གཞུང་པ་ཚེ་དབང་བསོད་ནམས།
བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཚོ་ས་བགོས་གནང་ནས་ཕྱོགས་མཐའ་ཁག་ལ་འཚམས་གཟིགས་གནང་རྒྱུ་དེ་མི་མང་གི་སྐུ་ཚབ་ཡིན་པའི་ཆ་ནས་མི་མང་དང་ཐུག་འཕྲད་གནང་ནས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཕྱག་ལས་གནང་སྟངས་དང་འབྲེལ་བའི་དབྱར་ཚོགས་དང་དགུན་ཚོགས་ནང་ཁྲིམས་སྒྲིག་གསར་གཏོད་དང་བསྐྱར་བཅོས་སོགས་གྲོས་ཚོགས་ཀྱི་ལས་རིམ་ཁག་དང་། བོད་རྒྱའི་ཆབ་སྲིད་ཀྱི་གནས་བབས་སོགས་མི་མང་ལ་ངོ་སྤྲོད་གནང་རྒྱུ་དང་། ས་གནས་མི་མང་གི་འཚོ་བ་དང་འབྲེལ་བའི་ས་གནས་ཀྱི་གནས་སྟངས་ཁག་ལ་རྒྱུས་ལོན་གནང་ནས་སྤྱི་འཐུས་རྒྱུན་ལས་དང་། འཛིན་སྐྱོང་བཀའ་ཤག ལྷག་པར་དུ་སྤྱི་འཐུས་གྲོས་ཚོགས་སུ་ཕྱོགས་བསྐྱོད་གནང་བའི་ལས་བསྡོམས་ཁག་སྙན་སེང་ཞུ་རྒྱུ་སོགས་ཡིན་པ་དང་། ས་གནས་མི་མང་ནས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ལས་དོན་ཁག་དང་། ལྷག་པར་དུ་བོད་རྒྱའི་གནས་བབས་དང་འབྲེལ་བའི་ཆབ་སྲིད་ཀྱི་འཕེལ་རིམ་སྐོར་དང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ཁག་བཅས་ལ་འདྲི་བ་དང་དོགས་གཅོད་དགོངས་འཆར་འབུལ་རྒྱུ་སོགས་ཡིན་ན་ཡང་དེ་ཚོའི་སྐོར་ལ་ཕྱོགས་ཕེབས་གནང་མཁན་གྱི་སྤྱི་འཐུས་ཚོ་དང་ས་གནས་མི་མང་བཅས་ནས་དེ་ཙམ་གྱི་འགན་འཁུར་མེད་པར་མི་མང་ནང་ནས་ཨང་དང་པོར་སྤྱི་འཐུས་ཚོར་སྐྱོན་བརྗོད་བྱ་རྒྱུ་རྩལ་དུ་སྟོན་ནས་དུས་ཚོད་ལེན་མཁན་ཡང་མང་པོ་འདུག་ལ་ས་གནས་འགའ་ཤས་ནས་དངོས་སུ་སྐད་འབོད་རྒྱབ་ནས་ངོ་རྒོལ་བྱེད་མཁན་ཡང་བྱུང་འདུག་ལ་སྤྱི་འཐུས་ཚོའི་ངོས་ནས་དེ་དག་ལ་གོ་སྐོན་གསལ་བཤད་ལམ་སྟོན་འདི་ཡིན་ཟེར་བ་མ་གནང་བར་ཁ་གཏད་ལྟབུའི་ལན་འདེབས་གནང་ནས་དུས་ཚོད་འཕྲོ་ལྷག་དང་མང་ཚོགས་ནང་ཁུལ་དུ་བསམ་ཚུལ་ལ་འགལ་ཟླ་བཟོ་རྒྱུ་ཙམ་ལས་ཅང་མ་མཐོང་ན་སྤྱི་འཐུས་ཚོ་ཕྱོགས་བསྐྱོད་འཚམས་གཟིགས་གནང་རྒྱུ་དེ་གཞུང་གྲོན་ཕར་ཐོས་ཙམ་ལས་གཞན་དགེ་ཚན་མ་མཐོང་སྟབས་སྤྱི་འཐུས་སྐབས་བཅོ་བརྒྱད་ནས་ཕྱོགས་བསྐྱོད་འཚམས་གཟིགས་གནང་རྒྱུ་དེ་མེད་པ་བཟོས་ནས་ས་གནས་སོ་སོའི་ས་གནས་འཐུས་མིའི་ཚོགས་འདུ་ནས་ས་གནས་མི་མང་ལ་དཀའ་ངལ་གང་ཡོད་པ་དེ་དག་འབྲེལ་ཡོད་ས་གནས་འགོ་བརྒྱུད་དབུས་བོད་མིའི་སྒྲིགས་འཛུགས་འཛིན་སྐྱོང་བཀའ་ཤག་ལ་ཞུ་དགོས་པ་དང་། ཁྲིམས་སྒྲིག་དང་འབྲེལ་བའི་གནས་དོན་ཁག་སྤྱི་འཐུས་རྒྱུན་ལས་བརྒྱུད་སྤྱི་འཐུས་གྲོས་ཚོགས་ལ་ཞུ་དགོས་པའི་ལམ་ལུགས་གསར་གཏོད་གནང་ཐུབ་ན་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མ་དངུལ་ལ་སྲི་ཚགས་དང་སྤྱི་འཐུས་ཚོར་མི་མང་ནས་ཆེ་མཐོང་གུས་བརྩི་ཡོང་རྒྱུ་དང་། ས་གནས་མི་མང་ནང་ཁུལ་གྱི་བསམ་བློ་ལ་འགལ་ཟླ་མི་འགྲོ་བ་འཆམ་མཐུན་བདེ་འཇགས་ཡོང་རྒྱའི་དགེ་ཚན་དང་བཅས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་མི་མང་གི་འཐུས་མི་སྤྱི་འཐུས་རྣམ་པ་དང་མི་མང་བར་མཐུན་འབྲེལ་དམ་གཙང་དུ་རྒྱུན་རིང་གནས་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ།