༣ རྩིས་སྐོར་བྱེད་སྐབས་སུ་བརྒྱ་ཆ་ ༢་༣༣ གྱི་ཕྱེད་ཀ་ཙམ་རྒྱབ་སྐྱོར་དང་དགག་བྱའི་ཕྱོགས་གཉིས་སུ་ཆ་བགོས་བྱས་ཏེ་བེད་སྤྱོད་མེད་པ་བཟོ་གི་ཡོད། དཔེར་ན། རྩ་འབོར་ ༤༥ ཡི་གསུམ་ཆ་གཉིས་ཡན་ཏེ། སྤྱི་འཐུས་ ༣༡ གི་རྒྱབ་སྐྱོར་དགོས་ས་ཞིག་ལ་ཚོགས་གཙོས་འོས་ཤོག་མ་འཕངས་ན། དགོས་མཁོའི་ཆ་ནས་ཚོགས་གཙོ་དགག་བྱ་བྱེད་མཁན་གྱི་ཁོངས་སུ་བསྡད་པ་དང་འདྲ་མཚུངས་ཡིན་པ་དང་། ངོ་ཡོད་ ༤༣ གྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་དགོས་ས་ཞིག་ལ་ཚོགས་གཙོས་འོས་ཤོག་མ་འཕངས་པ་དེས། བརྒྱ་ཆ་ ༡་༡༦ ཙམ་གྱིས་དགག་བྱ་བྱས་པ་དང་གཅིག་མཚུངས་ཡིན། གལ་སྲིད་ངོ་ཡོད་སྤྱི་འཐུས་ ༣༡ ལས་མེད་པའི་སྐབས་སུ། ཚོགས་གཙོས་འོས་ཤོག་མ་འཕངས་ན། དང་བླངས་ཀྱི་སྒོ་ནས་འོས་ཤོག་བརྒྱ་ཆའི་ ༣་༢༣ བློས་གཏོང་བྱས་པ་ཆགས་ཀྱི་ཡོད།

འདི་ནི་ཚོགས་གཙོས་ཁྲིམས་ཡིག་གི་དགོངས་དོན་གོ་ལོག་ཏུ་བླངས་པ་མ་ཟད། གྲོས་ཚོགས་སུ་འགན་ཁུར་མ་བྱས་པ་དང་། ཁྲིམས་འགལ་བྱས་པ་ཞིག་ཡིན་ལ། ཐེངས་འདིའི་རྙོག་དྲ་འབྱུང་ཁུངས་གཙོ་བོའང་དེ་ཡིན།

༢། ཨང་རྩིས་མི་ཤེས་པའི་ཚོགས་གཙོ།

བཀའ་བློན་དུ་འདེམས་ཐོན་ཡོང་བ་ལ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་ཀྱི་ཡོད་པ་དེ་བཅའ་ཁྲིམས་དོན་ཚན་ ༢༢ པའི་ཆ་རྐྱེན་རེད།

སྐབས་དེར་བཀའ་བློན་འོས་གཞིར་འོས་ཤོག་བསྡུ་སྐབས། རྒྱབ་སྐྱོར་བ་ ༢༡ དང་། རྒྱབ་སྐྱོར་མི་བྱེད་པ་ ༢༡ བཅས་འོས་ཐོབ་འདྲ་མཉམ་བྱུང་བས། འོས་ཐོབ་ ༢༡ དེ་དངོས་སུ་འོས་འཕེན་པ་སྤྱི་འཐུས་ ༤༢ བྱུང་བ་དེའི་བརྒྱ་ཆ་ ༥༠ ལོངས་ཡོད་ནའང་། ངོ་ཡོད་སྤྱི་འཐུས་ ༤༣ ཡོད་པ་དེར་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ མ་གཏོགས་མེད་པས། བརྒྱ་ཆ་ ༥༠ ལས་མི་ཉུང་བའི་འོས་ཐོབ་བྱུང་མེད།

འོས་ཐོབ་བརྒྱ་ཆ་ ༥༠ མ་ལོངས་ན་སྲིད་སྐྱོང་གིས་འོས་གཞི་གསར་པ་འདོན་དགོས་ཀྱི་ཡོད་ཀྱང་། ཚོགས་གཙོས་བརྒྱ་ཆ་ལོངས་པར་རྩིས་ཏེ། འོས་ཐོན་གསལ་བསྒྲགས་བྱས་པ་རེད།

སྐབས་འདིའི་རྩོད་པ་ནི། འོས་ཐོབ་ ༢༡ དེ་སྤྱི་འཐུས་ ༤༢ ལ་རྩིས་བསྐོར་བྱེད་དགོས་ཀྱི་རེད་དམ། ཡང་ན་ ༤༣ ལ་རྩིས་བསྐོར་བྱེད་དགོས་ཀྱི་རེད། སྤྱི་འཐུས་ཚོགས་གཙོས་ཁོང་ངོ་ཡོད་ཁོངས་སུ་བརྩི་གི་མ་རེད་ཟེར་ནས་གསུང་ཤེས་ཐབས་མེད་པ་མ་ཟད། ངོ་ཡོད་སྤྱི་འཐུས་ ༤༣ ཡིན་པ་ཁས་ལེན་བྱས་ཡོད།

འོ་ན། ངོ་ཡོད་ ༤༣ ལ་འོས་ཐོབ་ ༢༡ བརྒྱ་ཆ་བསྐོར་ན་བརྒྱ་ཆ་ ༥༠ ལོངས་མེད་པ་གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཅིག་གིས་ཀྱང་རྩིས་ཤེས་པས། ཚོགས་གཙོས་རང་ཉིད་ཀྱིས་འོས་ཤོག་མ་འཕངས་པ་དེའི་ནོར་འཁྲུལ་འགེབས་ཆེད་དུ་གཡས་ཁག་གཡོན་དཀྲི་བྱས་ནས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་ཡོད་པ་གསལ་པོ་ཡིན།

ཚོགས་གཙོས་ཐོག་མར་བརྒྱ་ཆ་ལོངས་ཡོད་པའི་རྩིས་བསྐོར་བྱེད་སྟངས་དེ་རྩ་འཛིན་ཞུ་ཡུལ་ནི་གསར་འགོད་པ་རྣམས་ལ་མིག་སྟོན་བྱས་པའི་རེའུ་མིག་དེ་དང་། འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་བཅའ་ཁྲིམས་ཀྱི་དོན་ཚན་ ༤༩ (༡) ཡིན་པར་བཤད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རེའུ་མིག་དེ་རྩ་འཛིན་མི་འཕེར་བའི་ཤོག་སྙིགས་ཙམ་ཡིན་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ ༤༩ (༡) དེ་སྤྱི་འཐུས་ཀྱི་ཉུང་ཚད་ཁོ་ན་ཡིན་པ་ལས། བཀའ་བློན་འོས་འདེམས་ལ་དཔེ་འགེབས་རིགས་བསྒྲེ་མི་ཆོག་པའི་ཐག་གཅོད་བྱས་རྗེས། དངོས་གནས་བྱས་ན་ནོར་འཁྲུལ་ངོས་ལེན་བྱས་ཏེ་ཁྲིམས་ཞིབ་ཁང་ལ་དགོངས་སེལ་དང་ཐུགས་རྗེ་ཆེ་ཞུ་རྒྱུའི་སྤོབས་པ་མ་རྙེད་ནའང་། མུ་མཐུད་ཧམ་རྩོད་རིགས་སྤང་དགོས་ངེས་ཡིན་ན་ཡང་། ད་དུང་གྲོས་ཚོགས་ཀྱི་མཇུག་བསྡོམས་གསུང་བཤད་དུ་རྩིས་བསྐོར་བྱེད་སྟངས་དེ་རྒན་ google ལ་ཁུངས་གཏུགས་པ་ཡིན་ལུགས་བཤད་པས། ཕྱག་སྦྲེལ་སྤྱི་འཐུས་མང་པོ་ངོ་ཚ་པོ་བྱུང་འདུག་པ་མ་ཟད། ཉན་མཁན་བློ་ལྡན་རྣམས་ཀྱིས་ཚོགས་གཙོས་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་གཏད་སོང་ཞེས་ཁྲེལ་དགོད་བྱེད་ཅིང་། བརྒྱ་ཆ་བསྐོར་མི་ཤེས་པའི་ཚོགས་གཙོ་ལ་སྐུ་ངོ་ google ཞེས་པའི་མཚན་གསར་པ་ཞིག་གསོལ་འདུག

༣། ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ལ་དོགས་སློང་།

ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་ཀྱིས་ཁྲིམས་འགལ་བྱས་པའི་ཐོག་ལ་འདྲི་རྩད་བྱེད་ཆོག་གི་མེད་པ་དངོས་འབྲེལ་ཡིན་ཚེ། སྤྱི་འཐུས་ཚོགས་གཙོས་ཁྲིམས་ཞིབ་ཀྱི་ཡི་གེ་དང་པོ་བཏང་བ་དེར་རང་ཉིད་དག་འབུད་ཀྱི་ཡིག་ལན་བཏང་ཡོད་པ་དང་། ཁྲིམས་ཞིབ་ཁང་ནས་ཚོགས་གཙོས་བཀའ་བློན་འདེམས་ཐོན་གསལ་བསྒྲགས་བྱས་པ་དེ་རྩིས་མེད་ཡིན་པའི་ཐག་གཅོད་ཡི་གེ་དེ་བཏང་རྗེས། གཞི་ནས་ཁྲིམས་ཞིབ་ཁང་གི་དབང་ཚད་ལ་དོགས་འདྲི་བྱེད་འགོ་ཚུགས་ཡོད་པ་མ་ཟད། ཕྱོགས་གཅིག་ནས་དོགས་སློང་དེ་ཁྲིམས་ཞིབ་ཁང་ལ་ཐད་ཀར་མ་དྲིས་པར་གསར་འགོད་པ་ཚོར་བཤད་པ་དང་། ཕྱོགས་གཅིག་ནས་ཁྲིམས་ཞིབ་ཁང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་གྱི་འགོ་ཁྲིད་རྣམས་བཞུགས་མོལ་ཚོགས་འདུ་སྐོང་དགོས་པའི་འབོད་སྐུལ་ཞུས་ཏེ། བཀའ་ཤག་དང་མཉམ་འབྲེལ་གྱི་ཐོག་ནས་ཁྲིམས་ལུགས་དབང་འཛིན་ལ་གནོན་ཤུགས་སྤྲད་ཡོད་པ་རྟོགས་ཐུབ།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ ༢༠༡༩།༤།༤ ཉིན་སྤེལ་བའི་གསལ་བསྒྲགས་དེའི་ནང་དུ། “ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་སྟོན་བྱས་ཟིན་རྗེས། ད་དུང་མུ་མཐུད་དེ། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ དང་ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན” ཞེས་ཐེར་འདོན་གནང་ཡོད་ཀྱང་། ཉིན་དེར་ཚོགས་གཙོས་གསར་འགོད་པར། “བཅའ་ཁྲིམས་དོན་ཚན་ ༥༨ པའི་ནང་གསེས་དོན་ཚན་དང་པོའི་ནང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་ལ་བཀའ་མོལ་གནང་སྟངས་འགྲིག་མ་འགྲིག་དང་འོས་འཕེན་སྟངས་འགྲིག་མིན་སོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩད་གཅོད་མི་ཆོག་ཅེས་འཁོད་ཡོད་པ་དང་། མི་ཆོག་པ་དེ་མི་ཆོག་པ་ཡིན་པ་ལས་མི་ཆོག་ལབ་ཡོད་ན་ཡང་ད་དུང་ཡང་རྩད་གཅོད་བྱེད་ཀྱི་ཡིན་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད” ཅེས་གསུངས་འདུག་པ་ནི་ཧམ་རྩོད་རང་རེད། བཅའ་ཁྲིམས་དོན་ཚན་ ༥༨ ནང་ཚོགས་གཙོས་བཤད་པའི་ཚིག་བརྗོད་དེ་དག་གི་ཟུར་ཙམ་ཡང་མེད་ལ། ཁྲིམས་ཞིབ་ཁང་ནས་ཚོགས་གཙོས་བཅའ་ཁྲིམས་ལ་འགྲེལ་ལོག་དང་། མཉམ་བསྲེས་བྱས་པའི་སྐྱོན་གནད་དམར་བཤུས་བརྒྱབས་ནས་ཀྱང་ད་དུང་མུ་མཐུད་དེ་བཅའ་ཁྲིམས་ཀྱི་དོན་ཚན་གོང་འོག་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་བྱེད་པ་ནི་རྩོད་རྙོག་འདི་ལ་ལྟ་ཉན་བྱེད་མཁན་ཚང་མ་ཞ་ར་དང་འོན་པ་ཞེ་ཅིག་ལ་རྩིས་ཏེ་ཁྲམ་རྫུན་བཤད་པ་ཞིག་ཡིན།

ཡིན་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཚོགས་གཙོས་བཀའ་བློན་འོས་ཐོན་གསལ་བསྒྲགས་བྱས་པ་དེའི་སྐོར་ལ་རྫུན་བཤད་པ་དང་། འགྲེལ་ལོག་བྱས་པ། ཁྲིམས་འགལ་བྱས་པའི་བརྒྱུད་རིམ་རྣམས་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་འགྲེལ་བཤད་བྱས་རྗེས། སྤྱི་འཐུས་ཚོགས་གཙོས་གསར་འགོད་པ་སྐད་ཆ་གསར་པ་ཞིག་བཤད་ཡོད་པ་ནི། “སྤྱི་འཐུས་ལྷན་ཚོགས་བཅའ་ཁྲིམས་དང་འགལ་མེད་ལ། བཅའ་ཁྲིམས་དང་འགལ་ཡོད་མེད་ཟེར་བ་དེ་གང་ཟག་ཅིག་གིས་ཀ་དེ་ཁ་རེད་ཁ་དེ་ཀ་རེད་ལྟ་བུའི་རྩོད་རྙོག་བྱུང་ན། སུ་ཞིག་བདེན་པ་ཡིན་མིན་ཐག་གཅོད་བྱེད་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་ལས། གནད་དོན་འདིར་སུ་གང་གིས་རྩོད་པ་རྒྱག་གི་མེད་ན་ཡང་ཁྲིམས་ཞིབ་ཁང་གིས་དྭང་དུ་བླངས་ནས་བཟོས་པ་མ་གཏོགས་གང་ཡང་མ་རེད” ཅེས་བཤད་དེ། ཁྲིམས་ཞིབ་ཁང་ལ་སུ་ཞིག་བདེན་པ་ཡིན་མིན་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་ཁས་ལེན་ཞོར་དུ། ཁྲིམས་ཞིབ་ཁང་གིས་དྭང་དུ་བླངས་ནས་ཐག་གཅོད་བྱེད་ཆོག་གི་མེད་པའི་རྩོད་གཞི་གསར་པ་ཞིག་བསླངས་ཡོད།

ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་སུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་བྱ་རྒྱུ་དེ་ཁྲིམས་ཞིབ་ཁང་གི་འདོར་དུ་མེད་པའི་ལས་འགན་ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ དང་།  དོན་ཚན་ ༥ ལུང་དྲངས་ཏེ། བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་དང་། བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་བྱེད་པའི་སྐུ་དབང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་ཡོད་པའི་སྐོར་གསལ་པོར་བྲིས་འདུག་པ་མ་ཟད། “བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་རྣམས་ལག་བསྟར་བྱེད་སྐབས་སུ། བཅའ་ཁྲིམས་ཀྱི་དགོངས་དོན་ལ་དོ་ཕོག་དང་གནོད་འགལ་བྱེད་པའི་བྱ་སྤྱོད་མཐོང་བཞིན་དུ་དེར་སྣང་མེད་དམ། གུ་བཤངས་སམ། བབ་བསྟུན་ནམ། མཐུན་འགྱུར་བྱ་རྒྱུ་ནི་ཁྲིམས་ཞིབ་ཁང་གནས་དགོས་པའི་རྒྱུ་མཚན་དང་རྒྱབ་འགལ་ཡིན་པས། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་དམ་བཅའ་ནམ་ཡང་འདོར་ཐབས་མེད” ཅེས་ཐ་ཚིག་བསྒྲགས་འདུག་པས། ཁྲིམས་ཞིབ་ཁང་གི་འགན་དབང་འདི་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་ནས་ནག་བསུབ་མ་བཏང་བར་དུ། དེའི་ཐོག་ཁྲིམས་ཞིབ་ཁང་ལ་འགྲན་བཙུགས་བྱེད་ཐབས་མེད་པ་གསལ་པོ་རེད་འདུག རྒྱུ་མཚན་ནི། བཅའ་ཁྲིམས་སྲུང་སྐྱོབ་ཀྱི་འགན་དབང་བསྐུར་ཡོད་པའི་ཁྲིམས་འཛིན་སྡེ་ཚན་ནས་རྩ་ཁྲིམས་ཀྱི་དམིགས་བཀར་དོན་ཚན་ལུང་འདྲེན་བྱེད་མ་དགོས་པར། ཁྲིམས་དོན་བསྐྱར་ཞིབ་ཀྱི་བྱ་རིམ་བརྒྱུད་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཁ་མཆུ་ཞུ་གཏུག་བྱེད་མཁན་མེད་ཀྱང་། ཁྲིམས་ཁང་རང་ངོས་ནས་ suo moto རྩད་ཞིབ་ཐག་གཅོད་བྱེད་ཆོག་པ་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁུངས་གཏུགས་ཞུ་ཡུལ་ཨ་རི་དང་། རྒྱ་གར་སོགས་སུ་ཡོངས་གྲགས་ཡིན།

༤། ཚོགས་གཙོ་དང་གྲོས་ཚོགས་ཀྱི་གནས་ཚད་དང་བཟང་སྤྱོད།

ཡང་ནས་ཡང་དུ་ཚོགས་གཙོར་ཁྲོམ་སྟོན་དུ་བཅུག་ནས་ཞབས་འདྲེན་ལུང་པ་གང་ཞུས་པའི་རྒྱབ་ཏུ་གངས་སྐྱིད་ཀྱི་ནག་ཚོང་མཁན་པོ་ཚོའི་འདྲེ་ལག་བརྐྱངས་པའི་གྲིབ་གཟུགས་མཐོང་རྒྱུ་ཡོད་ལ། ཀླད་སྟོང་ཚོའི་གླེན་རྟགས་བསྟན་པའི་ཀུ་ཅོ་སྣ་ཚོགས་ཤིག་ཀྱང་གོ་རྒྱུ་འདུག

ཞིབ་ཏུ་བསམས་ན། ཐེངས་འདིའི་ནོར་འཁྲུལ་བཟོ་མཁན་ཚང་མ་ཚོགས་གཙོ་དང་། ཞབས་འདྲེན་ཞུ་མཁན་ཡང་ཚོགས་གཙོ་སྒེར་ཡིན་པ་ལྟ་བུ་མཐོང་ཡང་། དོན་དུ་ཚོགས་གཙོ་གཅིག་པུ་མ་ཡིན་པར་གྲོས་ཚོགས་ཀྱི་ཚོགས་མི་ཚང་མར་དེའི་ཐོག་འགན་ཁུར་གཡོལ་དུ་མེད་པ་ཞིག་ཡོད།

ཚོགས་གཙོས་ཨང་རྩིས་མ་ཤེས་པ་དང་། བཅའ་ཁྲིམས་ཀྱི་དགོངས་པ་མ་རྟོགས་པར་ཁྲིམས་འགལ་བྱེད་ཀྱི་ཡོད་ན། གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་ལས་རིམ་རྣམ་གཞག་གི་སྒོ་ནས་དེར་དགག་བྱའམ་བཟོ་བཅོས་དགོས་པའི་རེ་འདུན་བཏོན་ཆོག་ཀྱང་། ལས་རིམ་རྣམ་གཞག་འདོན་མཁན་གཅིག་ཀྱང་བྱུང་མེད་པ་དང་། ཁྲིམས་ཞིབ་ཁང་ནས་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་རང་ལ་བཀའ་བློན་འདེམས་ཐོན་གསལ་བསྒྲགས་བྱས་པ་དེ་རྩིས་མེད་ཡིན་པའི་ཐག་གཅོད་གནང་མ་ཐག  ཚོགས་གཙོ་དང་གྲོས་ཚོགས་ལ་ཁྲིམས་འགལ་དེ་ཁྲིམས་མཐུན་བཟོ་རྒྱུའི་དུས་ཚོད་ཀྱང་ལྡེང་ངེས་ཡོད་པས། གྲོས་ཚོགས་ནས་དེ་ཉིད་གལ་འགངས་ཆེན་པོར་བརྩིས་ཏེ་འཕྲལ་དུ་གཟབ་ནན་གྱི་ཐབས་ལམ་འཚོལ་དགོས་ངེས་ཡིན་ཡང་། སྣང་མེད་དུ་འཇོག་རྐྱང་བྱས་པ་མ་ཟད། ཚོགས་གཙོ་ཚོགས་གཞོན་གྱིས་སྲིད་སྐྱོང་ཡང་མཉམ་དུ་དྲུད་དེ། མང་གཙོའི་ཀ་བ་གཉིས་ཀྱི་འགོ་ཁྲིད་ཁ་མཐུན་ལྟ་བུས་ཁྲིམས་ཞིབ་ཁང་ལ་གནོན་ཤུགས་སྤྲོད་པ་དང་། གུ་ཡངས་གཏོང་དགོས་ལུགས་ཀྱི་ནག་ཚོང་རྒྱག་རྩིས་བྱས་པ་ཙམ་ལས། ཁྲིམས་མཐུན་གྱི་ཐབས་ལམ་གང་ཡང་བསྟེན་ཐུབ་མི་འདུག

དེ་ལས་ཚབས་ཆེ་བ་ཞིག་ནི། སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། ཚོགས་གཙོའི་ཐག་གཅོད་ལ་རྒྱབ་སྐྱོར་བྱེད་མཁན་ ༢༡ དང་། དེར་དགག་པ་བྱེད་མཁན་ ༡༥ བྱུང་མཐར། ཚོགས་གཙོས་ཐག་གཅོད་བྱས་པ་དེ་འགྲིག་པའི་ཐོག་ལ་བཞག་ལུགས་གོ་ཐོས་བྱུང་བས། དེ་ནི་རྐུ་མ་བརྐུས་པ་དེ་ཁྲིམས་འགལ་ཡིན་མིན་རྐུན་ཚོགས་སུ་འོས་ཤོག་བསྡུས་ཏེ་ཁྲུན་གཅོད་བྱེད་པ་དང་གཅིག་མཚུངས་ཡིན། བྱེད་སྟངས་འདིས་ད་ལྟའི་སྤྱི་འཐུས་དང་བཀའ་བློན་རྣམས་རྩིས་དང་ཁྲིམས་ཀྱི་སྤྱིར་བཏང་ཤེས་ཚད་ཙམ་ཡང་མི་ལྡན་པའི་གླེན་ལྐུགས་ཁྱུ་ཚོ་ཞིག་ཡིན་པའི་གདོང་རིས་དམར་རྗེན་དུ་བསྟན་ཡོད།

༥། ཚོགས་གཙོ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གདམ་ཀ

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་བྱུང་མ་མྱོང་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཟློས་གར་སྐྱུག་བྲོ་པོ་དེའི་སེང་རས་རྣམས་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱི་རལ་གྲིས་གཙབ་གཏུབ་བྱས་ཏེ། ས་ས་མལ་དང་རྡོ་རྡོ་མལ་དུ་བསྐྱལ་ཟིན་འདུག་པས། མི་ཚེ་ཧྲིལ་པོ་བོད་སྤྱི་པའི་ཆེད་དུ་སྲི་ཞུ་སྒྲུབ་མཁན་གྱི་ཁྲིམས་དཔོན་རྣམ་པ་གསུམ་དང་། སྒོས་སུ་ཁྲིམས་སྒྲིག་ལ་མཁྱེན་རྒྱ་ཡངས་པའི་ཁྲིམས་ཞིབ་པ་ཆེ་བའི་རྣམ་དཔྱོད་དང་སྙིང་སྟོབས་འདི་ལྟ་བུ་གསེར་བྲིས་ཀྱི་ལེ་ཚན་ཞིག་ཏུ་འཚེར་བཞིན་གནས་ངེས་པ་གོར་མ་ཆག

ད་ནི་སྤྱི་འཐུས་ཚོགས་གཙོ་དང་གྲོས་ཚོགས་ལ་ཁྲིམས་འགལ་ཡོ་བསྲང་དང་། རང་གནོངས་འགེབས་སྲུང་གི་གདམ་ཀ་གཉིས་ལས་ལྷག་མེད་པ་དང་།

དེ་ཡང་ཐབས་ཤེས་གཅིག་ནི། ཚོགས་གཙོས་ཐེངས་འདིའི་ནོར་འཁྲུལ་གྱི་འགན་ཁུར་རང་ཉིད་ལ་ཐུག་ཡོད་པ་ངོས་ལེན་བྱས་ཏེ། བཟང་སྤྱོད་ཀྱི་ཐོག་ནས་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུས་ན། དེ་ནི་འཁྲོག་གཞི་ཆུང་ཤོས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་།

ཐབས་ཤེས་གཞན་ནི། བཅའ་ཁྲིམས་དོན་ཚན་ ༤༨ པར་ཚོགས་གཙོས་འགྲེལ་བཤད་བྱས་པ་ལྟར་བསྐྱར་བཅོས་བཏང་སྟེ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ་ཡིན་ཡང་། བརྒྱ་ཆ་དང་གྲངས་ཆ་རྩིས་བསྐོར་བྱེད་སྐབས་སུ་འཕྲོས་ལྷག་སྐར་ཆ་ཡོད་ན་ཡར་མར་གཉིས་ཀ་བརྩི་རྒྱུ་མིན། ངོ་ཡོད་ཚོགས་གཙོས་འོས་ཤོག་གཉིས་རེ་འཕེན་ཆོག་ཅེས་བཟོ་དགོས་པ་འདྲ། དེ་འདྲའི་སྤོབས་པ་སླེབས་ཐུབ་མིན་མི་ཤེས།

ཡང་ན། ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་གཏོང་དགོས་ཀྱི་ཡོད་ཀྱང་། དེར་རྒྱུ་མཚན་ཡང་དག་ཅིག་བགྲང་རྒྱུ་ཡོད་བཟོ་མི་སྣང་ངོ་། །

 

གསར་འགྱུར།

Post navigation

Previous Post: བསམ་པའི་བར་སྟོང་ལ་སེར་བུ་ཤོར། 

Next Post: ཕོ་བྲང་པོ་ཏ་ལའི་ས་འོག་དོང་ལམ་གྱི་གསང་བ།

Comments (9) on “སྤྱི་འཐུས་ཚོགས་གཙོས་རང་ཚོད་མ་ཟིན་པར། རྡོ་བ་བཅག་ནས་རང་གི་རྐང་པར་བརྒྱབས།”

  1. AྀBHARU JIGWANG says:
    2019-04-15 at 11:48 pm

    རྡ་ས་ནས་བསྟན་འཛིན་རབ་དགའ་ལགས་ནས་འདི་སྔོན་བཀའ་བློན་གསར་འདེམས་
    སྐོར་ལ་སྤྱི་ལྷན་དང་ཁྲིམས་ཞིབ་ཁང་གཉིས་བར་ལ་ཡིན་མིན་གླེང་གཞིའི་སྐོར་ལ་མང་ཚོགས་ནང་
    གསལ་པོ་གཏན་ནས་མེད་པར་དོགས་གཞི་ཅན་དུ་གསལ་གནས་ཞིག་སྒུག་བཞིན་པའི་སྐབས་
    བསྟན་རབ་ནས་དངོས་གནས་གསལ་བཤད་དཔེ་ཡག་པོ་བྲིས་གནང་འདུག་ དགའ་བསུ་ཡོད།
    ཡིན་ཡང་ད་དུང་གསལ་པོ་ཆགས་མེད་པ་གླེང་བཞིན་འདུག་པ་ནི་བསྟན་འཛིན་རབ་ལགས་བྲིས་པ་
    ་དེ་ནི་ཁྲིམས་ཞིབ་ཁང་ཕྱོགས་གཅིག་གི་གསལ་བཤད་རེད།
    ད་འདིའི་ཐོག་ལ་སྤྱི་འཐུས་ཚོགས་མཆོག་ནས་ཡིན་མིན་གསལ་བཤད་གཅིག་ངེས་པར་
    གནང་དགོས་པ་ཞིག་ཆགས་འདུག་དེ་མིན་གཉིས་ཕྱོགས་ཀྱི་བར་ལ་བསྡད་ནས་ཁྲིམས་
    མཐུན་ཡིན་མིན་གསལ་བཤད་གཅིག་གནང་ན་གཞི་ནས་མི་མང་དོགས་པ་སེལ་ས་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2019-04-16 at 12:35 am

    ་་་་་ འདི་ནི་ཚོགས་གཙོས་ཁྲིམས་ཡིག་གི་དགོངས་དོན་གོ་ལོག་ཏུ་བླངས་པ་མ་ཟད། གྲོས་ཚོགས་སུ་འགན་ཁུར་མ་བྱས་པ་དང་། ཁྲིམས་འགལ་བྱས་པ་ཞིག་ཡིན་ལ། ཐེངས་འདིའི་རྙོག་དྲ་འབྱུང་ཁུངས་གཙོ་བོའང་དེ་ཡིན། ་་་་་་་་་་ ཟེར།
    ད་འདིར་གཟིགས་དང་། བོད་རིགས་འཁྱམས་པོ་ཚོའི་ནང་འཁྲུགས་ལ། །ཧཧཧཧཧཧཧཧ།། །།

  3. བོད་ཁམས་སྡེ་ says:
    2019-04-16 at 6:35 am

    གནོད་དོན་ཆུང་ཙག་དེ་རིགས་ཆེན་པོ་མ་བཟོས་ན་མི་བཟང་ངམ། ད་ལྡའི་ཚོགས་གཙོ་མཆོག་ནི་གྲོས་ཚོགས་ནང་གི་འཐུས་མི་རྙིན་ཤོས་ཡིན་པ་དེ་སྔོན་ཁོང་རང་གིས་གྲོས་ཚོགས་ར་བའི་ནང་དུ་གསུང་མྱོང་བ་མ་ཟད། གསར་དུ་འོས་འདེམས་བྱུང་བའི་གང་ཟག་དེའང་གཞུང་ཞབས་རྙིན་གྲས་ཞིག་ཡིན་པས་བོད་སྤྱི་བའི་ལས་དོན་ཐོགས་ལ་ཐུས་ཤོར་གང་ཡང་འགྲོ་ཡི་མ་རེད་བསམ།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-16 at 11:14 am

    བཀའ་བློན་འོས་འདེམས་ཀྱི་བརྒྱ་ཆ་ལོང་ཡོད་མེད་ཀྱི་
    ངན་ཁག་ཚང་མ་ཚོགས་གཙོ་མི་གཙིག་གི་ཐོག་ལ་བཞག་
    ན་དྲང་པོ་མ་རེད་ལ་བརྒྱ་ཆ་རྩི་སྟངས་ལ་ཁྱད་པར་འདུག་ན་
    སྤྱི་འཐུས་ཚོགས་གཙོའི་རྩི་སྟངས་དང་ཆེས་མཐོའི་ཁྲིམས་
    ཁང་གི་རྩི་སྟངས་བཅས་ལ་ཁྱད་པར་ཆེན་པོ་འདུག་ན་བཙན་
    བྱོལ་སྤྱི་ཚོགས་ནང་ཡོད་པའི་CA འཐོན་པ་ཚོར་སྐད་ཆ་འདྲིས་
    ནས་ད་ལྟའི་ལབ་སྙོགས་དེ་གཙང་མ་བཟོ་དགོས་པ་དང་མ་གཞི་
    བརྒྱ་ཆ་ལོང་ཡོད་མེད་གྲོས་ཚོགས་ནང་ཡོད་པའི་གྲོས་ཚོགས་ཀྱི་འཐུས་
    མི་དང་སྲིད་སྐྱོང་མཆོག་གི་དབུས་པའི་འཛིན་སྐྱོང་བཀའ་ཤག་གི་བཀའ་
    བློན་རྣམ་པ་བཅས་ནས་བརྒྱ་ཆ་ལོང་ཡོད་མེད་ཐོག་ལ་ལས་རིམ་རྣམ་
    མེད་པར་ཞིག་ན་མིང་གི་གྲོས་ཚོགས་འཐུས་མི་ཙམ་ལས་ནང་དོན་སྟོང་པ་སྟོང་ཀྱང་ཡིན་པ་དེ་སྔོན་སྤྱི་འཐུས་སྐབས་བཅོ་ལྔའི་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་མང་གཙོ་སྤྱིའི་
    རིག་པའི་གཞུང་ལུགས་དང་མཐུན་པའི་ཡུལ་མིའི་རྒྱལ་ཁབ་ཟེར་བའི་
    ཁྲིམས་མཐུན་གྱི་ཐ་སྙད་་( REPUBLIC ) དེ་ནག་སྲུབ་བཏང་ནས་
    ཧོ་རྟོགས་མི་ཐུབ་པའི་ཐ་སྙད་གསར་པ་ཡུལ་མིའི་རྒྱལ་ཁབ་ལ་ཁ་ཕྱོགས་པ་ནི་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་ནག་ཐིག་ཞིག་རྒྱན་པར་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-16 at 11:35 am

    ནོར་བཅོས་ ༼ གོ་རྟོགས་མི་ཐུབ་པའི་ཐ་སྙད་གསར་པ་ཡུལ་མིའི་
    སྲིད་སྐྱོང་ལ་ཁ་ཕྱོགས་པ་ནི་མ་འོངས་བོད་ཀྱི་མང་གཙོའི་འཕེལ་
    རིམ་ནང་ནག་ཐིག་ཞིག་རྒྱབ་པར་ངོས་འཛིན་ཞུས་ན་མ་འགྲིག་པའི་
    ཉེས་པ་གང་ན་ཡོད།

  6. kongpo Bhu says:
    2019-04-17 at 12:55 am

    གཞུང་པ་ཚེ་དབང་བསོད་ནམས་ ་ལགས། བརྒྱ་ཆ་བརྩི་སྟངས་དེ་འཛིམ་རིམ་དྲུག་པ་དང་བདུན་པའི་ཨང་རྩིས་ཡིན་པས་་CA འཐོན་པ་ཚོར་སྐད་ཆ་འདྲི་དགོས་ཞིག་མ་རེད་ལ། བརྩི་སྟངས་ལའང་ཁྱད་པར་ཤོར་བ་ཞིག་ལ་ངོས་འཛིན་ཞུ་གི་མེད། མདོར་བསྡུས་ནས་བཤད་ན་བཅའ་ཁྲིམས་ལ་གོ་བ་ལེན་སྟངས་དང་གཞུང་དྲང་ཡིན་མིན་ལ་རག་ལུས་པ་ཞིག་རེད། མ་རེད་པས།

  7. རང་བྱུང་རིག་པའི་རྡོ་རྗེ says:
    2019-04-17 at 3:17 am

    དོན་དག་ཆུང་ཆུང་ཞིག་ཆེ་རུ་བཏང་སོང་། གལ་ཏེ་མང་མོས་མེད་ན་སྐྱར་དུ་འོས་ཤོག་བླུག་ན་འགྲིག་པ་རེད། མང་པོ་ཞིག་བརྩད་ནས་བསྡད་པ་ལས་བསྐྱར་དུ་འོས་ཤོག་བླུག་ན་ཆུད་ཚོད་གཅིག་ཡས་ཡས་སུ་འགྲུབ་ཀྱི་རེད་པ། གང་ལྟར་སྐུ་ངོ་ཁོང་ལས་བྱེད་རྙིང་པ་རེད་འདུག མཉམ་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱི་རེད་སྙམ། །

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-17 at 12:07 pm

    བཅའ་ཁྲིམས་ལ་གོ་བ་ལེན་སྟངས་ལ་ཁྱད་པར་ཡོད་ན་
    བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་བཀའ་
    ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་བཀའ་
    འདྲི་ཞུ་དགོས་པ་རེད་ལ་གཞུང་དྲང་མ་དྲང་དེ་གང་ཟག་
    སོ་སོའི་ཀུན་སློང་ལ་རག་ལས་པ་མ་རེད་དམ།

  9. བྱང་ཆུབ་ལོ་མ། says:
    2019-04-17 at 3:17 pm

    གཞན་གང་ཡང་མ་རེད། གྲོས་ཚོགས་ནས་ཐག་གཅོད་བྱས་པ་དེ་ནོར་འདུག་ཅེས་ཁྲིམས་ཞིབ་ཁང་གིས་དུས་ཐོག་ལ་འདྲི་བརྩད་བྱས་པའི་སྐབས་དེ་ནི། གྲོས་ཚོགས་ཚུགས་བཞིན་པའི་སྐབས་རེད། དེ་དུས་བསྐྱར་དུ་འོས་འཕེན་གྱིས་ཁྲིམས་དང་མཐུན་པ་བཟོ་བའི་གོ་སྐབས་ཡོད་ཀྱང་། ད་ནི་སྤྱི་ཟླ་དགུ་པ་བར་སྒུག་ན་མ་གཏོགས་ཁྲིམས་མཐུན་བཟོ་བའི་ལམ་ཁ་ཡོད་པ་མ་རེད།

    འཛམ་གླིང་གི་རྩིས་རིག་མཁས་པ་ཚང་མར་ཁ་ཞིག་གྲག་རོགས་ལབ་པའི་དབང་དུ་བཏང་ནའང་། བརྒྱ་ཆ་བརྩི་སྟངས་དེ་ཁྲིམས་ཞིབ་ཁང་དེ་ལ་འབབ་ཀྱི་རེད་མ་གཏོགས། གྲོས་ཚོགས་ཀྱིས་བརྩི་སྟངས་དེར་འབབ་ཀྱི་མ་རེད།

    ཚོགས་གཙོའི་ལག་གི་རྩིས་གཞིའི་རེའུ་མིག་དེ་བཀའ་བློན་འོས་འདེམས་ལ་རྩིས་སྐོར་བྱེད་པའི་རྩིས་གཞིའི་རྩ་འཛིན་མ་རེད་ཅེས་ཁྲིམས་ཞིབ་ཁང་གིས་ནུས་མེད་བཟོས་ཚར་བ་རེད། དེ་ནས་ཚོགས་གཙོའི་ཨང་རྩིས་དགེ་རྒན་ Goobgle ཡང་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་འགྲེལ་བཤད་དེའི་རྗེས་སུ་འབྲངས་བསྡད་ཡོད་པ་རེད། ད་ཅི་བྱ་འདི་བྱ་མེད་པ་རེད། ཟམ་གདོང་རིན་པོ་ཆེ་སོགས་སུ་ལ་དྲིས་ནའང་། ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ལས་འདའ་འགྲོ་བའི་འགྲེལ་བཤད་རྙེད་ཀི་མ་རེད། དཔེར་ན། 1+1=2 རེད། འཛམ་གླིང་གི་རྩིས་རིག་མཁས་པ་སུས་རྩིས་བརྒྱབ་ནའང་འདི་རེད། གཞན་གྱི་འགྲོ་ས་མེད་པ་རེད། ཨང་རྩིས་ལ་ཞུ་བ་འཐེན་ས་འགྲོ་གི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme