Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོད་འགག་གི་འགྲེལ་བཤད

Posted on 2010-03-26 By དགེ་རབ་ 16 Comments on སྟོད་འགག་གི་འགྲེལ་བཤད

སྒོམ་སྡེ་ལྷ་རམས་པ།

སྟོད་འགག སྟོད་འགག་ནི། ༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་༢༠༠༨-༦-ཚེས-༦དང༧ལ་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཀྱི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་བཀའ་དྲིན་ཆེ་སྐབས། སྟོད་འགག་འདི་བཞིན་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས་བྱུང་བ་རེད་ཅེས་བཤད་མཁན་འདུག་ཅེས་གསུངས། དེ་ཡང་མཁན་ཆེན་ཞི་བ་འཚོ་རྒྱ་གར་ཚ་བའི་ཡུལ་ནས་བོད་གནམ་གཤིས་གྲང་ངར་ཆེ་བའི་ནང་ཕེབས་སྐབས་སྐུ་བསིལ་ནས་གདིང་བ་མནབས་པས། འདིང་བའི་ཟུར་དེ་སྟོད་འགག་ཀྱི་ཟུར་དེ་རེད་ཅེས་བཤད་སྲོལ་འདུག་ཅེས་བཀའ་བསྩལ། ཡང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་རྒྱལ་རབས་ནང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཡན་གྱི་བྲིས་ཆ་རྙིང་པ་རྣམས་སུ་མེད་པས་དེ་ཙམ་ནས་སྟོད་འགག་བཞེས་པའི་སྲོལ་བྱུང་བ་མིན་ནམ་སྙམ། ཞེས་གསུངས་། སྟོད་འགག་གི་འགྲེལ་བཤད་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོའི་ནང་འདི་ལྟར་གསལ། སྟོད་འགག་ལ་སེངྒེ་དཔུང་པ་མེད་པ་མ་ཡིན་པ། གླང་ཆེན་མཆེ་བ་མེད་པ་མ་ཡིན་པ། ཁྲིས་སྐུད་སྔོན་པོ་མེད་པ་མ་ཡིན་པ་ཞིག་དགོས། སེངྒེའི་དཔུང་པ་ནི་ཉོན་མོངས་པ་དང་འཆལ་ཚུལ་གྱི་ཉེས་པས་མ་གོས་ཤིང་འཁོར་ཚོགས་ཀྱི་དབུས་སུ་མི་འཇིགས་ཤིང་བག་མི་ཚ་བའི་སེངྒེ་ལྟ་བུའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་མཚོན་དོན་དང་། གླང་ཆེན་མཆེ་བ་ནི་མི་རྟག་པའི་མཚོན་དོན་ཏེ། དེ་ཡང་སྟོད་འགག་གྱོན་རེས་བཞིན་འཆི་བདག་གཤིན་རྗེའི་ཁར་ཚུད་ནས་ཡོད་སྙམ་དུ་བསམས་ནས། འཆི་བ་དྲན་པའི་ཆེད་དུ་ཡིན། དེ་ཡང་སྟོད་འགག་གི་རྒྱབ་ལ་ཞིབ་ཏུ་བལྟས་ན་གླང་ཆེན་གྱི་མཆེ་བ་འདྲ་བ་གཉིས་མཐོང་རྒྱུ་ཡོད། ཁྲིས་སྐུད་སྔོན་པོ་ནི་རྒྱ་ནག་གི་ཧ་ཤང་གི་བཀའ་དྲིན་དྲན་པའི་ཆེད་དུ་ཡིན། དེའི་ལོ་རྒྱུས་ནི། སྔོན་གླང་དར་གྱིས་བསྟན་པ་བསྣུབས་རྗེས། དམར་(ཤཱཀྱ་མུ་ནེ) གཡོ་(གཡོ་དགེ་བྱུང) གཙང་(གཙང་རབ་གསལ)གསུམ་གྱིས་དགེ་བ་རབ་གསལ་ལམ་དུས་ཕྱིས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས་པ་དེ་ཉིད་དགེ་ཚུལ་དུ་བསྒྲུབས། བསྙེན་རྫོགས་སུ་བསྒྲུབ་པར་བཞེད་པ་ན་ཁ་སྐོང་གི་གྲངས་མ་ཚང་བས། ལྷ་ལུང་དཔལ་གྱི་རྡོ་རྗེས་བཙལ་ཏེ། རྒྱ་ནག་གི་ཧ་ཤང་ཀེ་བང་དང་། གྱི་བན་བྱ་བ་གཉིས་རྙེད་དེ་ཁོང་གཉིས་ཀྱིས་ཁ་སྐོང་མཛད་དེ་ལྔ་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས། དེ་ནས་བཟུང་བོད་ཀྱི་ཡུལ་དུ་དགེ་སློང་གི་སྡོམ་རྒྱུན་སླར་ཡང་དར་བ་ཡིན་པས། དེའི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ་རྒྱའི་ཧ་ཤང་གི་ན་བཟའི་ཁ་དོག་དང་མཚུངས་པའི་ཁྲིས་སྐུད་སྔོན་པོ་བྱེད་པའི་སྲོལ་དར་བ་ཡིན། བླ་སྤྲུལ་དང་གྲྭ་ཚང་གི་ཆོས་མཛད་སོགས་ཀྱི་སྐུ་འགག་རྒྱབ་ཤ་མཐེར་འདྲ་མ་བསླན་ཆོག་པ་དང་། དེ་མིན་ཚང་མའི་སྤུ་ཕྲུག་གི་སྐུ་འགག་གམ། ཡང་ན་སྟོད་འགག་གོང་དཔུང་(གོང་བ་དང་དཔུང་པ)དམར་པོ་ལ་གྲྭ་ལྷན་སེར་པོ་རྒྱུད་སྨད་གྲྭ་ཚང་གི་སྐུ་འགག་ལྟར་མནབ་ཆོག་པ་བཅས་སོ། །སྟོད་འགག་ནི་སྒྲ་བཤད་ནི། ལུས་ཀྱི་སྟོད་ལ་གྱོན་རྒྱུའི་ན་བཟའ་ཡིན་པས་སྟོད་འགག་ཅེས་བྱའོ། །དེ་ཡང་སྟོད་ནི་ལུས་ཀྱི་སྟོད་དང་འགག་ནི་གྱོན་པའི་དོན་དུ་ཡུལ་སྐད་འགར་ཐོས་སོ། །།

རྩོམ་རིག

Post navigation

Previous Post: བོད་ཀྱི་དེང་རབས་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་བ། ངེས་པར་དུ་ྐློག་དགོས་བའི་དེབ་ཞིག
Next Post: ལྟ་བ་རྟོགས་ཟེར་རྒྱུ་ཡོད་མ་རེད། ལྟ་བ་རྙེད་ཟེར་དགོས

Comments (16) on “སྟོད་འགག་གི་འགྲེལ་བཤད”

  1. མགོ་རུལ། says:
    2010-03-26 at 1:08 pm

    གཞན་པར་དེ་ཙམ་དོགས་པ་མེད་ཀྱང་རྒྱ་མི་ཞིག་ལ་རྗེས་དྲན་བྱེད་ཆེད་མི་ཚེའི་རིང་རྒྱ་མདོག་རྒྱབ་ལ་གྱོན་པ་འདིས་རྒྱ་མི་བོད་པའི་རྒྱབ་ལ་ཞོན་པའི་རྟེན་འབྲེལ་ཞིག་བསྒྲིགས་དང་སྒྲིག་བཞིན་འདུག་མི་དགོངས་སམ། འདི་ནི་ངའི་གླེན་དོགས་ཡིན་པས་དཔྱོད་ལྡན་ཁྱེད་རྣམ་པས་ཅི་བསམས།

  2. གཅན་བཟོད་རྒྱམ། says:
    2010-03-26 at 1:54 pm

    བཀུར་འོས་དགོན་སྡེ་ལགས་ལ་སྟོད་འགག་གི་སྐོར་ནས་དྲི་བ་འགའ་འདྲི་འདོད་བྱུང་བ་རིམ་གྱིས་ཞུ་ཆོག་པར་ཞུ། ༼གྲྭ་ལྷན་སེར་པོ་རྒྱུད་ སྨད་གྲྭ་ཚང་གི་སྐུ་འགག་ལྟར་མནབ་ཆོག་པ་༽ཞེས་པའི་གྲྭ་ལྷན་དེ་གང་ཡིན་ནམ། བོན་པོ་ཚོས་ཚོས་གཞི་སྔོན་པོ་ཞིག་རྒྱག་པ་དེ་ཡིན་ཚེ་འདི་ལ་བླ་མའི་རྣམ་ཐར་འགར་ཕྲག་ལྷན་ཞེས་བྲིས་འདུག་པས་དཔྱད་གཞིར་ཕུལ། ཡང་གོང་དཔུང་ཞེས་པར་གོང་བ་དང་དཔུང་པ་ཞེས་པ་ཡང་ཆུ་སྐུད་འཐེན་ས་དེ་ཡིན་ཚེ་འདི་ལ་”གསོར་ལྟག”གམ་”བསོར་སྟག་”འདྲ་ཞིག་ཟེར། ༼འདི་དག་གི་མིང་ནི་ནམ་བཟའ་ཆེན་མོ་དང་གྲྭ་ཆས་འཚེམ་མཁན་ཚོས་མཁྱེན་སྲིད།༽ངས་བཤད་པའི་གསོར་ལྟག་གི་མཐར་འཐེན་པའི་ཆུ་སྐུད་དེའི་དོན་ཡང་ཉིད་ཀྱིས་གསུངས་པ་དེ་དང་མི་འདྲ་བ་ཞིག་སྔར་གོ་མྱོང་བ་དེང་འདི་ཡཡིན་ཁ་གསལ་ཞིག་ཞུ་རྒྱུ་མི་འདུག་པས་ཞུ་སྤོབས་བྲལ།
    ཡང་འགའ་ཤོས་ཀྱིས་དེང་གི་གྲྭ་ཆས་འདི་ཐོག་མར་དགེ་ལུགས་པས་གསར་གཏོད་ཀྱིས་མནབས་པ་དང་དེ་ནས་རིམ་གྱིས་ས་སྐྱ་དང་བཀའ་རྒྱུད། རྙིང་མ་འི་གྲྭ་བཙུན་རྣམས་ཀྱིས་མནབས་པ་རེད་ཟེར་བས་འདིའི་ཐད་ནས་ཉིད་ལ་དགོངས་ཚུལ་འདྲ་གསུངས་རྒྱུ་ཡོད་དམ། གོང་གི་འདི་རྣམས་ནི་གུས་པའི་བསམ་ཚུལ་ཙམ་ཞུས་པ་ལས་གཞན་གང་ཡང་མིན་པ་དགོངས་མངའ་ཡོང་བ་ཞུ་ཞ་ཞུ།

  3. མགོ་རུལ། says:
    2010-03-26 at 2:00 pm

    བོད་ལུགས་སྟོད་འགག་ག་དུས་དར་མིན་མཁས་བླུན་སུ་ལ་ཡང་གསལ་བོ་ཞིག་བཤད་རྒྱུ་མི་འདུག གནའ་ནས་ད་ལྟ་བར་དུ། ཐབས་སྐྱོ་བ་ལ། སྟོད་འགག་རྒྱན་དྲུག་མ་ཞེས་པའི་གོས་ཆེན་མེ་ཏོག་ཅན་ལྷན་སྦྱར་འདི་ཚོ་ཆོས་འདུལ་བ་དང་འགལ་ཡོད་དམ་མེད།

  4. སྒོམ་སྡེ་ལྷ་རམས་པ། says:
    2010-03-26 at 5:20 pm

    གཅན་བཟོད་རྒྱམ་ལགས།
    ཁྱེད་ཀྱི་དཔྱད་གཞི་དང་དོགས་འདྲི་གནང་བར་ཐུགས་རྗེ་ཆེ།
    ཁྱེད་ཀྱི་དྲི་བ།༼གྲྭ་ལྷན་སེར་པོ་རྒྱུད་ སྨད་གྲྭ་ཚང་གི་སྐུ་འགག་ལྟར་མནབ་ཆོག་པ་༽ཞེས་པའི་གྲྭ་ལྷན་དེ་གང་ཡིན་ནམ། བོན་པོ་ཚོས་ཚོས་གཞི་སྔོན་པོ་ཞིག་རྒྱག་པ་དེ་ཡིན་ཚེ་འདི་ལ་བླ་མའི་རྣམ་ཐར་འགར་ཕྲག་ལྷན་ཞེས་བྲིས་འདུག་པས་དཔྱད་གཞིར་ཕུལ༽
    ལན༽
    གྲྭ་ལྷན་ཟེར་བ་དེ་སྟོད་འགག་དངོས་གཞིའི་བར་བར་དུ་ལྷན་པའི་གོས་ཀྱི་དུམ་བུའི་མིང་རེད། སྟོད་འགག་སེར་པོ་ཡིན་ཚེ། རས་སེར་པོ་ལྷེབ་ལྷེབ་དེ་རེད། སྒྲ་བཤད་ནི། གྲྭ་ནི་གྲྭ་བ་སྟེ་འདིར་གོས་ཀྱི་དུམ་བུའི་མིང་དང་། ལྷན་པ་ལྷན་པའོ། །
    ཁྱེད་ཀྱིས་གྲྭ་ལྷན་ལ་བླ་མའི་རྣམ་ཐར་ཁ་ཅིག་ཏུ་༼ཕྲག་ལྷན༽ཞེས་བྲིས་འདུག་གསུངས་པ། དེ་འདྲ་ཡོད་ཚེ་དེ་ལའང་གོ་རྒྱུ་འདུག་སྙམ་སྟེ། ཕྲག་ནི་༼བར༽གྱི་དོན་དང་། ལྷན་ནི་གོང་ལྟར་རོ། །

    ཁྱེད་ཀྱིས་༼ཁྲིས་སྐུད༽ལ་ཆུ་སྐུད་གསུངས་འདུག དེ་ག་འདྲ་ཡིན་ན།
    ༼ཁྲིས་སྐུད༽ཅེས་པའི་ཚིག་འདི་ལ་གོ་རྒྱུ་ཡོད་རེད། ཁྲིས་ནི་ཁྲིས་མ་སྟེ། ཉག་མ་དང་རྐང་གི་མིང་། སཾ་བོད་སྐད་གཉིས་སྦྱར་གསེར་གྱི་ཕྲེང་མཛེས་ལས། “ར་ཤ་ནཱ” འོག་པག་སྟེ་སྐེད་རྒྱན་ཁྲིས་མ་གཅིག་པ་ནས་བརྒྱད་པ་དང་བཅུ་དྲུག་པ་དང་ཉེར་ལྔ་པ་རྣམས། ཞེས་གསུངས་པ་ལྟར་རོ། །

  5. སྒོམ་སྡེ་ལྷ་རམས་པ། says:
    2010-03-26 at 5:23 pm

    གཅན་བཟོད་རྒྱམ་ལགས།
    འོ་ཅིག་བརྗེད་འདུག
    ཁྲིས་སྐུད་ཀྱི་སྒྲ་བཤད་ནི། སྐུད་པའི་ཁྲིས་མ་སྟེ་ཉག་མ་མང་པོ་མཉམ་དུ་བསྒྲིལ་བའི་སྐུད་པ་ཡིན་པས་ན་ཁྲིས་སྐུད་ཟེར་བ་རེད།

  6. སྒོམ་སྡེ་ལྷ་རམས་པ། says:
    2010-03-26 at 5:26 pm

    འོ་རེད།
    འགའ་ཞིག་གིས། དེ་ལ་འཁྲིལ་སྐུད་ཟེར་མཁན་ཡང་འདུག

  7. མགོ་རུལ། says:
    2010-03-26 at 7:05 pm

    སྔོན་པོ་དེ་རྒྱ་མིར་རྗེས་དྲན་རེད་དམ་བོན་གྱི་བླ་ཆེན་བླ་ཆེན་དགོངས་པ་རབ་གསལ་གྱི་རྗེས་དྲན་རེད།

  8. མགོ་རུལ། says:
    2010-03-26 at 7:07 pm

    ཆུ་སྐུད་ཅེས་པ་ནི་ཨམ་སྐད་དུ་སྐུད་པ་ཕྲ་བོ་དེ་རིགས་ཀྱི་སྤྱི་མིང་ཞིག་རེད་མ་གཏོགས་སྟོད་འགག་གི་ཕྲག་མཐར་འཐེན་པ་ཙམ་གྱིས་ཆུ་སྐུད་ཅེས་པའི་མིང་གསར་བ་ཞིག་བཏགས་པ་མ་རེད། རྒྱ་མིས་བཏགས་པའི་དར་གོས་ལ་ཆུ་དར་དང་དར་སྐུད་ལ་ཆུ་དར་ཟེར་བའི་འབོད་སྲོལ་འདི་ནི་སྔ་མོ་ཞིག་ནས་བོད་པ་ཡོད་འདུག སྒོམ་སྡེ་བ་འདི་རིགས་ལ་རྒྱུས་མེད་པ་ཅི་བས་ཀྱང་བདེན་ཏེ་མཆི།

  9. གཞོན་ནུ་ཟླ་མེད says:
    2010-03-26 at 10:32 pm

    སྟོད་འགག་ནི་དམག་གོ་སྟེ། གོ་ཁྲབ་ལས་བྱུང་པ་རེད།

    སྟོད་འགག་ལ་རྟོགས་བཏགས་ཀྱིས་འགྲེལ་བཤད་མང་པོ་ཡོད་པ་རེད། རྟ་མཆོག་རྣ་རྒྱན། ཕོ་རོག་མིག་རྒྱན། གླང་ཆེན་མཆེ་རྒྱན། སོགས་རྒྱན་དྲུག་དང་། དེ་རེ་རེའི་མཚོན་དོན་སོགས། ད་རུང་ཁ་དོགས་འདྲ་མིན་ཆོས་བརྒྱུད་རེ་རེའི་ཕྱག་ལེན་སོགས་འདྲ་མིན་རེད། འོན་ཀྱང་འདི་དམ་པའི་ཆོས་འདུལ་བ་ནས་བཤད་པའི་ནང་པའི་རབ་བྱུང་ཕ་མའི་གོས་ནི་མིན་ཐག་ཆོད་རེད། འོན་ཀྱང་འདི་བོད་ཀྱི་ནང་པ་ལ་ད་ལྟ་དར་ཁྱབ་ཆེན་པོ་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། དེ་ན་འདི་གང་ནས་ཇི་ལྟར་དར་བ་རེད་དམ་ཟེར་ན། འདི་ནི་བོད་ཀྱི་དམག་ཁྲབ་ལས་དར་བ་རེད། དམག་ཁྲབ་ལ་སྟོད་གོས་དང་། སྨན་གོས་གཉིས་ཡོད་པའི་ནང་ནས་སྟོད་གོས་རེད།
    མིང་གི་ཆ་ནས་བརྟག་ན་སྟོད་འགག་ཟེར་གི་ཡོད་པ་རེད། དེའི་དོན་ནི་སྟོད་ལ་མདའ་དང་མདུང་སོགས་མཚོན་ཆའི་རིགས་འགོག་བྱེད་ལ་སྟོད་འགག་ཅེས་ཟེར་བ་རེད། དེ་ནས་དེ་ལ་ཕུ་ཐུང་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་སྟོད་ཁྲབ་ལ་ཕུ་ཐུང་ཡོད་ན་དམག་མི་དེས་རང་གིས་ཕར་རྒོལ་བྱེད་པར་འགོག་རྐྱེན་བཟོ་རྒྱུ་རེད། དེ་བས་ན་ཕུ་ཐུང་མེད་པ་རེད།
    ད་འོ་ན་སྟོད་འགག་འདི་བོད་ཀྱི་རབ་བྱུང་བའི་ནང་དུ་ཇི་ལྟར་དར་བ་རེད་དམ་ཟེར་ན། འདུལ་བ་ལ་སྟོད་འདུལ་སྨད་འདུལ་གཉིས་ཡོད་པ་ནས་སྨད་འདུལ་དར་བའི་སྐབས་ནས་དར་བ་འེ་ཡིན་སྙམ། དེ་ཡང་རྒྱལ་བོ་གླང་དར་དེ་བསྟན་པའི་སྤྱི་དགྲར་བཟུང་ནས་ཆོས་ཕྱོགས་པས་བསད་པ་རེད། གསོད་མཁན་ལྷ་ལུང་དཔལ་རྡོར་ཡིན་ཟེར་གི་ཡོད་པ་རེད། ལྷ་ལུང་དཔལ་རྡོར་ཟེར་བ་འདི་དམག་མི་ཡིན་ནམ། ཡང་ན་དགེ་སློང་ཞིག་ཡིན། དེ་ལ་ཐུག་བསྡད་ཡོད་པ་རེད། ངས་བསམ་ན་ལྷ་ལུང་དཔལ་རྡོར་འདི་དམག་མི་ཞིག་རེད། སྤྱིར་ལྷ་ལུང་དཔལ་རྡོར་མིང་ཅན་ཁ་ཤས་ཞིག་ལོ་རྒྱུས་ན་འབྱུང་གི་ཡོད་ཚོད། དེ་ཡང་བཀའ་ཐང་སྡེ་ལྔའི་ནང་ན་བཙུན་མོ་བཀའ་ཡི་ཐང་ཡིག་གི་ལེའུ་གཅིག་ན་ཡང་ལྷ་ལུང་དཔལ་རྡོར་མིང་ཅན་གྱི་བློན་ཆེན་པོ་ཞིག་འདུག དེ་གླང་དར་གསོད་མཁན་དེ་ཡིན་ས་འགྲོ་རྒྱུ་མ་རེད་བསམ། དེ་ནས་གླང་དར་གསོད་མཁན་དེ་ནང་པའི་ཕྱོགས་གཏོགས་ཀྱི་དམག་མི་ཞིག་ཡིན་པ་བྱས། རྒྱལ་བོ་བསད་རྗེས་མཁས་པ་མི་གསུམ་དང་མཉམ་དུ་མདོ་སྨད་ལ་ཕེབས། བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་སྐབས། ཁོང་དགེ་སློང་མིན་པས་ཁ་སྐོང་སུ་མ་འོས་པར་རྒྱ་ཡི་དགེ་སློང་ཞིག་གདན་འདྲེན་དུ་བྱས་ནས་ཁ་སྐོང་བྱས་པར་ལོ་རྒྱུས་དག་ལས་གསལ།
    དེ་ནས་བླ་ཆེན་དགོངས་པ་རབ་གསལ་ལ་བསྟན་པ་བཀའ་དྲིན་ཆེ་བ་རྣམས་རྗེས་དྲན་གྱི་ཆེད་དུ། མཁས་པ་མི་གསུམ་རྗེས་དྲན་ལ་ཞྭ་སེར་བོ་བསྣམས་བཅུགས། དམག་དཔོན་ལྷ་ལུང་དཔལ་རྡོར་རྗེས་དྲན་ལ་སྟོད་འགག་བསྣམས། རྒྱའི་ཧྭ་ཤང་རྗེས་དྲན་ལ་སྟོད་འགག་འདབ་ཀྱི་ཆུ་སྐུད་སྔོན་པོས་མཐའ་ལ་རྒྱན་པ་རེད།
    ཆུ་སྐུད་ཅེས་པའི་ཆུ་འདི་སྲིད་ལ་གོ་དགོས། སྲིད་ཟེར་བ་ནི་སྟོད་འགག་ལ་སྦྱར་ནས་བཤད་ན་མཐའ་ལ་གོ་དགོས་པ་རེད། སྲིད་དང་ཞེང་གི་ཆེ་ཆུང་མཇལ་སྐབས་ཆུ་ཞེང་ཟེར་བ་ལྟ་བུའོ།

  10. གཅན་བཟོད་རྒྱམ། says:
    2010-03-27 at 12:30 am

    སྒོམ་སྡེས་ལན་གནང་བར་ཏུགས་རྗེ་ཆེ་ཞུ། ཆུ་སྐུད་ཟེར་བའི་སྐོར་འདི་ཟླ་མེད་ཀྱིས་གསུངས་པ་བཞིན་ལྭ་བ་སོགས་མཐའ་དང་འདབས་ལ་འཐེན་པའི་སྐུད་པ་ཕྲ་མོ་དེའི་མིང་ལ་ཟེར་བ་ངས་ཆུད་དུས་ཕ་མ་གཙོས་པའི་གཞན་པའི་ངག་ལས་ཐོས་མྱོང་། ངའི་རྒྱུག་པོ་དེ་ང་ཚོའི་ཕ་ཡུལ་དུ་འཚེམ་བུ་པ་སྐད་གྲགས་ཅན་ཞིག་ཡིན་མོད། ང་ཁོང་དང་གྱེས་སྔ་བས་འཚེམ་བུའི་མང་པོ་ཞིག་གྷོ་མ་ཐུབ། འོན་ཀྱང་ངས་ཁོང་དང་བདག་གི་ཕུ་བོའི་རྩ་ནས་འཚེམ་བུ་གང་འཚམ་སྦྱངས་མྱོང་། གང་ལྟར་ཆུ་སྐུད་ཟེར་བ་དེ་དེ་ལྟར་ཡིན་སྙམ། གཞན་དྲི་བ་གཅིག་ལ་ལན་གནང་མི་འདུག དེ་བསྐྱར་འདྲི་དང་ཤེས་འདོད་ཧ་ཅང་ཆེ། དེ་ནི་གོང་དུ་བཀོད་པའི་༼ཡང་འགའ་ཤོས་ཀྱིས་དེང་གི་ གྲྭ་ཆས་འདི་ཐོག་མར་དགེ་ལུགས་པས་གསར་གཏོད་ཀྱིས་མནབས་པ་དང་དེ་ནས་རིམ་གྱིས་ས་ སྐྱ་དང་བཀའ་རྒྱུད། རྙིང་མ་འི་གྲྭ་བཙུན་རྣམས་ཀྱིས་མནབས་པ་རེད་ཟེར་བས་འདིའི་ཐད་ནས་ཉིད་ལ་དགོངས་ ཚུལ་འདྲ་གསུངས་རྒྱུ་ཡོད་དམ།༽འདི་ཡིན། འདིའི་སྐོར་སྐད་ཆ་འདྲ་བཤད་རྒྱུ་ཡོད་དམ།

  11. གཅན་བཟོད་རྒྱམ། says:
    2010-03-27 at 12:41 am

    ཨོ་རེད། ཟླ་མེད་ཀྱི་སྟོད་འགག་ནི་དམག་གི་གོ་ཁྲབ་ལས་བྱུང་རབས་ཞིབ་འཇུག་འདྲ་ཞིག་བྱས་ནས་འགྲོ་སྐབས། ཕལ་ཆེར་ཚགས་དཀའ་ཡོང་བའི་ཟོལ་གྱིས་སྔ་སྡུམ་ཞིག་བྱས་ཏེ་མཚམས་བཞག་འདུག སྒོམ་སྡེ་བས་ས་སྐྱའི་རྗེས་སུ་ཡིན་ནམ་སྙམ་སྐོར་བྲིས་ཐང་དག་ལས་རྟོགས་ཏུབ་སྐོར་གསུངས་པ་དེར་དབྱེ་ཞིབ་ཞིག་གནང་ཐུབ་ན་ལེགས་སྙམ། ང་ཚོས་འདི་འདྲ་བའི་རིགས་སྣང་ཆུང་དུ་མི་འཇོག་པར་ཞིབ་འཇུག་གིས་ཁ་གསལ་བཟོ་ཐུབ་ཚེ། གནད་དོན་ཞིག་ཐག་བཅད་པ་དང་རྗེས་སུ་མུ་མཐུད་ནས་དོན་གནད་གང་དོར་རྨོངས་བཞིན་འདུག་མི་དགོས་པའི་ཕན་ཐོག་ཆེན་པོ་ལྡན། དེ་བས་འུ་ཚོས་གང་ཤེས་གང་ནུས་གཅིག་ཏུ་སྤུངས་ཏེ་མཉམ་རུབ་བྱེད་གལ་ཆེ་སྙམ།

  12. རྩམ་དགའ་ says:
    2010-03-27 at 2:25 am

    ཨ་རོག་་་་་བཟོད་རྒྱམ་་་་་ང་འདིར་སླེབས་ཡོད་ཀོ

  13. གཅན་བཟོད་རྒྱམ། says:
    2010-03-27 at 7:38 am

    རྩམ་དགའ་ལགས། འདི་སྒྲ་དེས་གང་ཞིག་སྟོན་གྱིན་ཡོད་དམ། ཁྱོད་ཀྱིས་སྐད་འཇོག་ས་དེ་ཨེ་རེད། གང་ན་ཡོད་ན་ཁ་གསལ་ཙམ་ཞིག་གསུངས་དང་། དེ་རིང་སང་ཉིན་གཉིས་ལ་གུང་གསེང་ཡིན་ཡ། ཆང་ཁང་སྐྱིད་པོ་ཞིག་ལ་འགྲོ་རྩིས་ཁས་ལེན་བྱས་ཡོད་པ་མ་བརྗེད་ཅིག་ཨང་།

  14. སྒོམ་སྡེ་ལྷ་རམས་པ། says:
    2010-03-27 at 5:35 pm

    གཅན་བཟོད་རྒྱམ་ལགས།
    བསྟོད་འགག་ས་དགེ་བཀའ་རྙིང་ནང་དར་སྟངས་དེ་གསལ་པོ་ཞིག་ཤེས་མ་སོང་། གཅིག་བྱེད་དུས་ཧ་ལམ་མཁན་ཆེན་ཞི་བ་འཚོའི་སྐབས་ནས་ཡོད་པའི་བཟོ་ལྟ་བུ་འདུག་ག གཅིག་བྱེད་དུས་དགེ་ལུགས་པའི་ཐུན་་མོང་མ་ཡིན་པའི་ན་བཟའ་ཡིན་པ་ལྟ་བུའང་འདུག་ག གང་ལྟར་གསལ་པོ་ཞིག་ཤེས་མ་སོང་།

  15. སྒོམ་སྡེ་ལྷ་རམས་པ། says:
    2010-03-27 at 5:57 pm

    གཞོན་ནུ་བདག་མེད་ལགས།
    ༡༽ཁྱེད་ཀྱིས་སྟོད་འགག་ནི་༼དམག་ཁྲབ༽ལ་དཔེ་བླངས་ནས་བཟོས་པ་ལྟ་བུར་གསུངས་འདུག དེ་རྩ་བ་ནས་ཡིན་ཤེས་ཀྱི་མ་རེད། དགེ་སློང་གིས་དམག་ལ་ལྟ་བ་ཙམ་ལའང་ལྟུང་བ་འབྱུང་ན། དེའི་ན་བཟའ་དམག་ཁྲག་ལ་དཔེ་བྱས་པ་མི་སྲིད་པ་ལྟ་བུ་རེད། ལར་ནས་རབ་བྱུང་གི་ན་བཟའ་གོ་ཁྲབ་ལ་དཔེ་བླངས་ན་རྟེན་འབྲེལ་ལ་འགྲིག་གི་མ་རེད། ལྷག་པར་ང་ཚོ་བོད་པ་རྣམ་རྟོག་ཞེ་དྲག་བརྩི་དགོས་མཁན་ཞིག་ཡིན་ཙང་། དེ་འདྲ་རྩ་བ་ནས་བྱེད་ཀྱི་མ་རེད། ངས་བལྟས་ན་ཁྱེད་ཀྱི་འཁྲུལ་གཞི་དེ་༼སྟོད་འགག༽ཅེས་པའི་ཚིག་འདི་ལས་བྱུང་འདུག དེའི་འགྲེལ་བཤད་གཤམ་དུ་གཟིགས།

    ༢༽ རྒྱན་དྲུག་གི་ནང་ནས། གླང་ཆེན་མཆེ་རྒྱན་ཟེར་བ་དེ། གླང་ཆེན་མཆེ་བ་དང་། རྟ་མཆོག་རྣ་རྒྱན་ཟེར་བ་དེ། ཕལ་ཆེར་སེང་གེ་དཔུང་པ་ལ་ཟེར་བ་ཡོད་པ་འདྲ། རེད་དམ།
    ཡང་ཕོ་རོག་མིག་རྒྱན་ཟེར་བ་དེ་ག་རེ་རེད།
    དེ་ནས་རྒྱན་ལྷག་མ་གསུམ་པོ་གང་གང་རེད་དམ།

    ༣༽ཁྱེད་ཀྱིས་སྟོད་འགག་གི་འགྲེལ་བཤད་ལ་༼དེའི་དོན་ནི་སྟོད་ལ་མདའ་དང་མདུང་སོགས་མཚོན་ཆའི་རིགས་འགོག་བྱེད་ལ་སྟོད་འགག་ཅེས་ཟེར་བ་རེད༽ཅེས་གསུངས་འདུག དེ་དེ་འདྲ་མ་རེད། སྒྲ་བཤད་ནི། སྟོད་ནི་ལུས་ཀྱི་སྟོད་དང་། འགག་ནི་གྱོན་པའི་དོན་རེད། དེང་སང་ཡང་ཏྲེ་ཧོར་ཁམས་པའི་སྐད་ལ་གྱོན་པ་ལ་འགག་ཟེར་གྱི་རེད། དེ་སྐད་རྙིང་པ་ཞིག་ཡིན་ས་རེད།

  16. སྒོམ་སྡེ་ལྷ་རམས་པ། says:
    2010-03-27 at 6:01 pm

    ཡང་ན། སྟོད་ནི་གོང་ལྟར་དང་། འགག་ནི་ཚ་གྲང་ལས་སྐྱོབ་པའམ་དེ་འགོག་པས་ན་འགག་ཅེས་བཏགས་པའང་ཡིན་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme