Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན།

Posted on 2012-06-03 By ཁ་བརྡ་ 12 Comments on སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན།

སེར་ཤུལ་རིན་ཆེན་དོན་གྲུབ།

ངས་ལོ་སྔོན་མ་དང་ད་ལོ་གཉིས་ཀར་སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱེད་རོགས་ཟེར་ནས་བསམ་ཚུལ་ཞིག་དྲ་ཐོག་ཏུ་སྤེལ་བ་ཡིན། དེ་ནི་འཁྲུངས་སྐར་ཉིན་མོར་སྟོན་པ་དྲན་དགོས་པ་དང་རྒྱུན་དུ་སྟོན་པར་དད་པ་མི་དགོས་པ། སྟོན་མཆོག་ཁོང་གི་མཛད་རྣམ་དང་སྐུ་ཡོན་ལ་རྗེས་དྲན་བྱེད་མི་དགོས་པའི་གནས་ལུགས་བཤད་ཀྱི་མེད་ལ་སྟོན་པའི་འཁྲུངས་སྐར་ཉིན་འཁྲུངས་སྐར་ཤོག་བྱང་བསྐུར་བ་ཙམ་དང་། འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་ནུབ་ཕྱོགས་པའི་ལད་ཟློས་ཁོ་ན་བྱེད་རོགས་རྩ་བ་ནས་ཟེར་གྱི་མེད། འདི་ཤེས་དགོས་པའི་གནད་དོན་གཅིག་ཡིན། འདི་ལ་རྒྱུ་མཚན་གཉིས་ཡོད།

གཅིག

ནང་བའི་ཆོས་ཀྱི་རྗེས་འབྲང་ཡིན་ཟེར་མཁན་གྱི་སྐྱེ་བོ་མང་པོ་ཞིག་གིས་རང་རང་གི་ཆོས་རྒྱུད་དང་རང་རང་གི་ཉེ་བའི་བླ་མའམ་ཆོས་རྒྱུད་དེའི་བླ་ཆེན་རྣམས་པ་ཁོ་ནར་དད་ཞེན་ཇེ་ཆེ་དང་། དོན་དམ་པའི་ཆོས་འགོ་གང་ལ་ཐུག་པའི་སྟོན་མཆོག་ཐུབ་པའི་དབང་པོའི་མཛད་པ་རྣམ་ཐར་ལ་དོ་སྣང་དང་དད་ཞེན་ཆུང་དུ་འགྲོ་བཞིན་ཡོད་པའི་དངོས་མཐོང་ངོམ་སུམ་གྱི་ཉམས་ཉེས་འདིར་ཉེན་བརྡ་ཞིག་བཏང་བ་དང་ལྷན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་གསུང་བཞིན་པའི་བཀའ་སློབ་དགོངས་དོན་གྱི་ཕྱོགས་སུ་ཆས་པའི་རྣམ་འགྱུར་ཙམ་བསྟན་པ་ཡིན།

གཉིས།

དེང་གི་མི་རྣམས་ནི་སྔོན་གྱི་མི་རྣམས་དང་མི་འདྲ་བར་དོ་སྣང་སླེབ་སྟངས་དང་། དད་གུས་བྱེད་སྟངས་སོགས་དེང་རབས་ཀྱི་བསམ་ཕྱོགས་ཤིག་གི་ཐོག་ནས་འགྲོ་བཞིན་ཡོད་པས་ཁོ་ཚོར་ནང་ཆོས་ལ་དོ་སྣང་སླེབ་ཐབས་དང་། སྟོན་པ་ལ་དད་གུས་དང་ཡིད་ཆེས་སྐྱེ་སྟངས་ཀྱང་དེང་དུས་ཀྱི་བསམ་པའི་ཁོར་ཡུག་ཅིག་ནས་འོང་དགོས་པའི་དོན་དངོས་ཀྱི་རྒྱུ་མཚན་འདིའི་ཐོག་ནས་ཐ་ན་དུས་ཚིགས་ཁྱད་པར་ཅན་འདིར་སྟོན་པའི་རྣམ་ཐར་དང་ལེགས་གསུང་ལ་ཞོར་ལྟ་ཙམ་ཡང་བྱེད་པར་རེ་ནས་བསམ་ཚུལ་འདི་སྤེལ་བ་ཡིན། སྲུང་བརྩི་བྱེད་སྟངས་ཀྱང་ཆོས་དང་མཐུན་པར་སྟོན་པའི་མཛད་རྣམ་ཀློག་པ་དང་། རྒྱུ་མཚན་རིག་པའི་ཐོག་ནས་ཉིན་མོ་འདི་ཆོས་ཀྱིས་སྐྱེལ་བའི་ཐབས་སུ་དོན་ཚན་འདི་རྣམ་གཙོར་བཟུང་བྱས་པ་ལས་རྣམ་གཡེང་རྩེ་འཇོ་སོགས་ཀྱིས་དུས་འདའ་དགོས་ཟེར་གྱི་མེད། གལ་སྲིད་རྩོམ་ཡིག་དང་རེ་སྐུལ་འདི་ལ་བརྟེན་ནས་སྐྱེ་བོ་བྱེ་བྲག་པ་གཅིག་གི་སེམས་ནང་ལ་སྟོན་མཆོག་ཁོང་གི་ལེགས་མཛད་ལ་ཤེས་ནས་དད་པ་ཅུང་ཙམ་ཞིག་སྐྱེས་པ་དང་། དེའི་ཕྱོགས་ལ་དོ་སྣང་ཙམ་ཞིག་བསླེབས་ནའང་དེ་ནི་བདག་གི་དགོས་དམིགས་དང་ཁོ་རང་གི་རྣམ་དཀར་ཞིག་ཀྱང་ཡིན་པས་ཡི་རང་བའི་གནས་སོ།། དེས་ན་ཁྱེད་ཅག་གིས་ཡང་བསྐྱར་དོན་ཚན་འདི་དག་ལ་བསམ་གཞིགས་གནང་རོགས།

༡༽ ཉིན་མོ་འདིར་རང་རང་གི་ཉེ་འཁོར་དུ་གནས་པའི་སྐྱེ་བོ་ཡོངས་ལ་རང་གི་སྟོན་པའི་མཛད་རྣམ་སྐོར་དང་རླབས་ཆེན་གྱི་སྟོན་པ་ཁོང་གིས་ང་ཚོར་བླང་དོར་གྱི་ལམ་སྟོན་གང་དང་གང་གནང་ཡོད་པའི་སྐོར་ལ་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ།

༢༽ སྟོན་མཆོག་ཁོང་གི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས་ཉིན་མོ་འདིར་སྐྱེས་ཆེན་ཁོང་གིས་ཉམས་བཞེས་སུ་བསྟར་བའི་གཞན་གཅེས་དང་བྱམས་སྙིང་རྗེའི་དགེ་ཕན་ལ་སོགས་ལ་བསམ་བློ་བཏང་སྟེ་གཞན་ལ་གནོད་གཞིའི་ལས་མི་བརྩམས་པར་གཞན་ཕན་གྱི་ལས་ཀ་གང་ཐུབ་བསྒྲུབ་རྒྱུ།

༣༽ རང་གི་ནང་མི་དང་གྲོགས་པོ་ཕོ་མོ་ཚོར་རྒྱུད་ལམ་གང་རུང་ཐོག་དེ་རིང་གི་ཉིན་མོའི་གལ་ཆེའི་རང་བཞིན་ངོ་སྤྲོད་དང་སྦྲགས་ཉིན་མོ་འདིར་གཞན་ཕན་གྱི་ལས་སུ་འཇུག་དགོས་པའི་སྐུལ་དེད་བྱ་རྒྱུ།

༤༽ དུས་དེབ་དང་། ཚགས་ཤོག དྲ་རྒྱ་སོགས་སུ་སྟོན་མཆོག་ཐུབ་པའི་དབང་པོའི་མཛད་བཟང་ལ་བསྔགས་བརྗོད་དང་དེ་འབྲེལ་གྱི་རྩོམ་བྲིས་སྤེལ་རྒྱུ།

༥༽ རང་ཉིད་ནང་པ་ཞིག་གི་ངོས་ནས་ཉིན་མོ་འདི་ཆེས་གལ་ཆེན་དུ་བརྩིས་ཏེ་་ཉིན་དེའི་དུས་ཚད་ཡོངས་རྫོགས་དགེ་སེམས་འབའ་ཞིག་གི་ངང་ནས་རྫོགས་པར་ཧུར་བརྩོན་བྱ་རྒྱུ།

༢༠༡༢/༦/༣

སྣ་ཚོགས།

Post navigation

Previous Post: ཕ་སྐད་འགྲན་བསྡུར།
Next Post: གཟེར་གྱིས་དེད་པའི་དབྱངས་རྟ་ཞིག

Comments (12) on “སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་པའི་རྒྱུ་མཚན།”

  1. མི་བུ་ says:
    2012-06-03 at 1:37 am

    ཨ་རོ། ད་དུས་ཚོད་ག་པར་སླེབས་འདུག ་དུས་རབས་ཉེར་གཅིག་པ་རེད་སོང་དེ། ད་དུང་སྟོན་པ་དང་འདོན་པ་ཞེས་བཤད་ནས་སྡོད་མཁན་ཡིན་པས། ཡག་པོ་རེད། ང་ཚོ་བོད་པ་ཟེར་མཁན་དེ་དངོས་ནས་སངས་རྒྱས་རང་མགོ་མ་ཐོན་པར་གཤིན་པོའི་ཡར་འདྲེན་ཟེརབ་དེ་རེད་ཤག སོ་སོའི་ལུང་པ་བསྐྱལ། རིག་གནས་བརླགས། མི་རིགས་སྟོངས། ད་དུང་ཡང་གཅིག་བཤད་ན་སྤྲང་པོ་མི་ལས་ཧུར་ཟེར་མཁན་དེ་ཡང་ང་ཚོ་རེད་འདུག རེད། ཁྱོད་སྒུག་སྡོད་དང་སྟོན་པས་ཁྱོད་ལ་ཚང་མ་གནང་གི་རེད། ཨོམ་ཨོ་བ་མ་མ་ནི་མང་པོ་གསོག་ཨང་།
    >

  2. གནམ says:
    2012-06-03 at 3:36 am

    ཡར་བསྐྱར་ཨུ་ཚུགས་ཞུ་ན། ཁྱེད་ཀྱི་གསུངས་ལ་དུས་རབས་ཉེར་གཅིག་པའི་གསར་བཏོད་ཀྱི་རྣམ་པས་ཁེངས་འདུག་ཞུ་བ་ལས་དགག་བྱ་མེད། འོ་ན་སྟོན་པ་འཁྲུང་བའི་དུས་ཆེན་ལ་་་་་་་་་་་་ག་རེ་ཞུ་འམ། ཧ ཧ ་་་་་་

  3. དྭངས་བླངས་པ says:
    2012-06-03 at 1:44 pm

    དྲ་འབུ་ཚོའི་ང་ཚོར་གཅིག་ཀྱང་མེད་པ་བཟོ་འདོད་ཡོད་པར་འདྲ། ཕྱི་ནས་དགྲ་བོ་རྒྱ་དམར་གྱི་མི་རིགས་རྩ་མེད་དུ་གཏོང། ནང་ནས་ཤིན་ཏུ་གཅེས་སུ་འོས་པའི་ནང་ཆོས་མི་ལོ་གཉིས་སྟོང་ལྔ་བརྒྱ་ལྷག་གནས་པ་འདི་བོད་རྒྱལ་བཙན་པོ་ཚོའི་སྐུ་ངལ་ཚད་མེད་གྱི་ད་ལྟར་བར་དུ་རྒྱུན་གནས་ཐུབ་པ་འདི་ཡང། དུས་རབ་ཉེར་གཅིག་པའི་དོར་བྱ་ཡིན་པ་འདོད་ཚུལ་འདི། བོད་ལ་སྡུག་གི་མུན་པ་འཁྲིག་པའི་རྟགས་ལས་གཞན་གང་ཡིན། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་གྱི་གསུངས་པར། དུས་ནི་མི་འགྱུར་མི་རྣམས་འགྱུར། ཅེས་གསུངས་པ་ལྟར་དུས་རབས་ཉེར་གཅིག་ལ་སླེབས་ཀྱང། མི་ཡི་སེམས་ཁམས་ལ་འགྱུར་བ་འགྲོ་བ་ལས་ཕྱི་ཡི་སྣོད་བཅུད་ལ་འགྱུར་བ་ཕྱིན་མེད་པ་དངོས་ཡོད་རེད། མི་སེམས་བདུད་གྱི་རློམ་ནས་ནང་ཆོས་བཀག་འགོག་བྱེད་མཁན་དེ་བདུད་སྤྲུལ་ཡིན་པ་ལུང་རིག་གི་གྲུབ།། མདོ་སྡེ་བཀའ་བཟང་ལས། ལྔ་བརྒྱ་ཐ་མའི་དུས་ཚོད་ལ། ང་ཡི་བསྟན་པ་ཟབ་མོ་འདི། གཞན་གྱི་འཇིག་པར་མི་ནུས་སྟེ། ང་མིན་ང་འདྲ་ཞིག་གི་བཤིག། གསུངས་པ་དེ་ནང་པ་སངས་རྒྱས་པ་ཁས་འཆེ་མའི་མི་ཡི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་གཏོར་བཤིག་གཏོང་བ་གསུངས་པ་འདི་དུས་ལ་བབས་རྩིས་ཡོད་པར་འདྲ། ད་དེ་ལས་སྟོན་པའི་བསྟོད་པ་ཚར་གཅིག་འབྲི་ཐུབ་ན་ཡང་དགེ་བར་རེ་བས། ཐབས་མཁས་ཐུགས་རྗེའི་ཤཱཀྱའི་རིགས་སུ་འཁྲུངས། གཞན་གྱི་མི་ཐུབ་བདུད་གྱི་དཔུང་འཇོམ་པ། གསེར་གྱི་ལྷུན་པོ་ལྟར་བུ་བརྗིད་པའི་སྐུ། ཤཱཀྱའི་རྒྱལ་པོ་དེ་ལ་གུས་ཕྱག་འཚལ། ཞེས་བཀའ་དྲིན་རྗེས་དྲན་ཙམ་ལས་གཞན་སྨྲ་བའི་སྤོབ་པ་དབེན། དྲ་འབུ་ཚོའི་ནང་ཆོས་གི་ཕན་ཐོག་མེད་རབས་ཟེར་བ་དེ། ཇི་འདྲའི་ངོ་ཚ་དགོས་རྒྱུ་ཞིག་དང་ཞེ་ཁྲེལ་དགོས་པའི་སྐད་ཆ་ཞིག་རེད། དུས་རབས་ཉེར་གཅིག་སླེབས་པ་དང་ནང་ཆོས་མ་དགོས་འདོག་འདོག་བཤད་མཁན་ཚོར་གཅིག་འདྲི། ད་འོ་ན་ནང་ཆོས་གི་ཕན་ཐོག་མེད་ན་ནང་ཆོས་དོར་ནས་བྱ་བ་རླབས་ཆེན་ཞིག་སྒྲུབ་ཤོག་དང། དེ་ནས་འགྲེལ་བཤད་རྒྱབ་ན་ཕྱི་དྲག་པ་མ་རེད། ཤ་ཚ་སྙིང་རྗེ། ནང་ཆོས་ལ་བསྐུར་འདེབས་ཏིག་ཙམ་བྱེད་ཤེས་ན་བྱས་རྗེས་ཆེན་པོ་ཞིག་བཞག་ཐུབ་པའི་ཚོར་སྣང་སྐྱུར་མོ་དེ། མི་ལ་མ་སྟོན་ངོ་ཚའི་རྒྱུ། དམ་ཉམས་རྒྱལ་འགོང་སྙིང་ལ་ཞུགས། ཆོས་མེད་ལྟ་བ་ཡག་དོ་ཟེར། གདོན་སེམས་ཞུགས་པའི་རྟགས་རེད་དོ།

  4. དྭངས་བླངས་པ says:
    2012-06-03 at 3:05 pm

    ༼ངོམ་སུམ༽དེ་མངོན་སུམ་ལ་བཅོས ༼སྐུལ་དེད༽བསྐུལ་འདེབས་ལ་བཅོས། ཡིན་མིན་དཔྱད་པར་འཚལ།

  5. མི་བུ་ says:
    2012-06-03 at 10:33 pm

    དགེ་འདུན་ཆོས་འཕེལ་གྱི་ཞལ་ནས་ཀྱང་། བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་དུ་སྦྱིན།།
    ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཚེ་མི་སྨྲའི་བརྟུལ་ཞུགས་དང་དུ་བླངས།། རང་གི་དགྲ་ལ་སྡང་མིག་ཙམ་ཡང་བལྟ་བར་མི་ནུས་ཤཱཀྱའི་སྲས།། འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབས་པའི་གྲོགས་སུ་ཤེས་ལྡན་སུ་ཡིས་བཀུར།། ཞེས་བོད་ཚང་གི་ཆོས་ལུགས་འདུ་ཤེས་ལས་མཆེད་པའི་ལྟ་སྤྱོད་ལ་སྡོམ་ཚིག་ལྟ་བུ་དང་སྦྲགས་མི་རྣམས་ཀྱིས་ཇི་ལྟར་བྱས་ནས་དངོས་ཡོད་ཀྱི་སྤྱི་ཚོགས་ནང་འཚོ་གནས་ཐུབ་ཐབས་སྐོར་ཤུགས་བསྟན་མཛད་ཡོད། དེ་ཡང་འདིར་མཐའ་གཅིག་ཏུ་ཆོས་ལ་ངོ་རྒོལ་དང་དད་པ་མེད་པ་བཟོ་དགོས་ཞེསཟེར་བ་མིན་པར་ཁྱོད་ཀྱིས་བརྗོད་བ་ལྟར་བོད་ལ་སྡུག་གི་མུན་པ་འཁྲིག་པའི་རྟགས་ནི་མི་ཡི་རང་དབང་མནོ་བསམ་བྱེད་རྒྱུའི་ནུས་པ་ཉམས་པའི་རྐྱེན་ལས་གཞན་ཅི། དེའི་སྐོར་གཞོག་དུང་སོགས་ལ་བལྟས་ན་ཤེས་པས་འདིར་བཤད་རིན་མི་འདུག ཁྱོད་ནས་སློབ་དཔོན་རིན་པོ་ཆེའི་བཀའ། དུས་ནི་མི་འགྱུར་མི་རྣམས་འགྱུར་ཅེས་པ་དེ་དྲངས་འདུག དཔེ་ཡག་པོ་རེད།་དེ་ལ་གོ་བ་ཡག་པོ་ལོན་དང་བྲོ་བ་ཆེན་པོ་འདུག ཁོང་གིས་གསུངས་པ་ལྟར་ང་ཚོའི་གཡས་གཡོན་གྱི་མི་ལ་འགྱུར་ལྡོག་ཕྱིན་ཡོད་ཙང་ང་ཚོས་ཀྱང་དེ་བསྟུན་གྱིས་འགྱུར་བ་གཏོང་དགོས། ཆོས་ཟེར་མཁན་དེ་མི་སྒེར་རང་ཉིད་ཀྱི་བསམ་བློར་ཡོད་དང་མེད། སེམས་ལ་འཇོག་དང་མི་འཇོག་སོ་སོ་རང་ཉིད་ལ་དབང་ཆ་ཡོད་བའི་དོན་དག་གཅིག་རེད་མ་གཏོགས་དེ་ལ་དད་པ་ཡོད་ཅེས་སྨྲས་ན་ལྷ་དང་། སྤྱི་ཚོགས་སྟེང་གི་བསམ་བློ་རྙིང་བརཟུར་ཟ་ཏོག་ཙམ་བྱས་ན་བདུད་གྱི་རློམ་གཞག་དང་། ནང་ཆོས་བཀག་འགོག་བྱེད་མཁན་གྱི་བདུད་སྤྲུལ་ཡིན་པར་སེམས། ང་ལ་སྙིང་རྗེ་རྒྱུ་ཅི་ཡོད། ཁྱོད་ལ་མགོ་གསར་པ་ཡོད་ཀྱང་ནང་གི་བཅའ་ལག་དེ་པ་རྙིང་པ་རེད་ཞག དེ་ལ་དངོས་གནས་སྙིང་རེ་རྗེ། ད་དུང་ཁྱོད་ཀྱིས་མདོ་སྡེ་བཀའ་བཟང་ལས། ལྔ་བརྒྱ་ཐ་མའི་དུས་ཚོད་ལ། ང་ཡི་བསྟན་པ་ཟབ་མོ་འདི། གཞན་གྱི་འཇིག་པར་མི་ནུས་སྟེ། ང་མིན་ང་འདྲ་ཞིག་གི་བཤིག་ཅེས་བ་དེ་ཡང་དྲངས་འདུག ང་ནི་མི་ཕལ་ནས་ཕལ་པ་ཆགས་ཡས་མེད་པའི་མི་ཞིག་ཡིན་ལ་དམ་པའི་ཆོས་ཀྱི་སྙིང་པོ་རྣམས་ནི་ག་ནས་གཏོགས། འོན་ཀྱང་མདོ་སྡེ་བཀའ་བཟང་མ་ལས་ཕྱུང་པའི་གཏམ་ལ་ནི་ཡིད་སྨོན་སྐྱེས་ལ་དེ་ནི་ཡང་དག་བདེན་གཏམ་དུ་ཟད་ལ། མི་སྙིང་པར་གོས་གསར་པ་གཡོག་པའམ། ཡང་ན་གོས་རྙིང་པ་མ་གསར་པར་སྒྲོན་པ་ཅི་ཞིག་ཡིན་ནའང་ཚང་མ་འགྱུར་ལྡོག་རེད། མི་རྟག་འཇིག་རྟེན་ཆོས་ཉིད་རེད། ལྷག་པར་དུ་སྟོན་པ་བཀའ་དྲིན་ཅན་དེ་ཀྱང་སངས་རྒྱས་ཆོས་ལུགས་འདི་ང་མིན་ང་འདྲ་ཞིག་གིས་བཤིག་ཅེས་གསུངས་ཡོད་པས་ཀྱང་བསྟན་པ་གཤིག་མཁན་ཁོང་གིས་དགོས་པ་རྒྱུ་མཚན་འདྲ་གཟིགས་ནས་དེ་ལྟར་མཛད་པ་ཡིན་ལས་ཆེ་ལ། དེ་ནི་མཚམས་རེ་ཐམས་ཅད་ལ་ལན་ཡོད་ཤག་ཤག་དང་མཚམས་རེ་གསང་བ་ལྐོག་འགྱུར་གྱི་གནས་སོ་ཞེས་སྨྲ་བར་དགའ་བའི་ང་ཚོ་ལ་བརྗོད་ན་རང་འཁྲུལ་གཞན་རྨོངས་དང་དུས་ཚོད་འཕྲོ་བརླག་གཏོང་ཡུལ་ཞིག་ལས་སྙིང་པོ་ཡོད་བར་མ་མཐོང་ངོ་།
    ཁྱོད་ཀྱིས་བྲིས་པའི་་སྟོན་པའི་བསྟོད་པའི་ཚབ་ཏུ། རི་མཐོ་ས་གཙང་གངས་ཅན་ལྗོངས་སུ་འཁྲུངས། གཞན་ནས་མི་རྙེད་མྱེས་པོ་ཁ་བ་རི་པའི་རྒྱུད། སྲོག་མཆོད་སྡུག་མྱོང་གོམས་འགྲོས་གསེར་སྐུ་ལ། སྒོ་གསུམ་གུས་པས་ཕྱག་གསུམ་འཚལ། ཞེས་མི་ཟས་བཟས་ནས་མི་སྐད་ཕལ་པ་འགའ་ལས་རྟོགས་པ་དང་ཉམས་ཤར་སྨྲ་བའི་སྤོབ་པས་དབེན། དྲ་འབུས་ཆོས་གི་ཕན་མི་ཐོག་ཅེས་བརྗོད་ཀྱི་མེད་ལ། རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མི་མཐུན་ན་ངོ་ཚ་དགོས་པ་དང་་ཞེ་ཁྲེལ་དགོས་པ་ཞིག་རེད། དུས་རབས་ཉེར་གཅིག་སླེབས་པ་དང་མ་སླེབས་ཁྱད་བར་དེ་ཙམ་མི་འདུག ངས་འདིར་ནང་ཆོས་དགོས་མ་དགོས་ཀྱི་སྐད་ཅ་བཤད་ཀྱི་མེད་ལ དེ་་སྐྱོབ་དང་མི་སྐྱོབ་ཀྱི་དོན་དག་ཀྱང་མ་རེད། བྱ་དགོས་པའི་ལས་དོན་མང་པོ་ཡོད་པས་རྒྱས་བཤད་མི་བྱ། ཁྱོད་ད་ལྟ་བུ་ཁ་འདང་ན་ཆོས་དང་ཁ་བཙུམ་ཡང་ཆོས་ཟེར་མཁན་ལ་ད་སྐད་ཆ་མང་པོ་ཤོད་མི་དགོས། ད་ནང་ཆོས་ནང་ཆོས་ཞེས་འདོན་པ་དང་ཞབས་བསྟན་ཀྱང་ཀྱང་བྱས་ནས་མི་སྡོད་པར་སྤྱི་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་རྒྱུ་ནས་འགོ་བཙུགས་དང་། ཁྱོད་ཀྱི་བརྗོད་པའི་རླབས་ཆེན་ཟེར་བ་དེ་ངམ་ངམ་ཤུགས་ཀྱིས་ཡོང་གི་རེད་ལགས།།

  6. རང་འཚོལ། says:
    2012-06-03 at 10:51 pm

    མི་བུ་མ་རེད་ཁྱི་བུ་རེད།།
    མི་སྐད་མ་རེད་ཁྱི་སྐད་རེད།།
    མི་བུ་མ་རེད་བོང་བུ་རེད།།
    མི་སྐད་མ་རེད་བོང་སྐད་རེད།།
    ཁྱི་བུ་བོང་བུས་གཏམ་ངན་ལ།།
    མི་བུ་ང་ཚོས་རྩིས་མེད་ཐོངས།།

  7. མི་བུ་ says:
    2012-06-04 at 12:41 am

    ཁྱོད་གཟུགས་མགོ་ཡོད་ཀླད་མེད་མི་བུ་བྱེད་པ་ལས།། ཀླད་ཡོད་མགོ་མེད་ཁྱི་བུ་བྱས་ན་མི་དགའ་འམ།
    ཁྱོད་ཁ་ཆོས་སྐད་གཏམ་སྟོངས་ཟ་རི་ཟི་རི་གླེང་བ་ལས།། མིག་མཐོང་ལག་ཟིན་མི་སྐད་བཤད་ན་མི་བཟང་ངམ།
    ང་རང་ལྐུགས་དཔེ་བོང་བུ་རྣ་རིང་ཡིན་ན་ཡང་།། རང་ཁལ་རང་གིས་འཁྱེར་ནས་འགྲོ་བཞིན་ཡོད།
    ང་རང་སྤྱང་ཕྲུག་ཁྱི་བུ་གཟུགས་ཐུང་ཡིན་ན་ཡང་།། བདག་ང྄ོ་ཤེས་བཞིན་རང་ཁྱིམ་བསྲུངས་ནས་ཡོད།
    རང་འཆོལ་མིང་ཅན་དངོས་གནས་དོན་ལ་གནས།། སྤང་འཁྱམས་ཁ་ཐོན་ཚིག་རོར་བདག་གིས་ཇི་ཅི་སྙམ།།

  8. ཀླུ་སྨྱོན། says:
    2012-06-04 at 12:47 am

    ཁྱེད་ཚོས་སྟོན་པའི་འཁྲུངས་སྐར་ལ་ཕན་ཚུན་ལེགས་སྐྱེས་འབུལ་རེས་བྱས་པ་ཡིན་པས།

  9. རང་འཚོལ། says:
    2012-06-04 at 1:16 am

    མི་བུ་ལགས་རྩེ་མོ་ཡིན། དེ་རིང་སྟོན་པའི་འཁྲུངས་སྐར་ཉིན་ལ་ང་ཚོ་ཕན་ཚུན་ཚིག་མཚོན་གྱི་ངན་སྐྱེས་འབུལ་རེས་བྱེད་མི་རུང་།

  10. རང་འཚོལ། says:
    2012-06-04 at 1:26 am

    སྟོན་པའི་འཁྲུངས་སྐར་སྐལ་བཟང་ཉིན་མོ་འདིར།།
    གཅིག་གིས་གཅིག་ལ་ཚིག་མདའ་མི་འཕེན་པར།།
    དེ་བས་རང་རེ་ཚོགས་གསག་སྒྲིབ་སྦྱོང་སླད།།
    ཁོང་གི་གསང་གསུམ་མཛད་པ་འཕྲིན་ལས་རྣམས།།
    ཅུང་ཟད་ཡིད་ལ་དྲན་པའི་བརྩོན་པ་དང་།།
    ཚེ་གཅིག་མིན་ཡང་དེ་རིང་ཉིན་གཅིག་ལ།།
    དམར་ཟས་མི་ཟ་དཀར་ཟས་ལོངས་སྤྱད་ནས།།
    གང་གི་འཁྲུངས་སྐར་དོན་ལྡན་ཡོང་བར་སྨོན།།

  11. མེ་ཏོག་དཀར་པོ། says:
    2012-06-04 at 1:47 am

    སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།

  12. མི་བུ་ says:
    2012-06-04 at 3:11 am

    རེད་ལགས། སྟོན་པའི་འཁྲུངས་སྐར་ཡིན་པ་ངས་མ་ཤེས། དངོས་གནས་བོང་བུ་དོན་གཞག སྟོན་པ་དང་སྟོན་པའི་རྗེས་འཇུག་པ་སྐྱ་སེར་ཡོངས་ལ་གུས་ཕྱག་དང་རྟེན་འབྲེལ་ཡོད། ད་མ་ནི་འདྲ་བགྲང་ནས་བསྡད་ཀྱི་ཡིན་ད། ཁྱོད་ཅག་ལྷོད་ལྷོད་བདེ་མོ་བྱས་ནས་སྡོད་ཨ་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme