Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་ནས་བརྩེ་བའི་བུ་དང་བུ་མོ་གཉིས་ལ་བྲིས་པའི་འཕྲིན།

Posted on 2012-05-312012-06-01 By ཁ་བརྡ་ 31 Comments on སྙིང་ནས་བརྩེ་བའི་བུ་དང་བུ་མོ་གཉིས་ལ་བྲིས་པའི་འཕྲིན།

(འདི་དབྱིན་ཡིག་ལ་བསྒྱུར་ནས་གང་མགྱོགས་ང་ལ་གཏོང་རོགས་ཞུ)
གླིང་ཚ་ཚེ་བརྟན་རྡོ་རྗེ།

བདག་གི་སྙིང་ནས་བརྩེ་བའི་བུ་མོ་ཐར་མ་མཚོ་དང་གཅེས་པའི་བུ་ཆུང་ཁ་བའི་ལྷ་སྲས་ལགས། ད་ལྟ་ཕ་རྒན་ང་ཁྱེད་གཉིས་དང་ཁ་བྲལ་ནས་ཟླ་ངོ་གསུམ་ཏག་ཏག་ཞིག་འགྲོ་བཞིན་ཡོད། ཟླ་ངོ་གསུམ་གྱི་ཉིན་མ་རེ་རེ་བཞིན། བུ་མོ་ཐར་མ་མཚོ་ཁྱོད་ཀྱི་ཨ་མས་གསུངས་ན་སྔ་དགོང་ཡོད་ཚད་དུ་ཁྱོད་ཀྱིས་ཨ་ཕ་ང་ཡོང་བར་རེ་སྒུག་བྱེད་པ་དང་ཨ་ཕ་ང་གང་དུ་སོང་མིན་སྐོར་ཆེས་མི་ཉུང་བ་ཞིག་དྲིས་དྲིས་དེ་ཨ་མ་ཡང་ཐབས་ཟད་པ་དང་ཨུ་ཐུག་པའི་སྐབས་སུ་ཁོང་ཁྲོ་ཟ་དགོས་པའི་གནས་སུ་བཅུགས་འདུག་ལ། སྐབས་དེ་འདྲར་ཁྱོད་ཀྱི་ཨ་མས་ལྷག་དུ་ངའི་སྟེང་ལ་ཁོང་ཁྲོ་ཟ་བ་དང་ཚུགས་པ་ཟ་བའི་རྒྱུད་རིམ་གྱི་ཚོར་བ་དེ་དག་ནི་མི་སུས་ཀྱང་འགྲེལ་མི་ཤེས་པའི་ཚད་དུ་ཡོད་ངེས་རེད་ལ། ཁྱོད་རང་ནི་ལོ་ངོ་གཉིས་དང་ཟླ་བཅུ་ལ་མ་གཏོགས་སོན་མེད་པའི་བྱིས་པ་ཞིག་གི་འཇིག་རྟེན་གྱི་འགྲོ་སྟངས་ཟེར་བ་གང་ནས་ཤེས། ཁྱོད་ལ་ཁག་མེད།

ཕ་རྒན་ངས་འདི་ནས་ཁྱོད་རང་གིས་ཉིན་མཚན་མེད་པར་ང་བཙལ་བའི་རྒྱུད་རིམ་ཁྲོད་དྭངས་གཙང་དྲི་མེད་བྱིས་པའི་སེམས་ཁོང་དེ་ལ་འཕྲད་པའི་ན་ཟུག་དེ་ནི་ཕ་རྒན་ངས་སྐྱེ་བ་མང་བོ་ཞིག་ལ་ཆད་པའི་བུ་ལོན་དུ་འགྱུར་རྒྱུ་ཡིན་པར་ཐེ་ཚོམ་མེད་ནའང་། ཁྱོད་རང་ག་ལེར་ནར་སོན་ནས་མིའི་མི་ཚེའི་སྙིང་བོ་དང་། མི་ཞིག་བྱེད་པ་དེ་ལ་རང་ཉིད་གང་ནས་སྐྱེ་འོང་སའི་མི་རིགས་དེ་ལ་ལྡོག་མེད་ཀྱི་འགན་འཁྲུ་ཞིག་ཆུང་ནས་བྱིས་ལ་འབྱར་བའི་བགས་ཆགས་འཐིག་པོ་ཞིག་ཡོད་པ་ཤེས་སྲིད་ལ། དེ་དུས་མི་རིགས་ཤིག་གི་བག་ཆགས་ཙམ་མིན་པར་ཕ་མ་རྒན་ངས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཡོད་ཚད་འདི་ལྟར་བློས་གཏོང་མི་བྱེད་ཐབས་མེད་ཀྱི་མིའི་ཁེ་དབང་འདྲ་མཉམ་རྩོད་པའི་སྔ་གཞུག་གི་བསམ་བློའི་རིན་ཐང་ལ་བལྟ་ཤེས་པའི་ཉིན་མོ་དེར། བུ་མོ་ཁྱོད། ཕ་རྒན་ངས་སྟེང་ལ་ཚུགས་པ་མི་ཟ་བར་ཡིད་ཆེས་བྱེད་རྒྱུ་ཡིན་ལ། གཅིག་བྱས་ན་ལོ་ཟླ་ཆེས་མང་བོ་ཞིག་ལ་ཕ་རྒན་ཟེར་ནས་མིག་གི་མཐོང་ལམ་ནས་གློ་བར་དུ་བོར་ཟིན་པ་དེར་ལེ་བདའ་དང་ཁྱེད་མ་བུ་གསུམ་གྱིས་རྒྱལ་ཁབ་དེ་ན་དཀོན་པའི་དཀའ་ངལ་གཞན་ཞིག་གི་སྣེ་ནས་འཚར་ལོངས་བྱུང་བ་དེ་དག་ལ་བསམ་ནས་ང་ལ་གཏན་ནས་ཀུ་ཡངས་བྱེད་མི་སྲིད་ཀྱང་སྲིད། འོན་ཀྱང་། ཕ་རྒན་ངས་དེ་དག་ལ་བློ་འགྱོད་བྱེད་མི་སྲིད། གཙོ་བོ་དེ་ནི་བུ་མོ་ཁྱོད་རང་འཚར་ལོངས་བྱུང་རྗེས་སུ་རང་ཉིད་ཀྱི་བརྩེ་བའི་མ་དྲིན་མོ་ཆེ་ལ་དགའ་གུས་དང་དྲིན་ལན་མཇལ་ཐུབ་པར་འབད་བརྩོན་བྱེད་དགོས་པ་དེ་ཡིན།

ལྷག་དོན་དུ་ཁྱོད་ཀྱི་ཨ་མ་ནི་དངོས་ནས་རླབས་ཆེ་བའི་བུད་མེད་གཅིག་ཡིན་ལ། ཕ་རྒན་ང་ལ་སེམས་གཏིང་ནས་བརྩེ་བ་བཅིངས་མྱོང་བའི་བུད་མེད་ཡ་རབས་ཤིག་ཡིན། ཁོ་མོ་དང་ངེད་གཉིས་ཁ་ཁར་ཆགས་དགོས་དོན་འདི་ཡང་ངེད་གཉིས་ལ་སྒེར་གྱི་འཁོན་སེམས་ཤིག་གཏན་ནས་མེད་ལ། ངེད་གཉིས་སྒེར་ངོས་ནས་ཧ་ཅང་འཆམ་པོ་ཡོད། ང་རང་རྒྱལ་ཁབ་དེར་ཡོད་དུས་སུ་ཁོ་མོས་ང་རང་ལ་བསྟུན་པ་མང་བ་ལས་ངས་ཁྱོད་རང་གི་ཨ་མ་ལ་བསྟུན་པ་ཧ་ཅང་ཉུང་ཉུང་ཡིན། གལ་སྲིད་སྐྱོན་ཆ་རེ་ཡོད་ན་ཁྱོད་རང་གི་ཨ་མ་ལ་གཏན་ནས་མེད་པར་ཕ་རྒན་ང་ལ་ཡོད་པ་ཡིན་དུས། བུ་མོ་ཁྱོད་ཀྱིས་ཕ་རྒན་ང་ལ་ཚུགས་པ་ཟ་བ་དང་ཁོང་ཁྲོ་བྱེད་ཆོག་ནའང་། ཁྱོད་རང་གི་ཨ་མ་ལ་ནམ་ཡང་ཁོང་ཁྲོ་ཟ་བ་དང་ཚིག་ལོག་རྒྱགས་པ་སོགས་བྱེད་མི་ཉན། དེ་ལྟར་བྱས་པ་ཡིན་ན་ཁྱོད་རང་གིས་རང་གི་མ་ལགས་ཀྱི་བཀའ་དྲིན་ལ་བསམ་ཤེས་མ་བྱས་པ་དང་། མིའི་ཀུན་སྤྱོད་ལ་བརྩི་བཀུར་མ་བྱས་པ་ཡིན།

ད་ལྟ་ནི་བུ་མོ་ཁྱོད་རང་ལོ་གཉིས་དང་ཟླ་བ་བཅུ་ཏག་ཏག་རེད། ཁྱོད་ཀྱི་སེམས་ཁོང་དུ་ཕ་རྒན་ངའི་གཟུགས་རིས་ད་དུང་ཡང་གསོན་པོ་གནས་ཡོད་པ་རེད། ད་དུང་གཅིག་བྱས་ན་ཁྱོད་ཀྱིས་རང་གི་ཕ་རྒན་གང་ཞིག་ནས་ཕྱིར་མགྱོགས་པོ་ཡོང་བར་སྒོ་འགྲམ་དུ་བླངས་དེ་སྒུག་ཡོད་ན་ཐང་། ངས་དེ་ལ་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན། ཕ་རྒན་ང་བོད་མི་རིགས་ཀྱི་བདེན་པའི་སྐད་སྐུར་ཞིག་གི་ཆེད་དུ་རང་གི་ལུས་ངག་ཡིད་གསུམ། མི་རིགས་འདིའི་བདེ་སྡུག་ཆེད་དུ་འབུལ་ཟིན་པ་ཞིག་ཡིན་དུས། མི་རིགས་འདིའི་བདེ་སྡུག་ལ་ཐག་གཅོད་ཅིག་མ་བྱུང་བར་དུ་ང་རང་གང་དུ་ཡང་འགྲོ་ས་མེད་པ་རེད། དེ་ཡིན་དུས་ཁྱོད་ཀྱིས་ང་རང་ལ་མ་སྒུག ཨ་མས་གང་བཤད་པ་ལྟར་ཉོན་ལ། རང་གི་གཅེས་པའི་སྤུན་ཆུང་ཁ་བའི་ལྷ་སྲས་དང་མཉམ་དུ་རྩེད་མོ་རྩེ་བ་དངཨ་ཅེ་ཞིག་གི་འགན་འཁུར་བའི་ལམ་དུ་ཞུགས་ཐུབ་པར་ཕ་རྒན་ངས་ཐག་རིང་གི་ཡུལ། བལ་ཡུལ་རྒྱལ་ཁབ་ཀྱི་བཀག་བསྐྱེལ་ཁང་ཞིག་ནས་སེམས་ཀྱི་འཕྲིན་པ་འདི་ཁྱེད་ལ་འབྲི་བཞིན་ཡོད།

ཨ་མས་ང་ལ་སྐུར་བའི་འཕྲིན་ཡིག་ལྟར་ན་ཁྱོད་ཀྱིས་སྐབས་རེར་ཕ་རྒན་ངས་བཤད་པའི་ཁ་ལ་མ་གཏོགས་སུ་གང་གིས་ཁ་ལ་ཡང་ཉན་གྱི་མིན་ཟེར་ནས་བསྡོད་ཀྱི་འདུག་ཟེར། སྐད་ཆ་དེས་ཕ་རྒན་ང་ལ་དགའ་སྣང་ཞིག་དང་བཟོད་དུ་མེད་པའི་སྐྱོ་བ་ཞིག་དྲངས་དེ་སླེབས་སོང་། ཁྱོད་རང་གིས་རྗེས་ཕྱོགས་དྲིན་ཆེན་གྱི་མ་ལོ་སྐད་ཆ་དེ་འདྲ་གཏན་ནས་བཤད་མི་འོས། གང་ཡིན་ཟེར་ན། ཁྱོད་ལ་ལྟ་རྟོགས་བྱེད་མཁན་དང་ཁྱོད་ལ་ཆེས་ཤ་ཚ་བའི་མི་དང་ཁྱོད་ལ་ཉིན་མཚན་མེད་པར་ལྟ་སྐྱོང་བྱེད་མཁན་གྱི་མི་དེ་ནི་མིག་མཐོང་ལག་ཟིན་ཞིག་ཡོད་པ་དེ་ནི་ཁྱོད་ཀྱི་དྲིན་ཆེན་མ་ལོ་ལས་ལྷག་པ་ད་ལྟ་འཛམ་གླིང་འདིར་ཁྱོད་དང་ཁྱོད་ཀྱི་ནུ་བོ་གཉིས་ལ་སུ་ཡང་མེད་པ་ཤེས་དགོས་པ་ཡིན། གཅེས་ཕྲུག་མ། ཨ་མས་ཁ་ལ་ཉོན། ཨ་མ་ནི་ཁྱོད་ཀྱི་མི་ཚེའི་འཚར་ལོངས་ཁྲོད་ཀྱི་སྐྱབས་གནས་ཡིན།

གཅེས་ཕྲུག་མ། ཁྱོད་ལ་ཐུགས་ཁག་མེད་ས་ཆེས་མང་བོ་ཞིག་ཡོད་པ་རེད། ལོ་གཉིས་ཟླ་ངོ་བཅུ་ལས་མ་སོན་པའི་བྱིས་པ་ཁྱོད་ཀྱིས་མིའི་སྤྱི་ཚོགས་ཀྱི་ན་ཟུག་ཞིག་གང་ནས་ཤེས། ཁྱོད་རང་ལ་ཆེས་འཁོ་བ་ཕ་མ་གཉིས་ཡིན་ལ། ཕ་མ་གཉིས་ཀྱིས་ལྟ་སྐྱོང་དང་ཕ་རྒན་ཟེར་ནས་འབོད་ས་ཞིག་དང་ཨ་མ་ཟེར་ནས་འཁེན་ས་ཞིག་དགོས་པ་དེ་ཡིན། དེ་ནི་ཁྱོད་དང་ཁྱོད་ཀྱི་ནུ་བོ་ཁ་བའི་ལྷ་སྲས་གཉིས་ལ་མེད་དུ་མི་རུང་བའི་ཆེས་རྩ་ཆེ་བའི་དུས་ཚོད་ཅིག་ཆགས་ཡོད་པ་དེ་ཡང་ཕ་རྒན་ངས་མ་ཤེས་པ་མིན་ཡང་། ཕ་རྒན་ངས་རང་མི་རིགས་ཀྱི་ན་ཟུག་གི་འབྱུང་རྐྱེན་དང་མི་རིགས་འདིའི་སྡུག་བསྔལ་དག་བསམ་ནས་འོང་དུས། ངས་ཁྱོད་དང་ཁྱོད་ཀྱི་ནུ་བོ་གཉིས་ལ་ཆེས་མེད་དུ་མི་རུང་བའི་དུས་ཚོད་དེ་དག་བློས་གཏོང་མི་བྱེད་ཐབས་མེད་ཆགས་པ་རེད།

གཅེས་ཕྲུག་མ། ངས་ཁྱོད་དང་ཁྱོད་ཀྱི་ནུ་བོ་གཉིས་ལ་བྱམས་བརྩེའི་རབ་དུ་ཕྱུག་པའི་དྲིན་ཆེན་མ་ལོ་ཞིག་ཡོད་པ་དེར་དགའ་གུས་དང་ཡིད་ཆེས་ཀྱི་ངང་ནས་ཁྱོད་གཉིས་ཀྱི་མི་ཚེའི་འཚར་ལོངས་ཀྱི་བདག་དབང་ཡོད་ཚད་ཁོ་མོར་སྤྲད་དེ་ང་རང་ཞོགས་པ་དེར་ཁྱོད་དང་ཁྱོད་ཀྱི་ནུ་བོ། ཁྱོད་ཀྱི་ཨ་མ་བཅས་ཀྱི་འགྲམ་པའི་ངོས་སུ་འོ་རེ་བྱས་སྟེ། ཁ་རོག་གེར་སྒེས་འཛེགས་ལས་མར་འབབ་ནས་གནམ་གྲུའི་འབབ་ཚིགས་དུ་བསྐྱོད་བཞིན་པའི་ལམ་བར་གྱི་གནམ་རྒན་མའི་བྱེད་སྟངས་དེས་ཀྱང་། ཁྱོད་དང་ནུ་མོ་གཉིས་ཀྱིས་ཚབ་བྱས་དེ་ང་ལ་ཞུ་བ་བྱེད་པ་དང་ངུ་འབོད་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་འདུག རླུང་འཚུབ་ཤུགས་ཆེ་བ་དང་ཆར་ཤུགས་ཧ་ཅང་ཆེ་བ། ས་གཞི་ཡོངས་སྨུག་ལོང་གིས་བཀང་ནས་འོང་བ་དེ་དག་གིས་ལྷག་དུ་གནམ་འོག་གི་ཕ་རྒན་ཞིག་གིས་རང་གི་གཅེས་པའི་བུ་ཕྲུག་གཉིས་འདི་ལྟར་གཏན་གྱེས་བྱེད་ཀྱི་ཡོད་པ་དེར་བཟོད་ཀྱི་མེད་པའི་ཚུགས་ཀ་བསྟན།

གང་ལྟར། གཅེས་ཕྲུག་མ། ཕ་རྒན་ངས་བཞག་པའི་དམ་བཅའ་ནི་བོད་མི་རིགས་ཀྱི་ཆེད་དུ་མི་རིགས་གཞན་ཞིག་ཕམ་པར་རྒྱགས་རྒྱུ་དེ་མིན་པར་མི་རིགས་གཞན་ཞིག་དང་མཉམ་དུ་འདྲ་མཉམ། འགྲོ་བ་མིའི་བདག་དབང་གི་རིན་ཐང་ཆ་སྙོམས་ཀྱི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་ཞི་བའི་འབོད་ཚིག་ཞིག་འཛམ་གླིང་གི་ཞི་བདེ་ལ་དགའ་བ་དང་རང་དབང་དང་འདྲ་མཉམ་ལ་བརྩི་བཀུར་ཡོད་པ་དག་གི་རྣ་ལམ་དུ་བསྐྱེལ་དུ་འགྲོ་བཞིན་ཡོད་པ་དེ་ལས། སྙིང་ཉེ་བའི་གཅེས་ཕྲུག་མ་དང་ཁྱེད་དང་ཁྱོད་ཀྱི་ནུ་བོ་ཁ་བའི་ལྷ་སྲས་ལ་མ་གཅེས་པ་དང་མ་དགའ་བ། ཁྱོད་གཉིས་ཀྱི་ཨ་མ་ངའི་སྟེང་ལ་མ་བཟང་བར་གཡུགས་སྟེ་འགྲོ་བ་དེ་འདྲ་གཏན་ནས་མིན་པ་ཁྱོད་དང་ནུ་བོ་གཉིས་ཆེན་པོ་ཆགས་རྗེས་ངེས་པ་རྙེད་པར་ཕ་རྒན་ངའི་མི་ཚེའི་ཤུལ་ལམ་ཁྲོད་ནས་ཁ་གྲགས་ཐུབ་པར་ཡིད་ཆེས་བྱེད་རྒྱུ་ཡིན།

སྙིང་ནས་གཅེས་པའི་བུ་མོ་ཐར་མ་མཚོ། ཁྱོད་ཀྱི་ཨ་མ་དང་ཁྱོད་ཀྱི་ནུ་བོ་ཁ་བའི་ལྷ་སྲས་གསུམ་གྱི་མི་ཚེ་ཁྲོད་དུ་དཀའ་ཚེགས་ཆེས་མི་ཉུང་བ་རེ་འཕྲད་སྲིད་ཀྱང་། མི་ཚེའི་བདེ་ཐང་དང་འཚར་ལོངས་ཀྱི་རྒྱུད་རིམ་ཁྲོད་ནས་གཏན་ནས་གོད་ཆག་མི་བྱུང་བར་མ་འོངས་པར་མིའི་རིགས་ཀྱི་ཞི་བདེ་དང་རང་དབང་། འདྲ་མཉམ་གྱི་ཁེ་དབང་གང་ན་ཉམ་རྒུད་དུ་འགྲོ་བ་དེ་དག་གི་ཆེད་དུ་ལས་ཀ་རེ་བྱེད་ཐུབ་པའི་འགྲོ་བ་མི་རྣལ་མ་ཞིག་བྱེད་ཐུབ་པར་ཡིད་ཆེས་དང་ཁ་གཡང་བཅས་ཕ་རྒན་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། སྤྱི་ལོ་༢༠༡༢སྤྱི་ཟླ༥ཚེས་༣༡ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲོ བལ་ཡལ་ལག་ཁྱེར་ཞིབ་གཤེར་ཁང་གི་བཀག་བསྐྱེལ་ཁང་ནས་བྲིས།

འཕྲིན་ཡིག

Post navigation

Previous Post: མིག་དང་མིག ད་དུང་མིག་གཞན་དག
Next Post: བཀག་བསྐྱེལ་ཁང་ནང་ལོག་གི་གནས་སྟངས།

Comments (31) on “སྙིང་ནས་བརྩེ་བའི་བུ་དང་བུ་མོ་གཉིས་ལ་བྲིས་པའི་འཕྲིན།”

  1. ཀརྨ་ཡེ་ཤེས། says:
    2012-05-31 at 1:56 am

    ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཁྱེན་མཁྱེན། ད་ཕྲིན་ཡིག་དེ་ཚར་གཅིག་བཀླགས་པས་སེམས་སྐྱོ་ནས་ངུ་ཤོར་སོང་། ཁྱེད་ཀྱི་སྙིང་སྟོབས་དེས་སེམས་ཡོད་ཚང་མ་སྐྱོ་གདུང་གི་ནང་དུ་བཙུད་སོང་།

  2. རང་འཚོལ། says:
    2012-05-31 at 2:30 am

    མི་བུ་ཞིག་གིས་རང་གི་གཅེས་པའི་བུ་ཕྲུག་ལ། མི་རིགས་ཀྱི་འཐབ་རྕོད་ཆེད་བཙོན་དུ་ཚུད་སྐབས་ཀྱི་མ་བཅོས་དངོས་མ་ཡི་ཚོར་འདུ་དྲག་པོས་བྲིས་པའི་འཕྲིན་ཡིག་འདི་། མིག་ཤར་ཞིག་བརྒྱབ་ཏེ་བཀླགས་པས། ངོ་མ་ཁོང་གི་གཟི་བརྗིད་དང་སྙིང་སྟོབས་ལ་བསམ་ནས་དགའ་སྤོབས་སྐྱེ་འོས་པ་ཞིག་དང་། ཁོང་ཉིད་བཙོན་ལ་ཚུད་པའི་དཀའ་སྡུག་དང་། ཁོང་གིས་རང་ཉིད་ཀྱི་གཅེས་ཕྲུག་ལ་འཆང་བའི་སེམས་ཁུར་དང་བརྩེ་སེམས་ཀྱི་ཚོར་བ་དེ་དག་ལ་བསམ་དུས། རེ་ཞིག་སྐྱོ་ནས་ངུ་བྲོ་བ་ཞིག་ཀྱང་ཅི་ནས་མིན།

  3. ལྷ་མོ་སྒྲོལ་མ་ says:
    2012-05-31 at 3:33 am

    བུ་མོ་ཞིག་ལ་མཚོན་ན་རང་ཉིད་ཀྱི་ཕ་མ་ལས་ལྷག་ཅིག་བསམ་རྒྱུ་ཅི་ཞིག་ཡོད་་་་ང་ལ་མཚོན་ན་མ་དང་ཁ་བྲལ་ནས་ཨ་ཕས་སྐྱངས་ནས་མཚར་ལོང་བྱུང་བཞིན་པའི་བུ་མོ་བསོད་སད་མ་ཞིག་ཡིན། བུ་མོ་ཐར་མ་མཚོས་སེམས་སྡུག་ངས་སེམས་ནས་དངོས་སུ་མྱུང་ཐུབ་གི དེས་ན་ངས་བུ་མོ་ཐར་མ་མཚོའི་ཚབ་བྱས་ནས་དཔའ་རྒོད་གླིང་ཚང་ཚེ་བརྟན་ལགས་ལ་ཞུ་བ་ཞིག་བྱེད། སྐུ་མཁྱེན་སྐུ་ཉིད་གང་འགྱོག་ཕྱིར་བུ་མོའི་སར་ལོག་རོགས་གནང་། ངས་འདི་ལྟར་ཞུ་བ་བྱེད་ཚེས་མི་མང་པོ་ཞིག་གི་རྒྱུ་མཚན་མང་པོ་གསུང་ནས། ང་ལ་ལ་རྒྱ་མེད་པའི་ཁྲེལ་མེད་མ་ཟེར་ནས་བརྡིག་ན་ཐང་། འོན་ཀྱང་ངས་ཁྱེད་ཅག་ལ་ཁང་ར་མི་བྱེད་ཡིན་ན་ཡང་ཁྱེད་ཅག་གི་བུ་མོ་ཐར་མ་མཚོ་ང་གཉིས་ཀྱི་ལས་དབང་མ་མཁྱེན་པ་ཡིན་པར་ངོ་འཛིན་བྱེད་པ་ལས་རྒྱུ་མཚན་ཡོད་པ་ཚིག་ལ་ངོས་འཛིན་བྱེད་ག་ལ་ཐུབའ ལྷག་པར་དུ་ངའི་ཨ་མའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  4. ཁྭ་ཏ་ཁ་ཏ་བ། says:
    2012-05-31 at 4:20 am

    འདི་འདྲ་སྙིང་སྟོབས་དང་ལ་རྒྱ་ཅན་འཇམ་བུ་གླིང་ལ་དཀོན་། ཁྱེད་ལ་སྒོ་གསུམ་གུས་པས་འདུད། བོད་རྒྱལ་ལོ།

  5. མེ་ཏོག་དཀར་པོ། says:
    2012-05-31 at 4:42 am

    ད་ལྷ་གསོལ་ཀླུ་གསོལ་འགྲིག་སོང་། abcd ཤེས་མཁན་འདྲ་ཡོད་ན་གོང་དེ་བསྒྱུར་ལ་མགྱོགས་པོ་ཁོང་བསྐུར། ཁོང་གིས་རང་གི་བུ་ཕྲུག་ལ་བསྐུར་དགོས་ཡོད་ཀྱི་རེད།

  6. རིག་བློ says:
    2012-05-31 at 5:00 am

    འཕྲིན་འདི་དབྱིན་ཇིར་བསྒྱུར་ནས་འཛམ་གླིང་གི་སྐྱེ་བོ་ཚང་མས་ཀློག་ཐུབ་པ་ཞིག་བྱུང་ན་ངོ་བཟང་།

  7. ཨ་རོགས་ཉི་མ། says:
    2012-05-31 at 5:05 am

    ཡ་ཡ་ད་དངོས་གནས། མིག་པགས་བཙུན་སྡེབ་རེ་རེར་མིག་ཆུའི་ཐིག་པ་རེ་གཏོར་རྒྱུ་ལས་གཞན་ཁ་སྙན་པོ་ཞིག་བཤད་ན་ཡང་ཚིག་སྟོང་རང་རེད།
    འདི་ནི་མིག་ལམ་དུ་ཁྲ་ལམ་མེར་ཤར་བའི་གློག་རྙན་གསོན་པོ་ཞིག་དང་འདྲ། བདེ་མོ།

  8. འུར་ཆ says:
    2012-05-31 at 5:29 am

    ངོས་བྱོང་གི་གློག་རྙན་གསོན་པོ་ཞིག མིག་ཆུ་་་་་་་་་་

  9. གངས་རའི་ལྷ་སྲས། says:
    2012-05-31 at 6:01 am

    དངོས་གནས་སེམས་འགུལ་ཐེབས་དགོས་པ་ཞིག་བྲིས་འདུག དེ་ལྟར་སེམས་རྒྱ་ཆེ་བའི་གླིང་ཚ་དཔའ་བོ་ལ་གུས་འདུད་དང་ཁྱེད་ཀྱི་བྱ་ལམ་འགྲོ་ཡོངས་བའི་སྨོན་འདུན་ཡོད།

  10. བོད། བཙན་པོའི་བུ་རྒྱུད། says:
    2012-05-31 at 7:11 am

    ཡོད་ཚད་བློས་གཏོང་ཟེར་བ་དེ་འདྲ་ཞིག་ལ་ཟེར། མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ཆུང་མ་དང་བྱིས་པ་ཡན་ཆད་རང་སར་བཞག་ནས་བུད་སོང་། ཚེ་རྡོར་ལགས། ཁྱོད་ཀྱི་སྙིང་སྟོབས་ལ་གུས་བཀུར་ཞུ་ཞུ། དབྱིན་ཇི་ཤེས་མཁན་ཞིག་གིས་ཁོང་གི་འཕྲིན་དེ་ཞི་མོ་ཐར་མ་མཚོའི་རྣ་ལམ་དུ་སྒྲོག་ཐབས་ལ་འབད་རོགས།

  11. ལྡོང་ངུའི་བུ། says:
    2012-05-31 at 8:00 am

    གླིང་ཚ་ཚང་གིས་མི་རིགས་ཤིག་གི་བདེ་སྡུག་བསམས་ནས་་་་རང་གི་ཡོད་ཚད་བློས་བཏང་ནས་་་་དཀའ་སྡུག་བརྒྱ་ཕྲག་མང་པོ་དང་དུ་བླངས་ནས་རང་གི་གཞིས་ཁྱིམ་དུ་ལོག་པའི་ཞི་བའི་གོམ་བགྲོད་གནང་མོད།་་་་་་རང་གཤིས་བརྟན་པོ་མེད་པའི་མི་རིགས་སེམས་ནག་ཅིག་གི་བཀག་རྒྱའི་མནར་གཅོད་མྱོང་བཞིན་ཡོད་ནའང་་་་་་་སྔོན་གྱི་སྐྱེས་ཆེན་ཚོའི་གསུང་བ་བཞིན།་་་་་་དེ་རིང་གླིང་ཚ་ཚང་གིས་བུ་མོ་ལ་བྲིས་པའི་འཕྲིན་ཐུང་འདིས་དཔལ་ངར་ཞིམ་མེད་ཀྱི་སྙིང་སྟོབས་ངོམ་པར་་་་་ཕྲན་གྱི་ངོས་ནས་བསྔགས་བརྗོད་དང་ཡི་རང་ཞུ།

  12. chime in italy says:
    2012-05-31 at 9:05 am

    ་ལགས། ཁྱོད་ཀྱི་སྙིང་སྟོབས་ལ་གུས་བཀུར་ཞུ་ཞུ།

  13. བྱང་སྐར། says:
    2012-05-31 at 11:10 am

    དཔའ་བོ་གླིང་ཚ་ལགས་ཁྱོད་ཀྱིས་ལྷག་བསམ་དང་བློས་གཏོང་ལ་ངོ་མ་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་རེད།
    འོན་ཀྱང་ལས་འགུལ་གྱི་རྣམ་པ་གཞན་ཞིག་ཏུ་བསྒྱུར་ན་རང་ཉིད་ནམ་ཡིན་ཡང་བཀག་བསྐྱེལ་ཁང་ཞིག་ནས་འདུག་མི་དགོས་པར་བོད་དོན་གྱི་ལས་སྣ་མང་དང་ཕན་ངེས་ཅན་མང་པོ་ཞིག་ཁྱོད་འདྲ་བ་ལ་ཡོད་རེད་བསམ་གྱི་འདུག། གཅིག་ནས་ཁྱེད་རང་བོད་ཡིག་གི་ཆུ་ཚད་བཟང་བ་དང་གཉིས་ནས་ལྷག་བསམ་ལ་ལྷོད་པ་མེད་དུས་བོད་དོན་དུ་ལས་འགུལ་སྤེལ་རྒྱུ་ཡོད་པ་རེད་བསམ་གྱི་འདུག།
    གལ་སྲིད་ས་འཚམས་བརྒལ་ནས་འགྲོ་ཐུབ་རུང་རྒྱ་གཞུང་གིས་བཀག་བསྐྱེལ་ཁང་ཞིག་ནས་ལོ་མང་གི་རིང་ལ་གར་ཡོད་འདིར་ཡོད་མི་ཤེས་པར་ལྷག་ངེས་རེད། ཁོང་ཚོས་ཁྱོད་ཀྱིས་དབང་པོ་སྐྱོན་ཅན་དུ་བཟོ་སྲིད།
    ཁོང་ཚོས་ཁྱོད་ཀྱིས་དྲན་པ་གསལ་བོར་མེད་པར་བཟོ་སྲིད། ཁྱོད་ཀྱིས་རེ་འདོད་བཞིན་ནུས་པ་ཞིག་འདོན་མི་ཐུབ་པར་ཁོང་ཚོས་བཟོ་ངེས་ཡིན། ཁྱོད་ལ་བདེན་པ་དང་གནས་ལུགས་བརྒྱ་ཡོད་རུང་རྒྱ་གཞུང་གིས་སྣང་མེད་དུ་འཇོག་ངེས་རེད། བསམ་ཚུལ་ཡིན

  14. བསོད་ནམས says:
    2012-05-31 at 11:13 am

    དྲ་གྲོགས་ཚོ་གླིང་ཚ་ཚེ་བརྟན་རྡོ་རྗེའི་དྲ་ཐོག་དུ་བཀོད་པའི་རང་ཉིད་དང་རང་གི་བུ་དང་བུ་མོ་བཅས་ལ་སྐུར་བའི་ལོ་རྒྱོས་དག་དབྱིན་ཡིག་དུ་བརྒྱུར་ཐུབ་ན་ཡག་པོ་འདུག

  15. མེ་ཏོག་དཀར་པོ། says:
    2012-05-31 at 11:26 am

    ཝ་ཡེ། ལོ་རྒྱོས་མ་རེད་ད། ལོ་རྒྱུས་རེད།

  16. གཙངས་རིགས says:
    2012-05-31 at 12:12 pm

    ཀློག་བཞིན་པའི་སྐབས་སུ་མིག་མཆི་མས་ཁེངས་ཏེ་ཡག་པོ་ཞིག་ཀློག་ཡང་ཐུབ་མ་སོང་། ཤུའུ་་་་་་་་་

  17. རེབ་ཐོག་མདའ says:
    2012-05-31 at 12:45 pm

    གླིང་ཚ་ལགས
    དེ་རིང་སྔ་དྲོ་ཁྱོད་ཀྱིས་བུ་མོ་ལ་བྲིས་ཡོད་པའི་འཕྲིན་པ་འདི་ཀློག་རྒྱུ་བྱུང་མ་ཟད་བདག་དེ་རིང་ཕྱི་དྲི་ཞིག་གི་དུས་ཚོད་བེད་སྤྱོད་བྱས་ནས་ཁྱོད་ཀྱིས་བུ་མོ་ལ་བྲིས་བའི་འཕྲིན་པ་འདི་དབྱིན་བསྒྱུར་བྱས་ཡོད་། ཡིན་ཡང་བདག་གིས་དབྱིན་ཡིག་གི་ཤེས་ཚད་ཡང་དེ་འདྲ་ཡག་པོ་ཞིག་མེད་པས་རྐྱེན་ཀྱིས་ཁྱོད་ཀྱིས་བློ་ལ་འབབ་མིན་མི་ཤེས། གལ་སྲིད་ཁྱོད་ཅིག་བལྟ་འདོད་ན་ང་ལ་ཁྱོད་ཀྱིས་ཡིག་ཟམ་ཨེ་མལ་ཁ་བྱང་བསྐུར་དང་ངའི་ཁྱོད་ལ་བསྐུར་ཆོག། གལ་སྲིད་མ་འོངས་བར་ཁྱོད་ཀྱིས་མཆཽག་མཆན་ཐོབ་ན་ངའི་འཕྲིན་ཡིག་དེ་སྒང་ལ་དུས་ཚོད་ཡག་པོ་ཞིག་བཏང་ནས་བསྐྱར་བསྒྱུར་བྱས་ནས་དབྱིན་ཡིག་དྲ་རྒྱ་རུ་བཏང་ཆོག། ཁྱོད་མི་རིགས་གི་ཆེད་དུ་ལས་དོན་དེ་འདྲ་ཞོག་བསྒྲུབ་བཞིན་པའི་སྙིང་སྟོབས་ལ་རྗེ་སུ་ཡིན་རང་ཞུ། འདི་ནི་ངའི་ཨེ་མལ་ཁ་བྱང་ཡིན་། ཁྱོད་ཀྱིས་ཨེ་མལ་ཁ བྱང་ང་ལ་ཅིག་བཏང་བར་ཞུ། sangcoyboy@yahoo.com

  18. གཙངས་རིགས says:
    2012-05-31 at 12:58 pm

    ཡིག་སྒྱུར་བ་ཐུགས་རྗེ་ཆེ།

  19. ཐབས་ཇུས་ཅན says:
    2012-05-31 at 1:25 pm

    ཁྱེད་རང་གི་སྙིང་སྟོབས་དང་བོད་རིགས་ཞིག་ཡིན་པའི་སྤོབས་པ། ད་དུང་ང་ཚོའི་ལས་འགན་ཕྲག་ཏུ་བླངས་པ་དང་རང་མི་རིགས་ལ་ཅིང་པའི་རྩེས་སེམས་ནི་གུས་པའི་ལག་གཉིས་ཐལ་མོ་སྦྱོར་བའི་ཡུལ་དུ་འོས་ཤིང་འཚམ་པ་རེད། ཕྲན་ལ་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་ཁྱེད་ཀྱིས་དྲང་བདེན་དང་ལྷག་བསམ་ཡིན་སྙམ་སྟེ་ཨུ་ཚུགས་མི་བྱེད་པར་ལས་འགུལ་འདི་ལྟ་བུ་རྒྱལ་སྤྱི་ཅན་དུ་འགྱུར་བར་ཤུགས་སྣོན་བརྒྱབ་སྟེ་ཁྱབ་བསྒྲགས་འགྲོ་གང་ཐུབ་བྱ་དགོས། ངས་འདི་ལྟར་རེད་ཟེར་བ་མིན་ཡང་། ཆབ་སྲིད་ཀྱི་ངོ་བོ་དེ་ལྟར་རེད་སྙམ། གང་ལྟར་གུས་པས་རྨོངས་འཆར་ཙམ་ཞུས་པ་ཡིན། རྒྱ་དམར་པོའི་གཞུང་གིས་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཁས་མི་ལེན་མོད། མཚམས་ལ་རེད་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནོན་ཤུགས་ཀྱིས་ཁོང་ཚོས་མི་འདོད་པ་འགའ་རེ་ཁས་ལེན་དགོས་པ་ཡོང་གི་ཡོད།

  20. ཐབས་ཇུས་ཅན says:
    2012-05-31 at 1:27 pm

    བརྩེ་སེམས

  21. ཀརྨའི་སྐུ་སྲུང་བ། says:
    2012-05-31 at 1:36 pm

    གླིང་ཚ་དཔའ་བོ་ལགས་ཀྱིས་རང་གི་ནང་མི་དང་བུ་མོར་བྲིས་པའི་འཕྲིན་དེ་ཆ་ཚང་ཀློགས་པ་ཡིན། མིག་ཆུ་རང་དབང་མེད་ཤོར་གི་འདུག དཔའ་བོ་ཁྱེད་ཀྱི་ཆོད་སེམས་དང་ལ་རྒྱ་ལ་བསྔགས་བརྗོད་ཡོད། སྐུ་ཚེ་ལ་བར་ཆད་མེད་པ་དང་བྱ་བ་ལམ་འགྲོ་འོང་བའི་སྨོན་མདུན་ཞུ།།

  22. བོད། ཤ་ཁྲག་རུས་གསུམ། says:
    2012-05-31 at 1:36 pm

    souloflove538@gmail.com

    སྐད་ཡིག་གཞན་ལ་སྒྱུར་མཁན་གྱི་སྤུན་ཟླ་སུ་ཞིག་ཡོད་ན་ང་རང་གི་གློག་འཕྲིན་ཁ་བྱང་ནི་འདི་ཡིན། དེ་ཡི་སྟེང་ནས་བདག་ལ་འབྲེལ་བ་བྱེད་རྒྱུ་མཁྱེན། བཀའ་དྲིན་ཆེ།

  23. འབའ་སྲས། says:
    2012-05-31 at 1:56 pm

    གླིང་ཚ་དཔའ་རྒོད་ལགས། ཁྱེད་ཀྱིས་གཅེས་པའི་བུ་མོ་དང་བུ་གཉིས་ལ་བྲིས་པའི་འཕྲིན་དེ་
    བཀླགས་པས། ངའིསེམས་ལ་མི་དྲན་དགུ་དྲན་དུ་གྱུར་སོང་། དེ་བས་དྲ་ངོས་ཀྱི་འཕྲིན་དེ་བྲིས་པ་ཡིན།

  24. རེབ་ཐོག་མདའ says:
    2012-05-31 at 1:59 pm

    གླིང་ཚ་ལགས་ངའི་ཁྱོད་ཀྱིས་བུ་མོ་སྤྲིངས་བའི་འཕྲིན་ཡིག་དེ་དབྱིན་བསྒྱུར་བྱས་ཟིན་ཡིན།
    ཡིན་ཡང་ཚིག་གི་སྡེབ་སྦྱོར་བློ་འབབ་པོ་ཞིག་མེད་པའི་བདག་གི་སང་ཉིན་ཨ་རི་བའི་གྲོགས་པོ་ཞིག་ལ་རོགས་རམ་བྱེད་དུ་བཅུག་རྗེས་སངས་ཉིན་དགོང་མོ་ཁྱོད་ལ་འབྱོར་ཐུབ་པ་བྱེད་ཆོག།
    ཁྱོད་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་ལམ་སེམས་ཁོངས་རུས་བའི་གཏིང་ནས་འདེབས

  25. བདུད་རྡོ says:
    2012-05-31 at 2:25 pm

    དངོས་ནས་སེམས་འགུལ་ཐེབ་པ་ཞིག་བྲིས་འདུག

  26. བསོད་ནམས says:
    2012-05-31 at 3:38 pm

    གླིང་ཚ་ཚེ་བརྟན་རྡོ་རྗེའི་ལོ་རྒྱུས་དབྱིན་བསྒྱུར་བྱེད་མཁན་ཚོ་ལ་ཐུགས་རྗེ་ཆེ་ཞུ།།

  27. བསྟན་འོད་ says:
    2012-05-31 at 4:33 pm

    དཔའ་བོ་ཁྱོད་ཉིད་གང་དུ་བཞུད་གྱུར་ཀྱང་།
    བདེན་པའི་རྒྱབ་ལྗོངས་འཕྲག་པའི་དཔལ་དུ་བརྗིད་།
    ཤུར་ལུས་མིང་སྲིང་ན་ཚོད་འཕྲ་མོ་གཉིས་།
    ཕ་མེད་སྐྱོ་བའི་གདོང་བ་སུ་ཡིས་སེལ་།

    བསམ་ཞིང་བསམ་ན་སེམས་པ་སྐྱོ་བའིརྒྱུ་།
    མ་བསམ་བཞག་ཀྱང་མཆིན་པ་གཟེར་བའི་ནད་།
    གང་ལྟར་བྱ་ཀུན་ཡིད་བཞིན་འགྲུབ་པར་སྨོན་།
    བདེན་འཐའ་མྱུར་ཏུ་གསལ་པའི་བཀྲ་ཤིས་ཤོག་།

  28. བསོད་ནམས says:
    2012-05-31 at 9:34 pm

    གྲོགས་པོ་རེབ་ཐོག་མདའ་ལགས་ཁྱེད་ཀྱི་གླིང་ཚ་ཚེ་བརྟན་རྡོ་རྗེའི་འཕྲིན་ཡིག་དག་དབྱིན་བསྒྱུར་བྱེས་ནས་ཆ་ཚང་ཞིག་འགྲིག་སོང་ན།
    ངའི་གློག་འཕྲིན་ཁ་བྱང་འདི་ཡིན་་་lodue_2007@yahoo.com དེ་ཡི་སྟེང་ནས་བདག་ལ་ཅིག་བསྐུར་རོགས་མཁྱེནན་ཞུ།།

  29. བསྟན་འོད་ says:
    2012-05-31 at 10:27 pm

    རེབ་ཐོག་མདའ་ལགས་ནས་། གླིང་ཚ་ཚེ་བརྟན་རྡོ་རྗེའི་ཁོང་གི་བརྩེ་བའི་བུ་དང་བུ་མོ་གཉིས་ལ་སྤྲེངས་བའི་འཕྲིན་ཡིག་དེ་དབྱིན་བསྒྱུར་གནང་བ་ནི་རླབས་ཆེན་གྱི་མཛད་པ་ཞིག་རེད་། གླིང་ཚ་ཁོང་ནི་ད་ལྟ་བལ་ཡུལ་བཀག་ཉལ་ཁང་ན་ཡོད་གྱང་ཁོང་ནས་ང་ཚོ་ལ་ཉིན་ཐོ་ཚུན་མཁོ་སྤྲོད་གནང་བཞིན་ཡོད་པ་འདི་ཁོས་འབུར་དུ་ཐོན་པའི་ཁྱད་ཆོས་ཞིག་རེད་། ཡ་ཡ་སྐད་ཆ་མང་ན་དོན་འདག་མེད་གི་ཧྲིལ་གྱི་དྲིལ་ནས་བཤད་ན་། རེབ་ཐོག་མདའ་ལགས་།
    ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གླིང་ཚ་དཔའ་བོའི་ཅི་བསམ་འགྲུབ་པར་སྨོན་། བཀྲ་ཤིས་པར་གྱུར་ཅིག་། དོན་འགྲུབ་པར་ཤོགས་།

  30. ཤར་གླིང་གདོང་དྲུག says:
    2012-05-31 at 11:05 pm

    སྙིང་ནས་བརྩེ་བའི་མདོ་འཛིན་པ་རྣམས་དང་དྲ་གྲོགས་ཡོངས་ལ་རྨོངས་འཆར་གྱི་བསམ་ཚུལ་ཐུང་ངུ་ཞིག་ཞུ་ན་འདོད།
    ༡ང་ཚོ་ནི་མི་རིགས་ཀྱི་བདེན་དོན་རྩོད་པའི་ཐབས་རྩོད་པ་ཞིག་ཡིན་པས་དྲང་བཞག་གི་ལམ་བུ་ངེས་པར་ཟིན་དགོས།

    ༢མི་རིགས་འདིའི་ཆེ་དུ་དགའ་སྐྱོ་སྟོང་གི་ངལ་བ་དང་དུ་ལེན་པའི་དཔའ་བོ་ཚོ་ལ་རྗེས་དྲན་དང་ཡི་རང་བྱེད་དགོས།

    ༣ང་ཚོའི་ཕན་ཚུན་གྱི་སེམས་ལ་རྒྱུས་མངའ་ཡོད་པ་དང་བསམ་པའི་འཆར་གཞི་ཡོད་པ་ཞིག་བྱེད་དགོས།
    འདི་ནི་བདག་གི་བཤད་པར་འདོད་པའི་སེམས་གཏམ་དྲོན་མོ་དེ་ཡིན།

  31. རྡུལ་ཕྲན། says:
    2012-06-01 at 11:27 am

    དཔའ་བོ་ཁྱོད་ཀྱི་ཡོད་ཚད་ལ་བསམ་ཤེས་ཐུབ་ཀྱིན་འདུག་ལ། ཁྱད་པར་ཁྱོད་ཀྱི་ཆོད་སེམས་ཀྱི་སྔ་ཕྱི་ཀུན་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། དེ་ཙམ་ལས་བཤད་ཕོད་ཀྱིན་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme