Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་གི་ཚིལ་ལུ།

Posted on 2012-11-232012-11-23 By ཁ་བརྡ་ 12 Comments on སྙིང་གི་ཚིལ་ལུ།

གངས་དཀར་རྒྱལ་སྲས།
སེམས་སོང་ལགས། ཀེ་ལ་ཤའི་ཟ་ཁང་གི་ཡང་ཐོག་ནས་ཐེངས་དང་པོ་ངོ་ཤེས་པ་ནས་ངས་ཀེ་ལ་ཤ་ཟ་ཁང་མཐོང་ཐེངས་རེར་ཁྱེད་རང་ཡིད་ལ་འཆར་ཞིང་། ཡིད་ལ་ཤར་ཐེངས་རེར་ང་ཀེ་ལ་ཤ་ཟ་ཁང་དུ་སོང་ནས། ཉིན་དེར་ཁྱོད་ཀྱིས་ང་ལ་སྤྲད་པའི་ཟ་མ་དག་ཡང་བསྐྱར་ཟ་མྱོང་བ་ནི་ཐེངས་ག་ཚོད་ཅིག་ཡིན་མིན་ངས་ཀྱང་མི་ཤེས། སྤྱིར་བཏང་ཟ་མ་དེ་དག་ཁྱོད་ཀྱིས་འདོད་པ་ལྟར་མངགས་པ་ཡིན་པས་ང་དེ་དག་ལ་དེ་ཙམ་དགའ་བོ་མེད་མོད། ད་ལྟ་དེ་དག་ནི་ང་ཆེས་དགའ་བའི་ཟ་མ་དག་ཏུ་གྱུར་འདུག་པས་ཡང་བསྐྱར་འུ་གཉིས་ཀ་འདི་ནས་འཛོམས་ན་ངས་ཟ་མ་དེ་དག་ནི་འཇིག་རྟེན་ནས་ཆེས་རིན་ཐང་ལྡན་པའི་ཟ་མ་ཞིག་ཏུ་མཐོང་ནས་ཁྱེད་ལ་མངགས་ངེས་ཡིན། འོན་ཀྱང་དེ་ནི་སེམས་ཀྱི་འདོད་ཚུལ་ཙམ་ལས་མེད་པ་ནི། ད་ལྟའི་འུ་གཉིས་ཀའི་དངོས་ཡོད་གནས་སྟངས་ཀྱིས་ཐག་བཅད་འདུག་པས་སེམས་ལ་དྲན་པ་ཙམ་ལས་རེ་བ་དེ་ཙམ་རྒྱག་གིན་མེད།
སེམས་སོང་ལགས། ཉིན་དེར་འུ་གཉིས་ཀྱིས་སྤྱིར་བཏང་གི་ཁ་བརྡ་རེ་ལས་ཅི་ཡང་མ་བྱས་ལ་བསམ་པའི་ནང་ལའང་ཕལ་ཆེར་ཅི་ཡང་འཁོར་མེད་པ་འདྲ་མོད། ཁྱེད་རང་སློབ་གྲྭར་སོང་རྗེས་འུ་གཉིས་ཀས་ཁ་པར་ལས་ཁ་བརྡ་རེ་བྱེད་པའི་སྲོལ་ཞིག་དར་ལ་རིམ་བཞིན་ཁ་བརྡ་ཇེ་མང་དང་ཡིད་ཆེས་ཇེ་ཆེར་སོང་བའི་སྐབས་དེ་དག་ཏུ་འུ་གཉིས་ཀའི་སྐད་ཆ་མང་ཆེ་བ་ནི་ཁ་མི་གསལ་བའི་གབ་ཚིག་ལྟ་བུ་ཞིག་ཏུ་གྱུར། ཟླ་གཅིག་གི་རྗེས་སུ་འུ་གཉིས་གཙུག་ལག་ཁང་གི་སྒོ་འགྲམ་ནས་མ་གྲོས་རང་ཐུག་བྱུང་དུས་གློ་བུར་དུ་ངའི་ལུས་གསེང་ལ་ཅི་ཞིག་གིས་གཙགས་པ་དང་འདྲ་བའི་ཚོར་སྣང་ཞིག་བྱུང་ཞིང་ཁྱེད་ཀྱི་ངོ་གདོང་ཡང་དམར་བོར་ཆགས་ཏེ་ངའི་གདོང་ལ་ལྟ་མི་ཕོད་པའི་རྣམ་པ་དེ་དག་དྲན་དུས། དེ་རིང་གི་མཇུག་འབྲས་འདི་བདུད་ཀྱི་ཆོ་འཕྲུལ་ཅིག་རེད་བསམ་པ་ལས་ཁྱོད་རང་ཁྲེལ་མེད་ཅིག་རེད་གཏན་ནས་བསམ་མི་ཤེས་ལ་བསམ་ཀྱང་མ་མྱོང།
སེམས་སོང་ལགས། སྐབས་དེར་ངས་ཁྱོད་ཀྱི་སློབ་མཐར་ལ་ངང་སྒུག་གིས་འུ་གཉིས་ཀའི་མ་འོངས་པའི་འཚོ་བར་བསམ་གཞིག་བྱ་བཞིན་བློས་བཏང་བྱས་པའང་ཉུང་ཉུང་ཞིག་གཏན་ནས་མིན། ངས་ཁྱེད་ཀྱི་ཡོད་ཚད་ང་ཡི་ཡིན་པར་འདོད་པའི་ལོ་ཟླ་དེ་དག་ལ་ཅི་འདྲའི་སྐྱིད་སྣང་དང་དྲོད་ཁོལ་ཞིག་འཛོམས་ཨང།
སེམས་སོང་ལགས། ཁྱེད་རང་སློབ་མཐར་ཕྱིན་ཁར་བསམ་ཡིད་ལས་འདས་པའི་དོན་དག་དེ་བྱུང་རྗེས། ངས་ཅི་ཞིག་བོར་སོང་བ་དང་འདྲ་བར་ནམ་རྒྱུན་གྱི་སྐད་ཆའང་ལྡབ་འགྱུར་གྱིས་ཇེ་ཉུང་ལ་སོང། དོན་ངོ་མ་ཡོ་རོབ་ནས་ཡོང་བའི་མི་དེ་ག་འདྲ་ཞིག་ཡིན་ནམ། དེས་དོན་ངོ་མ་ཁྱོད་ལ་ཤ་ཚའམ། ཁྱོད་ལ་མགོ་སྐོར་དང་སླུ་བྲིད་བྱས་མེད་དམ་སྙམ་བཞིན་དྲི་བ་ནི་གཅིག་འཕྲོར་གཅིག་འཚངས་ཡོང་གིན་འདུག གང་ལྟར་ཁྱོད་རང་འདོད་པ་ཡོད་ན་དེ་མི་འགྲིག་རྒྱུ་མེད་ལ་མི་སྲིད་པ་ཞིག་ཀྱང་མ་རེད། ང་ཚེ་འདིར་ཁྱོད་ལ་དགའ་དགའ་ཞིག་སུ་ལའང་དགའ་མ་མྱོང་བས་ངས་རང་གི་སྡུག་བསྔལ་ལ་བཟོད་བསྲན་གྱིས་ཁྱོད་ལ་རྒྱབ་སྐྱོར་བྱེད་དུས། ཁྱོད་ཀྱིས་མིག་ཆུ་ཤམ་ཤམ་བཞུར་བཞིན་དགོངས་པ་མ་ཚོམས་ཟེར། འུ་གཉིས་ཁ་བྲལ་བའི་ཉིན་མོ་དེར་ཁྱོད་ཀྱིས་བྱེད་སྟངས་ལས་ཁྱོད་ང་ལ་བརྩེ་བ་ཡོད་པ་ངས་གསལ་བོར་ཤེས་ཤིང། ང་ལ་སྒོར་མོ་མེད་པས་ཁྱོད་རང་ཤོར་བ་ཡིན་པའང་ཞོར་དུ་ཤེས།  འུ་གཉིས་མཉམ་དུ་ཡོད་དུས་ཁ་རྩོད་གང་མང་ཞིག་ཀྱང་རྒྱག་མྱོང་བ་ནི་ལྷད་མ་འདྲེས་པའི་བརྩེ་བ་ཞིག་གི་དཔང་རྟགས་ཡིན་པ་ལས་དོན་མེད་ཀྱི་རྙོག་དྲ་མིན་པ་ཁྱོད་ཀྱི་སེམས་ནའང་ཁྲིག་ཁྲིག་ཡིན་ངེས།
རེད་ཡ།    སེམས་སོང་ལགས། ཁྱོད་ཀྱིས་གདམས་གསེས་དེའང་ནོར་འཁྲུལ་ཞིག་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་སྟེ། བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ན་དཔལ་འབྱོར་ཀྱང་ཧ་ཅང་གི་གལ་ཆེན་གྱི་གྲུབ་ཆ་ཞིག་ཡིན། ད་ལྟ་ངས་འདང་བརྒྱབ་དུས་ཁྱོད་ཀྱིས་གདམས་གསེས་ཀྱང་ནོར་མི་འདུག ཁྱོད་ལ་ཐག་གཅོད་ཀྱི་ནུས་པ་ཡོད་པ་མ་ཟད། རྒྱང་ཟིན་གྱི་བསམ་བློ་འང་འདུག ངས་ཁྱོད་ཀྱི་ཁྲ་སྒོར་སྒོར་གྱི་མིག་ཟུང་དང་ནག་ཤིག་ཤིག་གི་སྐྲ་ལོ་དྲན་བཞིན། ངས་ཁྱོད་ཀྱི་གྱེར་འདོན་སྙན་ངག་གི་ཉམས་འགྱུར་དྲན་བཞིན། ངས་འུ་གཉིས་ཀྱི་དང་ཐོག་གི་དྲོད་ཁོལ་འཛོམས་པའི་བརྩེ་བ་དང་ཡིད་ཆེས་ཀྱིས་གཏམས་པའི་སེམས་པ་དེ་དག་དྲན་བཞིན་རྨི་ལམ་དུ་ཁྱོད་རང་ཡང་ཡང་བསུས། རྨི་ལམ་ལས་ཁྱོད་རང་ནམ་རྒྱུན་རང་གི་འཁྲིས་ན་ཡོད་པར་རྨིས་མྱོང་བ་ནི་རྨི་ལམ་གྱི་བདེ་སྐྱིད་ཡིན་མོད། དོན་ངོ་མ་ཁྱོད་རང་ཐག་རིང་ཐག་རིང་ཞིག་གི་ཡིན་པས་སྡུག་བསྔལ་གྱི་མིག་ཆུ་བཞུར་བའང་ཐེངས་ཉུང་ཉུང་ཞིག་ཡེ་ནས་མིན། གང་ལྟར་ངས་རང་ཉིད་ལ་མཁོ་བའི་ཁྱོད་རང་ཤོར་བ་ནས་ཁེར་རྐྱང་གིས་མི་ཚེ་སྐྱེལ་རྒྱུར་དམ་བཅས་ཡོད།
སེམས་སོང་ལགས། ང་ལ་ཁྱོད་ལས་གཞན་པའི་ཚེ་གྲོགས་ཤིག་ནམ་ཡང་མི་དགོས། མ་འོངས་བར་དགའ་རོགས་འདྲ་མིན་སྒྲིག་སྲིད་ཀྱང་ཆུང་མ་མི་ལེན་པ་ནི་ང་རང་ཁྱོད་ལ་དགའ་བའི་དབང་རྟགས་ངོ་མ་ཡིན། ཁྱོད་ནི་ངའི་སེམས་ཀྱི་མགྲོན་ཁང་དུ་ནམ་ཡང་གཞི་འདུག་བྱེད་པའི་མགྲོན་པོ་ཡིན་ལ། ངའི་སྣང་ངོ་ན་ང་དང་མཉམ་དུ་ཡོད་པའི་སྙིང་སྡུག་སྟེ་ཚེ་གཅིག་ཆུང་མའང་ཡིན། ངའི་སྙིང་གི་ཚིལ་ལུ་སྟེ་རྒྱ་མཚོ་ཆེན་པོའི་ཕར་ངོགས་ཤིག་ན་འཚོ་བའི་སྙིང་སྡུག་མ། ང་ནམ་ཡང་ཁྱོད་ལ་དགའ། ཁྱོད་ཀྱིས་རང་གི་ཁྱོ་ག་ལ་ཡིད་ཆེས་དང་བརྩེ་བ་བཅངས་ནས་འཚོ་བ་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་དང་བཅས་སྤྱི་ལོ་༢༠༠༩ཟླ་༨ཚེས་༧ཉིན་རྒྱ་གར་རྡ་རམ་ས་ལ་ནས། ཡིད་ཆེས་ཀྱི་དུངས་བ་ཟབ་པའི་གངས་དཀར་རྒྱལ་སྲས་ཀྱིས།

སྣ་ཚོགས།

Post navigation

Previous Post: མེ་མཆོད་ཀྱི་སྐབས་དག་ཏུ།
Next Post: རེབ་གོང་མདོ་བ་ནས་ཀླུ་འབུམ་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་བསྡུས།

Comments (12) on “སྙིང་གི་ཚིལ་ལུ།”

  1. གནམ says:
    2012-11-23 at 3:03 am

    ཚོར་བ་སྡུག་བསྔལ་དེ་འདྲ་བྱས་ནས་གང་ཡོང་། མགོ་ན་ནག་ཤིག་ཤིག་གི་སྐྲ་ལོ་ཅན་དང་ཁྱ་སྒོར་སྒོར་སྒོར་གི་མིག་ཟུང་ཅན་ནི་གང་ས་གང་ན་རྩི་ཐབས་མེད་པ་ཞིག་འདུག་པས། ཁྱོས་ཡར་ཁ་ཚང་གི་ཕ་བཟང་བུ་མོ་དང་མར་ཁ་ཚང་གི་རྒྱུད་བཟང་བུ་མོ། བར་མ་བར་གི་ཐུགས་བཟང་བུ་མོ་སོགས་གཅིག་ལ་མི་རིག་མི་རེག་པ་འདི་ཡ་མཚར་རེད་ཡ། འགྲོག་ཤེས་ན་མོ་བརྒྱ་བརྩེ་བ་དང་འགྲོག་མ་ཤེས་ཕོ་རྐྱང་ཁེར་འདུག་ཟེར་བ་དེ་འདྲ་ཡོད་པ་རེད་ཐལ། གྲོགས་པོ། འཐུང་རྒྱུ་ཆུ་ལས་མེད་ཀྱང་། མཉམ་ཟ་མཉམ་འཐུང་བྱེད་དགོས་ཟེར་ནི་ཞིག་གི་རྗེས་ལ་སོང་ན་དགའ་ནི་རེད། སྒོར་མོ་རིག་ན་རྒོད་མ་འི་ལོག་འགྱོ་ནིའི་བུ་མོ་ཚོ་གཏན་གྱི་མདུན་མ་ལ་མི་བཟང་ཡ། ངོ་མ་ཡིན། འགྲོག་གི་འགྲོག་གི་སོང་ན། འདི་ཅན་པོ་འདིའི་སེམས་བསམ་པའི་གཏིང་ཡོག་ཟིག་ན་སྐྱོན་ཟིག་ཡོད་ཡ། མྱི་ཚེ་ཕར་ལ་བཞག ཉིན་མ་གཅིག་ལ་མཉམ་དུ་འདུག་འདོད་མེད་ནིའི་ཞེ་ཁ་ཟིག་སྐྱེས་མི་ཡོང་རྒྱུ་མི་དཔེ།

  2. ཉི་འོད་གྲོངས says:
    2012-11-23 at 5:42 am

    ཕ་བཟང་གི་བུ་ཁྱོད་ཁྲེལ་མེད་མ་ཞིག་ལ། དེ་ལྟར་དགའ་བ་ལས་ཁྱི་མོ་ཞིག་བྱམས་པོ་བྱེད་པ་ཅིས་མི་དགའ། ཁྱི་དུད་འགྲོ་ཡིན་ན་ཡང་བདག་པོའི་བཀའ་དྲིན་རྟོགས། འཛམ་བུ་གླིང་འདིར་མི་ཁ་ཤེས་ཀྱིས་བ་ཕྱུག་སོགས་ལ་གཉེན་སྒྲིག་བྱས་པ་མཐོང་གསལ་ལ་ཁོང་ཚོ་རྒྱུ་ཅི་ཞིག་གིས་དེ་འདྲ་དྲན་པ་ང་ཚོས་ཤེས་དགོས། དེ་ནི་བུ་མེད་ཟེར་བ་གཡོ་་རྒྱུ་ཆེ་བ། མགོ་བདེ་དྲན་འཁྲུལ་མྱུར་བས། ཁྲག་དང་རྣག་གི་བསགས་པའི་འབྱོར་པ་དེ་ཚོ་སྲུང་ཡག་ཆེད་་དང། བུ་མེད་ལ་ཡིད་ཆེས་མེད་པ་གསལ་བོར་མཚོན་བྱེད་ལ་ངོས་རྒོལ་གྱི་སླད་དུ་། གླང་བུ་སོགས་གཉེན་སྒྲིག་བྱས་པ་ཅི་ལ་མིན། དེ་ཕྱིར་རྗེ་མི་ལས། གྲོགས་དང་པོ་ལྷ་མོ་འཛུམ་དཀར་མ། བར་དུ་མེད་ཐབས་མེད་པ་ཡིན། ཐ་མ་བདུ་མོ་ངོ་ནག་མ། རང་སྲོག་གཅོད་པའི་གཤེད་མ་ཡིན་གསུང་པ་མི་བདེན་ནམ། བདུད་མོ་དེ་དང་ཁ་བྲལ་བ་དེ། གྲོགས་རང་གི་ཕལ་ཆེར་བསོད་བདེས་མོ་མཐར་སྐྲོད་བྱས་པ་མིན་འདྲོ་། བཀྲ་ཤིས་བདེ་ལེགས་ཞུ།

  3. གཅན་འོད་འབར། says:
    2012-11-23 at 6:56 am

    བཀླགས་ཡོད། ཚོར་བས་ཕྱུགས་པའི་སྙན་ངག་ཅིག་རེད་འདུག་པས་སེམས་ནས་དགའ་སོང།

  4. ཨ་རིག་དགེ་མཐོང་གིས། says:
    2012-11-23 at 7:32 am

    རྩོམ་ཡིག་འདི་ལབ་རྩེ་ཚང་གིས་གོ་བསྒྲིགས་འོག་སྙིང་གི་ཚིལ་ལུ་ཞེས་པའི་འགྲན་བསྡུར་སྐབས་ཨང་དང་པོ་ཐོབ་པའི་རྩོམ་ཡིག་དེ་ཡིན་པས་ཡང་དང་བསྐྱར་དང་བཀླགས་ཤིང་ཚོར་བས་རབ་དང་རིམ་པར་བཟི་མྱོང་། ཨ་གངས་ཀྱི་སྡུག་བསྔལ་དག་ངག་ཕྲེང་གི་ལམ་ནས་བརྗོད་པའི་བརྩེ་དུངས་ཀྱི་རླབས་སྒྲ་དངོས་གནས་དེ་རེད།

  5. བན་དེ་བ། says:
    2012-11-23 at 8:34 am

    ཨ་ཙི་སྙིང་གི་ཚིལ་ལུ་ད་ཡག་མོ་ཅིག་མ་རེད། བོད་པས་གཅེས་ཤིང་བརྩེ་བའི་་བུ་དང་བུ་མོར་སྙིང་གི་ཚིལ་ལུ་ཞེས་སུ་གང་ཡག་ཡིན་ཁུལ་གྱིས་འབོད་ཀྱང། དེང་སྨན་པ་མཁས་པ་དང་ཕྱི་རྒྱལ་བ་ཚོས་སྙིང་ལ་ཚིལ་ལུ་ཞིག་བསགས་ན་ད་ཚར་བ་རེད། སྙིང་ལ་ཚིལ་ལུས་གཡོགས་ཏེ་སྙིང་རྩ་འགག་སྟེ་ཉེས་ན་སྲོག་ལ་ཐུག་པ་དང། སྟབས་ལེགས་ན་ལོ་ཤས་ལས་འཇིག་རྟེན་འདིར་གནས་མི་ཐུབ་པ་ཡིན་པར་བཤད། ད་སྙིང་གི་ཚིལ་ལུ་དེ་ཚོ་བཅོས་ཐབས་བྱེད་དགོས། གཅེས་ཤིང་དམར་བ་དང་བརྩེ་བ་བྱེད་ནས་གང་ཡོང། སྙིང་གི་ཚིལ་ལུ་ཡོད་མཁན་ཚང་མ་ལུས་སྦྱོང་ཡག་པོ་གྱིས། སྨན་དཔྱད་གང་མྱུར་བསྟེན་ན་མ་གཏོགས། འཆི་ཉེན་ཆེའོ།

  6. ལུང་རྟོགས། says:
    2012-11-23 at 10:19 am

    མི་དང་སྒོར་མོ་གཉིས་ནས་སྒོར་མོ་གདམ་མཁན་དེ་ནི་ནམ་ཡང་ཡིད་ཆེས་མི་རུང་བའི་བུད་མེད་ཐ་ཤལ་ཞིག་རེད། འདི་ངོ་མ་ཡིན་ན་ཁྱོད་ནི་ཇི་འདྲའི་མི་ལྐུགས་པ་ཞིག་རེད།

  7. གངས་དཀར་རྒྱལ་སྲས། says:
    2012-11-23 at 12:48 pm

    རང་ཉིད་ཀྱི་བརྩེ་དུང་འཇུག་ཡུལ་ལམ་ཆེས་དགའ་ས་དེ་རང་ལ་མ་ཐོབ་པར་མ་ཟད། སེམས་སོང་གང་དེའི་ངོས་ནས་ཁྱོད་ཀྱི་བརྩེ་དུང་ཁྱད་གསོད་དང་འབུར་འཇོམ་གྱིས་ཁྱོད་རང་མིག་ནང་ལ་མ་བཞག་པར་ཁྱོད་ཀྱི་རིག་ས་ནས་དགའ་རོགས་གྲངས་ཀྱིས་འདྲེན་ན་ཁྱོད་གཉིས་དགྲ་རུ་འགྱུར་སྲིད་དམ། དེ་ལྟར་བྱས་ན་ཁྱོད་ཀྱིས་ད་དུང་སྔར་བཞིན་བརྩེ་འདང་གི་རྒྱུན་སྐྱོང་རྒྱུ་ཡིན་ནམ། ཡང་ན་ལམ་གཞན་ཞིག་ནས་སེམས་སོང་གང་དེར་ལྟ་ཚུལ་ཇི་ལྟར་འཛིན་རྒྱུ་ཡིན།

  8. རྒོད ། says:
    2012-11-24 at 10:49 am

    གངས་དཀར་རྒྱལ་སྲས་ལགས ། ང་ཡང་ཁྱེད་དང་འདྲ་བའི་བརྕེ་དུང་ཞིག་ནང་འཚོ་ཞིང་ཡོད ། འོན་ཀྱང་མོ་རང་ཉིད་ལ་མ་དབང་བ་དེ་རྒྱུ་མཚན་དུ་བྱས་ནས་ནམ་ཡང་ཁོ་མོར་འཁང་ར་དང་ཚིག་ཟ་བྱེད་མ་མྱོང་། དེ་བས་ཁྱེད་དང་འདྲ་བར་ངས་རང་ཉིད་ཀྱི་སྙིང་གི་གཡུགས་མཚམས་མཐའ་མ་དེ་བར་ཁོ་མོར་དགའ་རྒྱུའི་དམ་བཅའ་བཞག་ཡོད ། ཡི་ཤུའི་གསུང་ཞིག་ནང་” བརྩེ་གདུང་ནི་ནམ་ཡང་རང་ཤེད་དང་བྲལ་ཞིང་གཏོང་ཕོད་ཅན་ཞིག་རེད །”ཅེས་གསུངས་ཡོད ། དེར་བརྟེན་ང་གཉིས་ལ་ཁོ་མོ་གཉིས་མ་དབང་ཡང་མ་མཐར་ང་གཉིས་ཀྱིས་རང་ཤེད་བྲལ་ཞིང་གཏོང་ཕོད་ཆེ་བའི་བརྕེ་གདུང་ཞིག་བཅང་རྒྱུ་རག་པར་དགའ་བ་སྒོམ་དགོས་ངེས །
    ཟིན་འགོད་པ་ཁ་ཤས་ཀྱིས་བུད་མེད་འདི་རིགས་ཁྱི་མོ་ལས་སྡུག་རབས་བཤད་འདུག་པར་མི་དེ་དག་ནི་བརྩེ་གདུང་ཞེས་པའི་དོན་མི་ཤེས་མཁན་འབའ་ཞིག་ཡིན་ངེས །།

  9. གངས་དཀར་རྒྱལ་སྲས། says:
    2012-11-25 at 12:08 am

    རེད་ཡ། རྒོད་ལགས། ཁྱོད་ཀྱིས་བཤད་པ་ངོ་མ་རེད། ཡིན་འང་ང་ཁོ་མོར་སེམས་ནས་དགའ་ཞིང་སྙིང་ནས་སྡང་གི། དེ་ག་འདྲ་ཞིག་རེད་ཟེར་ན་ངས་ཀྱང་བཤ་མི་ཤེས་ཀི་ཡ། ད་དེའི་སྐོར་བཤད་ནང་གང་ཡོང་་་་་་་

  10. ཀརྡོ་གཉེར་ཕྱག་པ་ says:
    2012-11-25 at 12:37 am

    ང་ཡི་དུག་གསུམ་རྒྱས་པའི་དུས། །
    རྡ་སའི་བུད་མེད་རྒྱགས་ལུག་མ། །
    སྙིང་གི་ཚིལ་ལུ་རྒྱས་པའི་དུས། །
    ང་གཉིས་ཕྲད་ན་ལས་འཕྲོ་རེད། །

  11. འདྲེ་རྐང་ཐོ། says:
    2012-11-25 at 12:43 am

    བུ་མོ་དེར་་་ཁྱེད་ལ་ཟུག་པའི་བརྩེ་དུང་ངོ་མ་ཞིག་ཡོད་ན་་་་ནམ་ཡང་སྒོར་མོ་སོགས་ཀྱི་རྗེས་སུ་ཨེ་འགྲོ་མི་ཤེས་པས་་་་སྒྲུང་འདི་གླིང་གེ་སར་རྒྱལ་བོའི་སྒྲུང་འདྲ་མ་ཞིག་ཡིན་ས་རེད་དོ།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-11-25 at 1:37 am

    སྙིང་གི་ཚིལ་ལུ་ལགས།
    ཁྱོད་རང་ང་ཡི་སྙིང་གི་ཚིལ་ལུ་རེད། །
    ཁྱོད་རང་མེད་ན་ང་ནི་འཆི་རྒྱུར་ངེས། །
    ཁྱོད་རང་མ་འཕྲད་ལོ་ཟླ་གྲངས་གྲངས་ནས། །
    ང་ཡི་གཟུངས་ཟད་ངོ་གདོང་འདི་ལ་ལྟོས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme