Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

Posted on 2023-10-09 By ཁ་བརྡ་ No Comments on སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

དེ་རིང་ངས་གླེང་སློང་བྱེད་འདོད་པ་ནི། དེང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་བཞིན་པའི་སྐབས་ཀྱི་གནས་ཚུལ་སྐོར་ཡིན་པ་དང་། སྤྱིར་བཏང་གི་བཙན་བྱོལ་ནང་གི་ལབ་གླེང་སྐོར་ལ་ང་ལ་གླེང་འདོད་གཏན་ནས་མི་འདུག །འོན་ཀྱང་ད་རེས་ཁྱི་མི་རྨུགས་དཀའ་མེད་རྐུ་མས་སྒོ་རྡུང་། ཝ་མི་རྒྱལ་དཀའ་མེད་ལྷ་འདྲེས་འགྲམ་ལྕག་ཅེས་པའི་དཔེ་ལྟར། ད་རེས་མ་བཤད་ཀ་མེད་དུ་གྱུར་སོང་བའི་རྒྱ་ཆེ་ཀློག་པ་པོ་ཚོའི་བློ་ལ་འཐད་མིན་ཡོང་སྲིད་ན་དགོངས་པ་མ་ཚོགས་རོགས་ཞུ་རྒྱུ་ལས་མ་འདས།

ད་རེས་ཚང་མའི་མཁྱེན་གསལ་བཞིན་ང་ཚོའི་གྲོས་ཚོགས་ཚོགས་ག་དུས་དབུ་འཛུགས་གནང་བ་ཡིན་ན་དང་ཐོག་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ལ་གལ་ཆེའི་དོན་ཆེ་ཞིག་ཏུ་འཛིན་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བསྣམས་ཕེབས་ཀྱི་ཡོད་པ་དང་། དེར་བཀུར་འོས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ལ་དགོངས་ཚུལ་གསུང་སའི་གལ་ཆེའི་སྡིངས་ཆ་ཞིག་ཡིན་པས་བཀུར་འོས་རྣམ་པས་བགྲོ་གླེང་གི་ཆ་ཤས་བཞེས་གནང་གི་ཡོད། ད་རེས་བོད་ནང་གི་གཞིས་ལུས་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ལས་ལྡོག་སྟེ་ནང་ཁུལ་ལབ་གླེང་བྱུང་ནས་གྲོས་ཚོགས་ཚོགས་མ་ཐུབ་པ་དེ་རེད། ས་གནས་ཁག་ནས་གཞུང་མགྲོན་ཕོན་ཆེན་བཏང་ནས་གནས་འདིར་ཕེབས་ཚར་དུས་གྲོས་ཚོགས་ཚོགས་མ་ཐུབ་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་གནས་ཚུལ་ཞིག་ལ་ངོས་འཛིན་མི་ཞུ་ཀ་མེད་རེད་སྙམ།

གཞིས་ལུས་བོད་མི་རྣམས་ཁྲག་དང་མིག་ཆུ་འོག་ཏུ་འཚོ་བ་རོལ་དགོས་ཐུག་གི་ཡོད། ཉིན་འཁྱོལ་རུང་མཚན་མི་འཁྱོལ་བའི་དཀའ་སྡུག་འོག་ཏུ་གནས་དགོས་ཐུག་གི་ཡོད། དེའདྲའི་དཀའ་སྡུག་འོག་ཏུ་ཡོད་རུང་བློ་བརྟན་འགྱུར་མེད་ཀྱིས་ཚེ་སྲོག་ཉེན་ཁ་ཡོད་རུང་རང་གཞུང་ལ་ཡིད་ཆེས་བློ་གཏད་ཀྱི་རེ་བ་བཟུང་ནས་ལས་དོན་གནང་བཞིན་ཡོད། དེ་འདྲའི་རེ་བ་དང་། ཡིད་ཆེས་ཐོག་ནས་ད་བར་གཅེས་པའི་ལུས་སྲོག་དམར་པོ་མཆོད་མེར་སྒྲོན་ཡོད། རྒྱལ་གཅེས་པ་ཁོང་རྣམ་པས་ཞལ་ཆེམས་དེ་དག་ང་ཚོའི་མགོ་འོག་ཚང་མའི་ཡིད་དུ་བཟུང་ནས་སློབ་སྦྱོང་བྱེད་དགོས་པའི་གནད་དོན་ཞིག་རེད་འདུག་སྙམ།

ལྷག་དོན་སྐུ་ལུས་མཆོད་མེ་སྒྲོན་མཁན་གྱི་རྒྱལ་གཅེས་པ་ཁོང་རྣམ་པའི་ཕ་མ་ལ་མཚོན་ན། རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་ཕྲུག་གམ་སྤུན་མཆེད་གང་རུང་ཞིག་གི་གནས་སྟངས་དེ་དག་མཐོང་དུས་སེམས་ཁམས་སུ་སྡུག་བསྔལ་ག་ཚོད་གཅིག་ཡོང་གི་ཡོད་པ་ང་ཚོ་འབྲེལ་བཤད་ག་ལ་བརྒྱབ་ཐུབ། གཏན་ནས་འབྲེལ་བཤད་བརྒྱབ་མི་ཐུབ་པ་ཞིག་རེད་སྙམ། ད་ནི་ངེས་པར་དུ་རྒྱལ་གཅེས་པ་ཁོང་རྣམ་པས་གསུང་ཚིག་དེ་དག་ཡིད་དུ་བཟུང་སྟེ་ལས་དོན་གནང་དགོས་པའི་དུས་ཚོད་སླེབས་མི་འདུག་གམ།  གལ་སྲིད་ནང་ཁུལ་ལབ་གླེང་གནང་རྒྱུ་ཡོད་ཚེ་གྲོས་ཚོགས་ཀྱི་གལ་ཆེའི་སྡིངས་ཆ་དེའི་ཐོག་ཏུ་ལབ་གླེང་གནང་དགོས་པ་ཞིག་གཏན་ནས་མ་མཐོང་། ད་རེས་ཀྱི་གནད་དོན་དེས་དགྲ་དགའ་གཉེན་སྡུག་གི་གནས་སྟངས་ཤིག་ཏུ་གྱུར་པ་དེ་རེད། རང་ཉིད་ལྟ་བུ་ཞིག་ལ་མཚོན་ན་སྤྱི་འཐུས་གྲོས་ཚོགས་དེ་ཉིད་གལ་ཆེའི་ཆབ་སྲིད་སྡིངས་ཆ་ཞིག་ཏུ་ངོས་འཛིན་ནས་ལྟ་ཉན་བྱེད་བཞིན་ཡོད། སྐབས་རེ་བློ་ཕམ་དགོས་པ་དེ་འདྲ་ཡོང་གི་འདུག་རུང་། རྒྱལ་ཁབ་ཡོད་པའི་གྲོས་ཚོགས་ཚོགས་སྟངས་ལ་མཚུངས་བསྡུར་བྱ་ས་གཏན་ནས་ཡོད་མ་རེད་དེ། ཡིན་ནའང་རང་དབང་ཡོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་ནས་གསུང་བཤད་གནང་སྟངས་ལ་ལྟ་དུས་ང་ཚོ་གྲོས་ཚོགས་ཡག་པོ་ཞིག་ཡིན་པ་མྱོང་ཚོར་ཡོད་མཁན་གྱི་མི་ཞིག་ཡིན།

ལྷག་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འདི་ཉིད་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གནས་སྟངས་ཐོག་ཏུ་བགྲོ་གླེང་གནང་སའི་གལ་ཆེའི་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པར་བརྟེན། རང་རེའི་རྒན་གཞོན་བར་གསུམ་གྱི་ལྟ་ཉན་བྱེད་བཞིན་ཡོད།

ལྷག་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་ལས། ང་ཚོས་ལས་དོན་གང་དང་གང་བརྩམས་ཀྱང་། སྡེ་ཚན་ཁག་གསུམ་དུ་བསམ་བློ་གཏོང་དགོས་ཏེ། གཅིག་ནི་བོད་ནང་གི་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་དང་། གཉིས་པ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས། གསུམ་པ་རྒྱལ་སྤྱིའི་སྡེ་ཚན་ཁག་ཏུ་བོད་དོན་ལས་དོན་བྱེད་ཕྱོགས་ཐད་གོ་སྐབས་འཛིན་སྟངས་རེད། གནད་འགག་འདི་གསུམ་ལ་བརྟེན་ནས་བོད་དོན་ལས་འགུལ་བྱེད་ཕྱོགས་གལ་ཆེན་དུ་མཐོང་གི་ཡོད། ཅེས་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་བཞིན་གསུང་བཤད་གནང་ཡོད། ཡང་དཔལ་ལྡན་ཚོགས་གཙོ་མཆོག་ནས། གྲོས་ཚོགས་ནང་གི་ལས་རིམ་དང་སྤྱི་ཚོགས་ནང་གི་གླེང་སློང་ལ་བགྲོ་གླེང་བྱེད་སྐབས། སྤྱི་འཐུས་རྣམས་ཀྱིས་ཚིག་རྩུབ་དང་། ཟུར་ཟ། ང་རྒྱལ་སོགས་རྣམ་པ་མི་འབྱུང་བར་བྱ་རྒྱུ་གལ་ཆེན་པོ་ཞེ་པོ་རེད། ཅེས་ལམ་སྟོན་ཟབ་ཅིང་རྒྱས་པ་དོན་སྙིང་ལྡན་པ་གནང་ཡོད།

ཡིན་ནའང་ད་རེས་ཀྱི་གྲོས་ཚོགས་ནང་དུ་རྒྱ་མི་སོ་པ་དང་འབྲེལ་བའི་སྐོར་ལ་ལབ་གླེང་བྱུང་བ་རེད། གནད་དོན་འདི་ནི་ཆེ་ཆུང་གང་འདྲ་ཞིག་ཡིན་མིན་འབྲེལ་བརྗོད་མ་དགོས་པའི་གནད་དོན་ཞིག་རེད་སྙམ། གནས་སྟངས་འདིའི་ཐོག་ལ་བདེན་རྫུན་འདི་རེད་དང་མ་རེད་ཟེར་ནས་ཞུ་ཚོད་གང་ཡང་མི་ཐིག་རུང་། བཀུར་འོས་རྣམ་པ་སུ་འདྲ་ཞིག་ཡིན་ན་སྤྱི་ཚོགས་ནང་གི་གོ་ཐོས་ཙམ་མ་ཡིན་པར་དཔང་རྟགས་དང་ར་སྤྲོད་ཡོད་པའི་ཐོག་ནས་ཟབ་ལྷིང་བརྟན་གསུམ་གྱིས་གྲོས་ཚོགས་ཀྱི་ར་བ་ནང་དུ་བཀའ་མོལ་གནང་བ་ཡིན་ན། ལབ་གླེང་འདི་རིགས་རྩ་བ་རང་ནས་ཡོང་ཤེས་སྟངས་མེད་པ་ཞིག་རེད། གལ་སྲིད་ཁོང་ཁྲོའི་དབང་གིས་ཞལ་ནས་ཤོར་བ་དབང་དུ་བཏང་བ་ཡིན་ན། དེ་མ་ཉིད་དུ་གསུང་བཤད་དེ་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱི་འཐེན་བྱ་རྒྱུ་ཡིན་ཚུལ་གྱི་བཟོད་གསོལ་ཞུས་ན་མི་འགྲིགས་པ་ཨི་ཡོད་ན་སྙམ། དེ་ཡང་མ་བྱུང་བ་རེད་ལ་གྲོས་ཚོགས་མུ་མཐུད་དེ་ཚོགས་ཐུབ་མེད་པ་དེ་རེད།

ང་ཚོ་ནི་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡིན་པ་ལས། རྒྱལ་ཁབ་ཡོད་པའི་སྲིད་གཞུང་ནང་བཞིན་ང་ཚོར་ད་ལྟའི་གནས་སྐབས་ལ་ཆ་རྐྱེན་སོགས་གང་ཡང་མེད། དེ་དག་མི་མང་གི་དགོངས་པ་བཞེས་དགོས་པ་ཞིག་ལས། གྲོས་ཚོགས་ནང་དུ་གནས་ཚུལ་ཞིག་བྱུང་མ་ཐག་མང་གཙོ་ཁ་ལ་འཁྱེར་ནས་འདུས་འཛོམས་གནང་བ་སོགས་ནི་སོ་སོའི་ཐོབ་ཐང་རེད་མོད། ང་ཚོ་ཚང་མས་དགོངས་པ་རྒྱ་ཆེ་ས་ནས་བཞེས་ནས་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པ་འདུ་ཤེས་འཛིན་དགོས་པ་དེ་རེད། ང་ཚོའི་འཐབ་རྩོད་གནང་ས་ངོ་མ་དེ་རྒྱ་ནག་དམར་པོའི་སྲིད་གཞུང་ཡིན་པ་ལས་བོད་མི་ནང་ཁུལ་ག་ལ་ཡིན། ད་ལྟའི་དུས་སྐབས་སུ་རྒྱ་གཞུང་གིས་བོད་ནང་བོད་མི་རིགས་རྩ་མེད་བཟོ་ཆེད་དུ་ལས་འགུལ་གང་མང་བརྩམས་ཏེ་ཛ་དྲག་གི་གནས་སྟངས་ཉིན་རེ་བཞིན་འགྱུར་བཞིན་ཡོད།

ལྷག་པར་བོད་མི་ཤེས་ལྡན་པ་ཚོར་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་བཙོན་འཇུག་བྱེད་པ་དང་། སྡུག་སྦྱོང་མནར་གཅོད་ཚད་ལས་བཏང་དང་གཏོང་བཞིན་ཡོད། རྒྱ་གཞུང་གིས་བོད་ཡར་རྒྱས་ལ་ཁ་བཏགས་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ག་ཚོད་གཅིག་བཏང་གི་འདུག །བོད་ཀྱི་གྲོང་ཁྱེར་ཆེ་ཁག་དེང་སྐབས་རྒྱ་ཡུལ་གྱི་གྲོང་འཁྱེར་ནང་བཞིན་སྒྱུར་བཞིན་ཡོད། བོད་ཀྱི་འབྲོག་སྡེ་ཚོ་ཡང་ས་གནས་གཞན་ལ་བཙན་པོ་དབང་ཡོད་ཐོག་ནས་གནས་སྤོ་བཅུག་པ་སོགས་བོད་མི་རིགས་ཀྱི་སེམས་ཁམས་དང་མི་མཐུན་པའི་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད། དེ་དག་གི་ཐོག་ཏུ་རང་དབང་ལུང་པ་ཡོད་མཁན་ཚོས་གདོང་ལེན་ག་འདྲ་ཞིག་གནང་དགོས་ཀྱི་འདུག །རྒྱ་ཆེ་མི་མང་ལ་ལམ་སྟོན་གནང་དགོས་པ་ཞིག་རེད།

བོད་ནང་དཀའ་ངལ་དེ་དག་སེལ་ཐབས་ཐོག་ཏུ་ཐབས་ལམ་གང་ཞིག་འདུག། ད་ལྟ་བཙན་བྱོལ་ནང་དུ་དཀའ་ངལ་ཆེ་ཤོས་གང་ཞིག་རེད་འདུག །བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་ཐོག་ཏུ་ཡར་རྒྱས་གཏང་དགོས་པ་གང་ཞིག་འདུག །འཐུས་ཤོར་གང་དུ་འགྲོ་བཞིན་འདུག །དེ་བཞིན་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡར་རྒྱས་གཏང་ཕྱོགས་གང་འདྲ་བྱས་ན་དྲག་ས་རེད། ལྷག་དོན་དེང་སྐབས་བོད་མི་དུ་མ་ཞིག་ཕྱི་རྒྱལ་ཁག་ཏུ་གནས་སྤོ་བཞིན་ཡོད། ཕྱི་རྒྱལ་ཁབ་ཏུ་བོད་མིའི་མི་འབོར་འཕར་གྱི་ཡོད་ན། དེ་དག་གི་བུ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐོབ་ཐབས་ལ་ལས་དོན་གང་ཞིག་བརྩམས་དགོས་ཀྱི་འདུག

ལྷག་དོན་གཞིས་ཆགས་ཁག་གི་ནང་བོད་མིའི་སྡོད་མཁན་ཉུང་དུ་འགྲོ་བཞིན་ཡོད་ལ། དེ་བཞིན་སློབ་གྲྭ་ཁག་དང་། གྲྭ་ས་ཁག་ཏུ་ལོ་རེ་བཞིན་བོད་ཕྲུག་འཛུལ་ཞུགས་གནང་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེ་དག་ཐོག་ཏུ་གང་ཞིག་གནང་ན་ལེགས་ས་རེད། ཡར་རྒྱས་གང་འདྲ་གཏང་དགོས་ཀྱི་འདུག་ཚུལ་སོགས་དེ་དག་ཐོག་ཏུ་དགོངས་ཚུལ་གསུང་དགོས་པ་ཞིག་རེད། དེ་བཞིན་འཛིན་སྐྱོང་གི་ལས་དོན་གནང་གྲུབ་པ་གང་ཞིག་བྱུང་། གནང་མ་ཚར་བ་རིགས་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགློ་གླེང་གནང་དགོས་པ་ཞིག་རེད།

དེ་བཞིན་བོད་ཀྱི་གནས་སྟངས་རྒྱལ་སྤྱི་ཐོག་ཏུ་ནུས་ཤུགས་གང་འདྲ་སྤེལ་དགོས་ཀྱི་འདུག །བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་མཚམས་འཇོག་བཙན་པོ་དབང་ཡོད་ཀྱིས་སློབ་ཁྲིད་བྱེད་བཅུག་གི་མེད། དེ་དག་ཐོག་ཏུ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་ལས་འགུལ་གང་ཞིག་བརྩམས་ན་ཡག་ས་རེད་ལ་སོགས་སྐོར་ལ་བགྲོ་གླེང་གནང་དགོས་པ་ཞིག་རེད་མོད་དེ་དག་བྱུང་མེད་པ་རེད། ད་ནི་མ་འོངས་པ་དེ་རིགས་མི་ཡོང་བ་རེ་བ་སྙིང་དབུས་ནས་ཞུ་བཞིན་ཡོད། ད་དུང་གླེང་རྒྱུ་མང་དག་འདུག་རུང་དེ་ཙམ་གྱི་འཐུས་པ་བགྱིས། གསལ་བཤད་དགོས་པ་ཞིག་ལ། འདི་ནི་རང་ཉིད་ཀྱི་སེམས་ནང་མ་བཟོད་ནས་བསམ་ཚུལ་སྨྱུ་གུའི་རྩེ་མོ་ནས་དབང་མེད་ཀྱི་གླེང་དགོས་བྱུང་སོང་ཞིང་། རྩོམ་ཡིག་འདི་དག་ནང་འགའ་རེས་བློ་ངོས་སུ་འཐད་མིན་ཡོང་སྲིད་ན་དགོངས་པ་མ་ཚོམས་རོགས་ཞུ་རྒྱུ་ལས་མ་འདས། ས་མཐའི་སྤྲང་འཁྱམ་པ་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༥ ཉིན་མོར་ཕུལ།

 

བསམ་ཚུལ།, རྩོམ་རིག

Post navigation

Previous Post: སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་གཏམ།
Next Post: སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་ཀ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme